ནམ་ལངས་མ་ཐག ཚེ་རིང་སྒེའུ་ཁུང་གི་ཉེ་འགྲམ་དུ་སོང་ནས་ཕྱིར་དྲན་གང་མང་ཞིག་བྱེད་ཀྱིན་ཡོད་ལ་རང་ཉིད་སློབ་གྲྭར་འགྲོ་མ་ཐུབ་པའི་སྡུག་གཏམ་ཡོད་ཚད་ད་སོ་མར་སའི་གོ་ལའི་གདོང་ཐད་དུ་ལངས་པའི་ཉི་མར་ལབ་ཀྱིན་འདུག ཨ་ཕ་ཡར་ལངས་ནས་ཁ་ཏོན་འདོན་འགོ་བརྩམས། ཨ་མས་ཁྱིམ་ལས་ཙག་ཙིག་དེ་ལས་ཚར་རྗེས་ཆུ་ལེན་དུ་འགྲོ་བཞིན་འདུག ནམ་ལངས་མ་ཐག ཚང་མས་རང་ཉིད་ཀྱི་འཚོ་གནས་གསར་བ་ཞིག་རྙེད་སོང་བ་ཇི་བཞིན་ཁོམ་སོང་བ་མི་འདུག རྩྭ་དང་རྩི་ཤིང་ཐམས་ཅད་ཅིའི་ཕྱིར་བད་ཀྱིས་བཟུང་ཟིན་པ་རེད། མདང་ནུབ་ཁ་བ་ཡང་མ་བབས་ལ་ཙག་རླུང་ཀྱང་མི་འདུག ཟླ་བ་དང་སྐར་མས་ཀྱང་ང་ཡི་སྒེའུ་ཁུང་གི་མིག་མདུན་ན་འཁྲབ་སྟོན་བྱེད་ཀྱིན་པ་མ་ཡིན་ནམ། ཁོ་ཚོ་ཅིའི་ཕྱིར་བད་ཀྱིས་བཟུང་ཟིན་པ་རེད། ཚེ་རིང་སྒེའུ་ཁུང་གི་གདོང་ཐད་དུ་ལངས་ནས་འདང་མང་པོ་ཞིག་བརྒྱབ་རྗེས། འོ། ད་ནི་ངས་ཤེས་ཡོད། མ་གཞི་ཁོང་ཚོ་མདང་ནུབ་སེམས་འགུལ་གྱིས་མནར་ནས་མིག་ཆུ་བཞུར་སོང་བ་རེད་ལ། དེ་རིང་ཉི་མ་ཡོང་ན་ཁ་ལག་ཞིག་བཀྲུ་ཞོར་དོ་དགུང་ཡང་བསྐྱར་མཚན་ལྗོངས་སྐྱིད་པོ་དེར་རེ་སྒུག་བྱས་ཡོད་པ་སེམས་ཐག་བཅག་ཆོག དེ་ལྟར་བསམ་བཞིན་མུ་མཐུད་དུ་སྒེའུ་ཁུང་གི་ཐད་དུ་ལངས་ནས་ལྟད་མོར་བལྟས། ཏག་ཏག་སྐབས་དེར་ཨ་ཞང་བསམ་འགྲུབ་བཟི་ནས་རང་ཁྱིམ་ལ་བུད་སོང་། ཨ་ཞང་བསམ་འགྲུབ་ཅིའི་ཕྱིར་བཟི་འདུག་པ་ཡིན། མ་གཞི་ནར་སོན་ན་ནམ་རྒྱུན་ཆང་གིས་བཟི་དགོས་པ་ཨེ་ཡིན། ཨ་ཞང་བསམ་འགྲུབ་རིག་གནས་ཀྱི་ཆུ་མཛོད་ཆེན་པོ་ཞིག་ཡིན། ཁོས་ད་ལོར་དགའ་རྟགས་མང་པོ་བླངས་ཡོད་ཀྱང་། ཁོས་ཅིའི་ཕྱིར་ནམ་རྒྱུན་ཆང་འཐུང་ནས་བཟི་འདུག་པ་ཡིན། ཨ་ཕས་བཤད་ན་ཆང་འཐུང་བ་ནི་བླུན་རྨོངས་པའི་བྱ་སྤྱོད་ཁོ་ན་ཞིག་ཡིན་ཚུལ་དང་སྡུག་པ་ཆེ་ཚུལ་སོགས་མང་པོ་ལབ་སོང་། དེ་ཡང་ཅིའི་ཕྱིར་ཡིན་ནམ། དྲི་བ་འདི་དག་ཚེ་རིང་ལ་མཚོན་ན་ཆེས་དཀའ་གནས་སུ་གྱུར་འདུག