中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ཨ་ཕ།
དུས་ཚོད།2019-01-11 17:12:21     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཀླུ་ཤོད་སྙིང་དཀར། [བསང་ཆུ]    ཆུང་། | འབྲིང་། | ཆེ།
    སློབ་ཆུང་འགྲིམས་པའི་སྐབས་སུ་དགེ་རྒན་གྱི་དབྱུག་སྣེ་ནས་ངུ་བཞིན་བྲིས་པའི་རྩོམ་ཡིག་དེ་ནི་ངས་ཨ་ཕར་བཤད་པའི་ཡིག་ཐོག་གི་སྙིང་གཏམ་དང་པོ་ཡིན་ལ། དེ་ནས་བཟུང་ད་ལྟའི་བར་གཞུང་དངོས་ལས་ཁ་བྱང་རྫིག་པའི་སྙན་ངག་ཟེར་བ་ཞིག་བྲིས་ནས་ཁོ་བོས་ཅིས་ཀྱང་འབྲི་དགོས་པའི་ཐ་སྙད་ཅིག་བོར་ནས་ལོ་ངོ་མང་བོ་ཞིག་འགོར་ཡོད་པ་ཚོར་བྱུང་། ཕལ་ཆེར་ལོ་ངོ་ཉི་ཤུའི་རིང་དཔེ་ཆ་ཀློག་ཁུལ་རེ་དང་རྩོམ་ཡིག་འབྲི་ཁུལ་རེ་བྱས་མོད། དོན་དུ་ངས་རང་ཉིད་ཀྱི་ཉེ་འཁོར་ན་ཡོད་པའི་དཔེ་ཆ་ཚད་ལྡན་ཞིག་རྩ་བ་ནས་ཀློག་མི་འདུག
    ངའི་ཨ་ཕ་ནི་ང་བརྒྱད་ཀྱི་ཐན་པའི་ཁྲོད་ནས་འབུས་པའི་གསར་སྐྱེས་ཀྱི་མྱུ་གུ་ཞིག་རེད། མྱུ་གུ་དེ་ཡལ་འདབ་མཁའ་རུ་བསྲིངས་ཏེ་ལྗོན་པ་རུ་གྱུར་བའི་གོ་རིམ་ཀློང་དུ་བསྐྱིལ་ན་རྫིང་བུར་མི་ཤོང་བའི་མིག་ཆུའི་གཏམ་རྒྱུད་ཅིག་འཁྱིལ་ལ། བྲིས་ན་ཤོག་བུས་མི་འདང་བའི་འཇིགས་སྐྲག་གི་སྒྲུང་རབས་ཤིག་སྤུངས་ཡོད། འདི་ནི་ངའི་ཨ་ཕ་གཅིག་པུ་མ་ཡིན་པར་ཨ་ཕ་དང་དུས་སྐབས་མཉམ་པའི་མི་རབས་ཤིག་གི་མགོ་ལ་ལྷུང་བའི་ཆག་འཇིག་ཅིག་གམ་ལས་དབང་ཞིག་རེད།
    སུས་ཀྱང་དྲན་ངོགས་ནས་ཡལ་མི་ཐུབ་པའི་དུ་དྲེག་སྟེ་རིག་གསར་གྱི་རྡུལ་རླུང་འཚུབ་པའི་ཁྲོད་དུ། ཁོའི་ཁུ་བོ་སྦྱིན་པ་རྒྱ་མཚོ་ནི་རྙིང་བཞིའི་བསམ་བློ་མ་དག་པའི་གྲྭ་བཙུན་དྲིལ་བུ་སིལ་མཁན་ཞིག་ཡིན་ལ། མི་ཚོགས་ཀྱི་གཅར་རྡུང་དགག་གསུམ་བྱེད་སའི་ཤོག་བུའི་ཞྭ་མོ་གྱོན་མཁན་ཞིག་ཡིན་པས། ཁོ་རང་གྲོགས་ན་ཟླའི་གྲས་ནས་ཕྱི་རུ་ཕུད་ཅིང་སློབ་གྲྭ་ཞེས་པའི་ར་བ་གོར་གོར་དེ་ལ་རྡོག་པས་བརྫི་བའི་ལས་