ལས་སྣ་ཚོགས་ཀྱི་དཀའ་སྡུག་ཁྲོད་ནས།།
སྐུ་ཤ་རུས་ལ་བསེར་མ་ལངས་པས།།
སྲེད་ཚོགས་དྲུག་གི་ནད་ངན་སྤངས་ཏེ།།
ཁམས་དུག་ལྔ་ཡི་འཆིང་ཐག་བཅད་སོང་།།
ཕ་མེས་པོ་ཡི་ཡིད་བཞིན་ནོར་བུ།།
ཅང་མ་ཐོབ་པའི་ཁྱོར་བ་སྟོང་ཡང་།།
ཡིད་སྐྱོ་གདུང་གི་སྒེའུ་ཡོལ་མ་བརྒྱབ།།
སྤྱན་ཟུང་འཇུག་གི་ཆར་བ་བྲལ་ཡོད།།
ཕྱི་འཁོར་བ་ཡི་ཁྱིམ་གཞིས་དོག་ཀྱང་།།
ནང་སེམས་ཉིད་ཀྱི་ནམ་མཁའ་ཡངས་པ།།
ཚེ་མི་རྟག་པའི་གློག་འགྱུ་ཁྲོད་ནས།།
སེམས་འཇིགས་མེད་ཀྱི་གོ་ཁྲབ་ཐོགས་མཁན།།
ལས་དཀར་ནག་གིས་རྗེས་བདའ་བྱས་རུང་།།
ལམ་དྲང་མོ་ལ་ཐོགས་པ་མེད་དོ།།
ས་བྱང་ཐང་གི་བཞད་པ་རང་བྱུང་།།
བོད་བསིལ་ལྡན་གྱི་གླུ་བ་གྲགས་ཆེན།།
གངས་བུ་ཡུག་ལ་དུང་སེམས་མཐོ་བ།།
སྟོད་རྫ་ལུང་གི་མི་ཡི་རི་དྭགས།།
ཡབ་སྒྲ་བསྒྱུར་གྱི་རྗེས་ཤུལ་ཟིན་པའི།།
ཕ་བཀའ་བརྒྱུད་པའི་གཙུག་གི་ཉི་ཟླ།། |