中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ལོ་མཇུག་གི་རྟེན་འབྲེལ།
དུས་ཚོད།2016-11-23 09:47:09     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཚེ་རིང་དོན་གྲུབ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
   དུས་ཚོད་ཟེར་བ་འདི་དངོས་གནས་ཇི་འདྲའི་མགྱོགས་པ་ལ་ཨང་།  ཤེས་མེད་ཚོར་མེད་ཀྱི་ངང་ནས་ད་ནི་ལོ་མཇུག་གི་དུས་ལ་སླེབས་པ་དང་།  གནམ་ལོ་གསར་ཚེས་ཀྱི་བར་ལ་ཏག་ཏག་ཟླ་ངོ་གཅིག་ལྷག་ལས་མི་འདུག
   ང་རང་ཉིད་ལ་མཚོན་ན།  ད་ལོ་བཀྲ་ཤིས་པའི་ལོ་ཞིག་ཡིན་པ་དང་།  མི་ཚེའི་གོ་རིམ་ཁྲོད་ཀྱི་ཆེས་དོན་སྙིང་ལྡན་པའི་དོན་དག་འགའ་ལ་རྟེན་འབྲེལ་གྱི་འབྲས་བུ་སྨིན་སོང་།  ད་ལྟ་རང་ལ་དབང་བའི་བདེ་སྐྱིད་འདི་དག་ནི་རང་གི་ཕ་མ་དང་ཁྱིམ་མི།  སྤུན་ཟླ་དང་ཤ་ཉེ་རྣམས་ཀྱིས་དུས་རྒྱུན་རོགས་སྐྱོར་དང་སེམས་ཁུར་བྱས་པ་ལས་ཐོབ་པ་ཡིན་ལ།  དྲིན་ལན་འདི་དག་ནམ་ཡང་རང་གི་སེམས་སུ་ཉར་ཡོད།  ལོ་རེ་རེར་ཕར་བསྐྱོད་ན།  རང་གི་སེམས་ལའང་བསམ་ཚུལ་མི་འདྲ་བ་རེ་རེ་སྐྱེས་ཡོང་བ་རེད།  ལྷག་པར་ཏུ་མི་ལོ་སོ་གཉིས་ལ་སླེབས་པའི་ད་ལོར་རྒྱལ་ཐང་ཡུལ་ནས་རང་ལ་ཆུང་མ་བླངས་ཏེ་གཉེན་སྒྲིག་གཟབ་རྒྱས་ཤིག་བྱས་ཤིང་།  ད་ནི་བུ་ཡང་སྐྱེས་ནས་ཟླ་ངོ་དྲུག་ལ་སླེབས་རན་ཡོད།  ཐོག་དང་པོར་གནས་འདིར་ཡོང་དུས་རང་གི་སེམས་ལ་དམིགས་ཡུལ་ངེས་ཅན་ཞིག་མེད་པར་དུས་ཚོད་མང་ཤོས་ཤིག་རྩེད་འཇོ་ལ་གཡེང་ནས་འགོར་བ་དང་། སེམས་ལ་གནོན་ཤུགས་ཀྱང་མ་སྐྱེས་པར་ད་དུང་ཡིད་ཚིམ་ཚིམ་གྱིས་འཚོ་བ་རོལ་བ་ཡིན།  གཉེན་སྒྲིག་བྱས་རྗེས་ད་གཟོད་རང་ལ་འདུག་སའི་ཁང་བ་ཞིག་དང་མ་འོངས་པ་ན་བུ་འཚར་ལོངས་བྱུང་དུས་ཁོར་ཡུག་སྐྱིད་པོ་ཞིག་དང་།  བུ་ལ་སློབ་གསོ་བཟང་པོ་ཞིག་བཏང་ནས་ཡ་རབས་ཚུལ་ལྡན་གྱི་མི་ཞིག་བྱ་དགོས་ཚུལ་སོགས་ལ་མཚམས་རེར་འདང་རྒྱག་པ་ཡིན།
   འཚོ་བའི་གོ་རིམ་ཁྲོད་ཆེས་གོམས་མི་རུང་བ་ནི་ལེ་ལོ་དང་སྒྱིད་ལུག་ཡིན་ལ།  འདི་ལ་གོམས་ན་ཕམ་ཁ་མྱོང་བར་ཐེ་ཚོམ་ཅི་ཡང་མེད།  རྒྱལ་ཁ་ནི་བརྩོན་འགྲུས་ཅན་དང་གྲ་སྒྲིག་ཅན་ལ་དབང་བས།  དེའི་ཕྱིར་རང་གིས་ཀྱང་འཚོ་བའི་ཁྲོད་ནས་གང་ནུས་ཀྱིས་ལྷག་བསམ་བཟང་པོ་བཅངས་ཏེ་ཕྱོགས་གང་ཅིར་འབད་བརྩོན་བྱས་ན་འདོད།  ཡིན་ཕྱིར་ལོ་མཇུག་སླེབས་ཐེངས་རེར་བདག་གིས་སེམས་ཅན་ཀུན་བདེ་ཞིང་སྐྱིད་པ་དང་།  ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ནི་ངའི་ལོབས་ཕྱོགས་སུ་གྲུབ་ཚར།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།