འཕྲོ་ཡོངས་སུ་ཆད། རང་ལོ་བཅུ་གཉིས་སོན་པའི་བྱིས་པ་དེ་གསར་བརྗེའི་སྙན་ཚིག་འདོན་པའི་གྱེར་འདོན་པ་ཞིག་ཏུ་མ་འཁྱོངས་ཀྱང་། རྟ་བོང་གི་སྲབ་དཀྱོགས་འཛིན་པའི་རོང་ཕྲུག་རྟ་རྫི་ཞིག་ཏུ་གྱུར་བར་མ་ཟད་ཁོའི་ཁུ་བོ་བཀའ་དྲིན་ཅན་བློ་གསལ་ཞེས་པའི་དགེ་སློང་དེའི་ཕྱག་ཕྱིར་འབྲངས་ནས་གསང་བའི་ངང་ནས་ཀ་ཁའི་རི་མོ་རྡོ་ངོས་ནས་སློབ་པའི་རྟེན་འབྲེལ་འགྲིག ཁོ་ནི་རྫ་ཆུ་འཐུང་ནས་ལུས་ལ་མདངས་རྒྱས་ཤིང་བྱ་སྐད་ཉན་ནས་ཉི་མ་རི་ལ་བདས་པའི་ཁེར་རྐྱང་གི་སྲོག་ཆགས་ཤིག་དང་ཇི་འདྲའི་མཚུངས་ཨང་།
    ཕྱོགས་བཞིའི་མུན་ནག་གི་སྒྲིབ་ཡོལ་དལ་གྱིས་ཕྱེས་ཤིང་སྲིད་ཇུས་ལྷོད་ཡངས་ཀྱི་ཉི་མའི་འཛུམ་ཞལ་སྤྲིན་པ་གྱེས་བྲལ་གྱི་བར་སྟོང་ནས་ཅུང་ཟད་མངོན་དུས། ཁོ་ནི་མཚང་མྱིང་ལ་ཨ་ཕ་མྱི་ནག་ཅེས་པའི་སྒྲུང་བ་རྒན་པོ་དེའི་སྒྲུང་དཔེ་རྐུ་མཁན་དེ་ཡིན་ལ། སྦྱོར་ཀློག་གི་གོམ་ཁ་འཁྱར་འཁྱོར་ངང་ནས་ཧོར་གླིང་གཉིས་ཀྱི་ས་མཚམས་ལ་ཐོན་དུས། ཁོས་གླིང་རྗེ་གེ་སར་རྒྱལ་བོའི་དཔའ་མཛངས་ལ་དད་གུས་སྐྱེ་ཞོར་ཧོར་སེར་གུར་དཀར་ལ་སྡང་སེམས་སྐྱེ་མྱོང་། ཕུ་བོ་རྒྱ་ཚའི་གྱེས་གདུང་ལ་མིག་ཆུ་འབྱིན་བཞིན་ལྷ་སྲས་དགྲ་ལྷ་རྩེ་བརྒྱད་པང་དུ་བསྡམས་མྱོང་། ད་དུང་ཤན་པ་ཉེས་མེད་ཡིན་ཚུལ་དང་ཁྲོ་ཐུང་གྱོད་འདྲེ་ཡིན་རབས། མགར་བཟའ་གཤིས་འཇམ་ཡིན་ཚུལ་དང་འདན་མ་དཔའ་བོ་ཡིན་རབས་སོགས་ཡིག་ངོ་ནས་ཤར་མར་བརྗོད་ཐུབ་པའི་ང་ཚོའི་སྡེ་བའི་ལོ་ན་ཆེས་གཞོན་པའི་སྒྲུང་བ་ཞིག་ཏུ་གྱུར། དངོས་གནས་གླིང་སྒྲུང་ནི་རིན་ཐང་གཞལ་དུ་བྲལ་བའི་དམངས་ཁྲོད་ཀྱི་བསླབ་དེབ་གལ་ཆེན་ཞིག་ཡིན་པ་ངའི་ཨ་ཕ་དང་ཨ་ཕ་ལྟ་བུའི་བོད་མི་ཡི་གེ་བ་མང་བོའི་ལོ་རྒྱུས་ཀྱིས་དཔང་བོ་ཉན་སྲིད།