དུས་ཚོད་ཕྱེད་ཀ་ཙམ་འགོར་རྗེས། ཚེ་རིང་གིས་ཡང་བསྐྱར་བསམ་བློ་གཏོང་འགོ་བརྩམས། ཨ་ཨ། ང་རང་ཞོགས་པར་དགའ་བ་དེས་གང་ཟག་ཡོད་དོ་ཅོག་ཞོགས་པར་དགའ་བ་གཏན་ནས་མི་མཚོན། ཞིབ་འདང་ཟབ་མོ་བརྒྱབ་ན་ང་ཡང་ཞོགས་པར་དགའ་དགོས་པའི་གནས་ལུགས་ཞིག་ཡེ་ནས་བཙལ་རྒྱུ་མི་འདུག དེ་རིང་རྩི་ཤིང་མང་པོ་ཞིག་འཆི་བའི་ཉིན་མོ་ཡིན། དེ་རིང་གང་ཟག་གང་མང་ཞིག་འཆི་བའི་ཉིན་མོ་ཡིན། དེ་རིང་ནི་སྐར་མ་ཇེ་ཉུང་དུ་འགྲོ་བའི་ཉིན་མོ་ཡིན། ང་ཅིའི་ཕྱིར་ཞོགས་པར་དགའ་དགོས་པ་རེད། ཨ་ཕའི་ཁ་ཏོན་འདོན་པའི་སྒྲ་དེ་ངའི་རྣ་བའི་ནང་ལྷུང་གྱིན་ལྷུང་གྱིན་ལྷག་དུ་ང་རང་ཞོགས་པར་དགའ་དགོས་པའི་རྒྱུ་མཚན་ཞིག་མི་རྙེད་པར་འདུག གང་ལྟར་ད་ནི་ཞོགས་པའི་མཛེས་སྡུག་དང་མི་མཛེས་པ་ཡོད་ཚད་ཉིན་གུང་གིས་འཕྲོག་ཟིན་པས་ཟ་མ་ཟ་བར་བྱ། དེ་ལྟར་ཟེར་བཞིན་སྒེའུ་ཁུང་དང་ཁ་བྲལ་ནས་ཁྱིམ་ལ་ཐོན། ཨ་ཕས་ང་ལ་“དེ་རིང་ང་རང་གཉེན་ཉེ་ཞིག་གི་འདས་སྐར་ལ་འགྲོ་དགོས་པས་ཁྱིམ་སྲུང་བྱོས”ཟེར། ཨ་མས་སྐད་ཆ་མ་བཤད་མོད་རྣམ་འགྱུར་ལ་བལྟས་ན་མོ་ཡང་མི་ཁོམ་ཅི་ཞིག་ལ་འགྲོ་དགོས་ཟེར་བ་བློ་ཐག་ཆོད།
ཉིན་གུང་གི་དུས་ཚོད་སླེབས་བྱུང་། ཨ་མ་ཡང་ཁྱིམ་མཚེས་ཚང་ལ་སོ་མར་གཉེན་སྟོན་བྱེད་ལ་ཡོད་པའི་བུ་མོ་ཚེ་ལོ་སྐྱིད་ལ་ཁ་བརྡ་བྱེད་དུ་བུད་སོང་། ད་ནི་ཚེ་རིང་གཅིག་པུར་ལུས་ཡོད། ཁྱིམ་མཚེས་ཚང་གི་བྱིས་པ་དག་ཚེ་རིང་དང་མཉམ་དུ་གཏན་ནས་མི་འདུག དེའི་རྒྱུ་མཚན་ཚེ་རིང་གིས་ཁོ་ཚོར་དྲི་བ་འདྲ་མིན་མང་པོ་དྲིས་པ་དང་། ནམ་རྒྱུན་གང་ས་གང་དུ་ཧད་འགྲོ་བས་ཁོ་ཚོ་ཚང་མ་སུན་སྣང་སྐྱེས་ཡོད། རྒྱུ་མཚན་དེའི་དབང་གིས་ཚེ་རིང་ལ་མཚོན་ན་སྒེའུ་ཁུང་ཆུང་ཆུང་འདིར་ཞེན་ཆགས་བྱུང་བ་ཡིན་ལ་ཁོས་མ་ཤེས་པའི་དྲིས་ལན་གང་མང་ཞིག་ཀྱང་སྒེའུ་ཁུང་འདིས་གནང་བ་ཡིན། ཨ་ཕས་བཤད་ན་ཚེ་རིང་སློབ་གྲྭར་མི་གཏོང་བའི་རྒྱུ་མཚན་མ་འོངས་པར་ཁྱིམ་འཛིན་ཞིག་ཡོད་པ་ཁོ་གཅིག་པུ་ཡིན། དེ་བས་ངེད་རྒན་