中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། སློབ་གསོའི་གས་ཁ།
དུས་ཚོད།2016-12-23 16:46:31     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། རྣོ་ངར། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
   དེ་རིང་ནི་ང་རང་བླ་བྲང་ལ་ཐོན་པའི་ཉིན་བརྒྱད་པ་སྟེ།  ནམ་མཁའ་སྔོ་ཞིང་དྭངས་ལ་དྲོད་གྲང་ཡང་ཧ་ཅང་སྙོམས།  རླུང་བུ་ཡང་མོ་ཞིག་གིས་འཇམ་མཉེན་ཁྲོད་ནས་ལན་རེར་ཁང་བའི་གྲུ་ཟུར་དག་གི་གཅིན་སྐྱག་གི་དྲི་མ་སྐྱུར་མོ་ཞིག་ཀྱང་རྣ་ལམ་དུ་འཁྱེར་འོངས། ཞོགས་པའི་ཉི་ཟེར་གྱི་ཀློང་ནས་ང་རང་སྲང་ལམ་དུ་ཟ་མ་འགའ་ཉོ་རུ་སོང་ནས་ཕྱིར་མལ་ཁང་དུ་ལོག་པ་ཡིན། ཏག་ཏག་ཕྱིར་མལ་ཁང་གི་སྒོ་ཆེན་དུ་འཛུལ་མ་ཐག་ངས་ཁང་བདག་ཨ་ནེ་ལགས་ཀྱིས་ལག་ལ་རྩྭ་ཕྱག་ཅིག་བཟུང་སྟེ་རང་གི་ཚ་བོ་ལ་ལན་གཅིག་བརྒྱབ་པ་མཐོང་བྱུང་། ཨ་ནེ་ལགས་ཀྱི་ཚ་བོ་ནི་ཕལ་ཆེར་ལོ་ན་བཅུ་ཡས་མས་ཤིག་རེད།  ངའི་ཕ་ཡུལ་ལ་མཚོན་ན་ལོ་ན་བཅུ་ཡས་མས་ཀྱི་བྱིས་པ་དག་ལ་སློབ་གསོ་གཏོང་སྟངས་ནི་དབྱུག་པའི་སློབ་གསོ་ཡིན་པས་སྐབས་དེར་ངས་ཧ་ཅང་རྒྱུན་ལྡན་དུ་བཞག་ནས་གོམ་ཁ་རང་གི་མལ་ཁང་གི་ཕྱོགས་སུ་བསྒྱུར་བ་ཡིན།  ཡ་མཚར་བ་ཞིག་ལ་བྱིས་པ་དེས་གློ་བུར་དུ་དབྱུག་པ་རིང་བོ་ཞིག་བཟུང་སྟེ་ཕྱིར་ཨ་ནེ་རྒན་མོ་དེའི་དབུ་ལ་ཤུགས་ཆེན་པོས་བརྒྱབ་ཅིང་དེར་མཐུད་ཕྲག་གོང་ལ་བརྒྱབ་པས་ཨ་ནེ་རྒན་མོ་དེ་ས་རུ་འགྱེལ་སོང་། སྐབས་དེར་ང་རང་ཅི་ཡིན་འདི་ཡིན་མེད་པར་བྱིས་པ་དེའི་ཕྱོགས་སུ་རྒྱུགས་པ་ཡིན་མོད།  ང་དེར་མ་ཐོན་བར་དུ་ཁོས་ཡང་བསྐྱར་ཨ་ནེ་རྒན་མོ་དེའི་རྒྱབ་ལ་ཤུགས་ཆེན་པོས་བརྒྱབ་སོང་།  དེ་ནས་ངས་བཙན་ཤུགས་ཀྱི་ངང་ནས་བྱིས་པ་དེའི་ལག་གི་དབྱུག་པ་འཕྲོག་པ་ཡིན། དབྱུག་པ་འཕྲོག་ཚར་རྗེས་ངའི་གྲོགས་པོ་ཞིག་ཀྱང་ཐོན་འདུག་པས་ངེད་གཉིས་ཀྱིས་ཨ་ནེ་ལགས་ཀྱི་མཆན་ལ་འཇུས་ནས་ཨ་ནེ་ལགས་ཡར་བསླངས་པ་ཡིན་མོད།  ཨ་ནེ་ལགས་ཀྱི་ཤེད་ཤུགས་སྔར་ནས་ཟད་འདུག  ཕར་བལྟས་ཚོད་དུ་ཁོ་མོ་ཡང་ཡ་མཚར་ཡིད་སྐྱོའི་གནས་སུ་ལྷུང་འདུག་པ་འདྲ།  གང་ལྟར་ངེད་གཉིས་ཀྱིས་ཨ་ནེ་ལགས་ཚ་ཐབ་སྟེང་དུ་བཞག་པ་ཡིན་ལ། ཁོ་མོའི་རེ་འདོད་ལྟར་མོ་རང་གི་བུ་ལ་ཁ་པར་ཞིག་ཀྱང་བཏང་བ་ཡིན།  ཡིན་ཡང་ཡིད་ཆད་པ་ཞིག་ལ་ཨ་ནེ་ལགས་ཀྱི་བུ་ལ་ཉམས་སྣང་ཅི་ཡང་མེད་པ་འདྲ་བས།  ངས་ཨ་ནེ་ལགས་ལ་སྨན་ཁང་དུ་འགྲོ་དགོས་ཚུལ་བཤད་པ་ཡིན་མོད།  ཁོ་མོ་ལགས་ནས་དང་ལེན་མ་བྱས་པས་མཐའ་མར་ང་རང་ཅི་བྱ་གཏོར་མེད་དུ་གྱུར།  ཚིལ་དྲེག་ཆགས་པའི་ཚ་ཐབ་དེའི་སྟེང་ནས་ཨ་ནེ་ལགས་ཀྱི་མིག་ནས་མཆི་མ་ཞིག་བཞུར་ཤིང་ཀླད་པའི་སྐྲ་ཉག་གི་གསེང་ནས་ཁྲག་དམར་ཞིག་ག་ལེར་བཞུར་བྱུང་།  ཉམ་ལྷོད་ཡིད་ཆད་ཀྱི་མིག་ཟུང་དེས་ང་ལ་མི་རབས་གསར་བའི་འཕེལ་རིམ་ནི་ཚ་རླབས་ལྡན་པ་ཞིག་ཡིན་ཡང་མི་རབས་གསར་བའི་སློབ་གསོ་ལ་གས་ཁ་ཤོར་གྱིན་པའི་གསལ་འདེབས་བྱས་ཤིང་།  དམར་སྨུག་གི་ཁྲག་ཐིགས་དེས་ཀྱང་ང་ལ་མི་རབས་གསར་བའི་འཚོ་གནས་ཀྱི་བླ་སྲོག་རྒྱ་ཡན་དུ་གྱུར་པ་ར་སྤྲོད་བྱས་སོང་།།  
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།