    བོད་ཀྱི་གཏམ་དཔེ་ལའང་ཕོ་ལོ་བཅོ་བརྒྱད་སོན་དུས་བློ་ཕ་ལ་མི་འདྲི་ཞིང་མོ་ལོ་བཅུ་དྲུག་སླེབས་དུས་ཟས་མ་ལ་མི་སློང་ཞེས་པ་བཞིན། ངའི་ཨ་ཕ་ཡང་དཀའ་སྡུག་གི་འཚོ་བའི་བཙོ་སྦྱངས་ཁྲོད་གྲུབ་པའི་ངར་ལྕགས་བཞིན་རང་མགོ་ཐོན་པའི་དུས་སུ་སླེབས་ཤིང་། པད་མ་བཀྲ་ཤིས་ཞེས་ལག་དཔུང་བ་དང་བློ་རིག་པ་སོགས་གང་གི་ཐད་ནས་ཀྱང་སྟག་ཤར་རྣམས་ཀྱིས་ངག་ནས་མི་འཁྲོལ་ཡང་ནང་སེམས་ནས་ཁས་བླངས་ཤོར་བའི་ཕོ་རབ་ཅིག་ཏུ་ཆགས་འདུག རང་ལོ་བཅོ་བརྒྱད་ལ་བུད་པའི་དུས་སྐབས་དེར་ཤེས་རིག་སློབ་འདོད་ཀྱི་བཀྲེས་སྐོམ་གྱིས་མགྲིན་པ་བསྲད་ནའང་རེ་ཞིག་བྱ་ཐབས་མ་རྙེད་པར་ལུས། དེའི་ཚེ་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་རང་ཉིད་ཡལ་བར་དོར་བའི་དཔའ་བོའི་མཛད་རྗེས་གནམ་འོག་ཀུན་ལ་ཁྱབ་པའི་བཀའ་དྲིན་ཁྲོད་ཀན་ལྷོ་མི་རིགས་སློབ་གྲྭས་སློབ་མ་བསྡུ་བའི་གཏམ་བཟང་དབྱར་སྐྱེས་རྔ་སྒྲ་རྨ་བྱ་སྒེག་མོའི་ཡིད་ཀྱི་ཐིག་ལེ་རུ་སྦྲུམས་ཤིང་། ཁོས་ས་གནས་སློབ་ཆུང་གི་དགེ་རྒན་རེ་གཉིས་ལ་ཐབས་བཞག་པའི་རེ་བ་དོན་སྨིན་དུ་བྱུང་ནས་སློབ་གྲྭར་འགྲིམས་པའི་སྐལ་བཟང་མངོན་དུ་ཤར།
    1976ལོར་ལང་ཚོ་དར་ལ་བབས་པའི་གཞོན་ནུ་དེ་ཡུལ་མིར་གསང་སྟབས་ཀྱིས་མི་རིགས་སློབ་གྲྭར་ཞུགས་ཤིང་། སློབ་གྲྭ་དེ་ག་ནས་ཀྱང་དུས་ཚོད་དང་ལོ་ཟླ་ཆུད་ཟོས་སུ་མ་བཏང་བར་རང་ཉིད་ཡོང་བའི་དོན་གོ་སྙིང་ལ་བཅངས་ནས་ཀ་ཁ་ནས་དག་ཡིག་མཁས་པ་དགའ་བསྐྱེད་གཙོ་བོར་གྱུར་བའི་རྒྱ་ཡིག་དང་གྲངས་རིག་སོགས་བསླབ་བྱ་ཡོངས་ལ་སྦྱངས་པ་མི་དམན་པ་བྱས་ཤིང་། མུན་པས་ཉིན་བྱེད་ཀྱི་འོད་སྣང་འཕྲོག་པའི་མཚན་མོ་གཅིག་ཀྱང་རང་དགར་མ་བཏང་བར་ལམ་འགྲམ་གྱི་གློག་སྒྲོན་འོག་ནས་སུམ་རྟགས་ཀྱི་རྩ་བ་བློ་རུ་འཛིན་མཁན་གྱི་གྲས་སུ་ཡོད་ཅེས་ཁོའི་སློབ་གྲོགས་སུ་གྱུར་བ་རྒྱལ་མོའི་གཟུངས་འདུས་དང་དམེ་ཤུལ་སངས་རྒྱས་མཁར་གཉིས་ཀྱི་ཁ་བརྡ་ལས་གོ་མྱོང་། ད་དུང་དུས་སྐབས་དེར་ཁོ་ཚོའི་སློབ་གྲོགས་མང་བོ་ཞིག་དཀའ་སྡུག་ཆེ་བའི་ལོ་ཟླའི་དགུན་འཁྱག་དེ་མ་བཟོད་པར་ཕྱིར་བྲོས་སོང་མོད། ཨ་ཕ་དང་སྐོར་ཞིག་དཔའ་ཞིང་བསྲན་ཚུགས་པའི་ངང་ནས་ལུས་སོང་བར་འདུག 