རྒོན་གཉིས་ཀ་ཁོ་ལ་ཐུག་ཡོད་ཟེར། གང་ལྟར་སློབ་མ་ཟེར་བ་འདི་ཚེ་རིང་ལ་མཚོན་ན་ཆེས་ཉན་འདོད་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་ཡོད། ཨ་མ་ཕྱིར་ཐོན་བྱུང་། ཁང་ཁྱིམ་ཆུང་ཆུང་འདི་གད་བརྡར་བྱས་ཚར་རྗེས། ཁོ་རང་ཉན་པར་སྤྲོ་བའི་གནའ་གཏམ་མང་པོ་བཤད་བྱུང་། ཚེ་རིང་དེ་མ་ཐག་མཚར་སྣང་ཞིག་དང་བཅས་ཏེ་མ་གཞི་འཇིག་རྟེན་ན་ངོ་མ་ལྷ་འདྲེ་ཡོད་ཟེར་བ་ཞིག་ཡོད་འདུག སྒེའུ་ཁུང་འདིའི་ཕྱི་རོལ་ནས་ནམ་ཞིག་ངས་ལྷ་ཟེར་བ་ཞིག་མཐོང་མ་ཐུབ་ཡང་འདྲེ་ཟེར་བ་ཞིག་མཐོང་ལོས་ཐུབ་འདོད་ཡོང་། ཨ་མས་གནའ་གཏམ་དེ་དག་བཤད་ཚར་ལ་ཉེ་དུས་ཉི་མ་སྐྲག་སྣང་གིས་ནུབ་རིའི་ཕགས་ལ་ཡིབ་སོང་། ཨ་ཕ་ཡང་བྲེལ་འཚུབ་ཞིག་དང་བཅས་ཏེ་ཕྱིར་ཁང་ཁྱིམ་ནང་ལོག་བྱུང་།
ད་ནི་མུན་རུབ་སོང་། ཉི་མ་བྲོས་སོང་ན་འཇིག་རྟེན་གྱི་གང་ཟག་ཡོད་ཚད་ཁོམ་སོང་བ་ཇི་བཞིན་སྒོ་དང་སྒེའུ་ཁུང་གཏན་ནས་གློག་འོད་ཉག་ཕྲ་བ་ཙམ་ལས་མཐོང་རྒྱུ་མི་འདུག ཨ་ཞང་བསམ་འགྲུབ་ཀྱིས་དཔེ་ཆ་ཞིག་བཟུང་ནས་སྤྱི་གླིང་ནང་ཐོན་བྱུང་། ཅུང་ཙམ་འགོར་ན་ཁོས་དཔེ་ཆ་བསྐྱུར་ནས་ཆང་འཐུང་ལ་བཟི་སོང་ན་སྐད་གསེང་མཐོན་པོས་སྙན་ངག་གྱེར་འདོན་བྱེད། ང་ཚོའི་སྡེ་བ་ཁོ་ལ་སུན་དགོས་པའི་རྒྱུ་མཚན་འདི་ཡིན་ལ། ཆུང་མས་ཁོ་རང་བསྐྱུར་འགྲོ་བའི་རྒྱུ་མཚན་ཡང་ཆང་འཐུང་རྒྱུ་མང་སོང་བས་ཡིན། དེ་ཡིན་ཙང་། ཁོས་ད་དུང་མིའི་རིགས་ལ་རྒོལ་ལན་གཏོང་གི་ཡོད་ལ་རང་ཉིད་ཕམ་སོང་བའི་ངོ་གདོང་སྐྱོ་བོ་དེ་གར་ཡང་བསྟན་མ་མྱོང་། དོ་ནུབ་ལྟ་བུར་མཚོན་ན་ཡང་ཚང་མས་གློག་སྒྲོན་གྱི་འོག་ཏུ་དེ་རིང་གི་ཡོང་སྒོ་དང་འཚབ་སྒོ་སོགས་གླེང་གི་ཡོད་ངེས། ཕར་བལྟས་ན་ཁྱིམ་སྡེ་ཚང་མ་ལྷིང་འཇགས་གེར་ཡོད་མོད། ཚེ་རིང་བཞིན་དུ་ནམ་མཁའི་ཟླ་བ་དང་སྐར་མའི་འགུལ་བསྐྱོད་ལ་ལྟ་མཁན་ཨ་ཞང་བསམ་འགྲུབ་མ་གཏོགས་མི་འདུག།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
|