1979ལོར་སློབ་མཐར་ཕྱིན་པའི་ལོ་དེར་ཀན་ལྷོ་ཁུལ་ཡོངས་ཀྱི་ཡོན་ཚད་ལེན་པའི་སྤྱི་རྒྱུགས་ཁྲོད་ཨང་རིམ་ལྔ་བ་འཐོབ་ཅིང་། དེ་དང་མཉམ་དུ་འགྲིམ་འགྲུལ་གྱི་སྟབས་ཀ་མི་བདེ་ཞིང་ཕ་ཡུལ་དང་ཁ་ཐག་རིང་བའི་ཁོ་ཚེ་སློབ་གྲྭར་དགེ་རྒན་དུ་མངགས་སོང་། ཁོ་ཚེ་ནས་ཀྱང་སྦྱངས་པ་དོན་མེད་དུ་མ་བཏང་བར་ཕ་སྐད་ཀྱི་སློབ་ཁྲིད་སློབ་གསོས་རྔམ་མཐུག་པའི་མཚན་མོ་ཞིག་ལ་ཤེས་རིག་གི་འོད་སྣང་བསྩལ་མྱོང་ཞེས་ཁོས་མིག་གི་འབྲས་བུ་བཞིན་དུ་བསྐྱངས་མྱོང་བའི་སློབ་མ་ཞིག་གམ་ངའི་འགོ་ཁྲིད་དུ་གྱུར་བའི་ཁོ་ཚེ་དོན་ཐེ་ལགས་ཀྱིས་ཇ་ཐོག་གི་ཁ་བརྡའི་ཁྲོད་ནས་གླེང་མྱོང་བ་དེ་རིང་བཤད་པ་ཇི་བཞིན་བློ་ངོགས་ན་གསལ་བོར་འདུག་ལ། དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་རྩིང་བ་དཀོན་བྷེ་དང་ཁོ་ཚེ་འཛུམ་ཟེར། མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་འཇོག་དང་འཇོག་མུས་སུ་མཆིས་པའི་གནམ་ལྷ། ཀན་ལྷོའི་ཡིག་མཁན་གྱི་གྲས་ན་གདན་ཐོབ་མངའ་བའི་ཁོ་ཚེ་བསོད་ནམས་ཚེ་རིང་སོགས་ལ་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་གི་བགས་ཆགས་བཟང་བོ་བཞག་ཅིང་མི་ཚེ་ཐོས་པ་ལ་སྐུལ་བའི་སྒོ་མོ་དང་བོར་ཕྱེས་པ་སོགས་ནི་ཁོང་གི་གཡུར་ཟའི་འབྲས་བུ་ཞིག་ཏུ་ཅི་ལ་མི་བརྩི།
    ལོ་ངོ་བཅུ་ཡི་རིང་ལ་གཞོན་ནུའི་སོ་དཀར་གྱི་ལང་ཚོ་ས་སྨྱུག་དང་ལྷན་དུ་ཁོ་ཚེ་ནས་ཟད་ཅིང་། ལྷགས་རླུང་གི་ངར་ཁར་འགྲེང་སྟེ་རིགས་རྒྱུད་ཀྱི་མྱུ་གུ་སྐམ་དུ་མ་བཅུག་པ་ནི་ངའི་ཨ་ཕ་དང་ཨ་ཕ་ལྟ་བུའི་དགེ་རྒན་དེ་དག་གི་བརྩོན་འགྲུས་ཀྱི་སྟོབས་ལས་འཁྲུངས་པ་མངོན་སུམ་དུ་གྲུབ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁོང་ཉིད་ཕ་ཡུལ་གཉིས་པ་ལྟ་བུའི་ཁོ་ཚེའི་ཡུལ་ལུང་ལ་གྱེས་ཕྱག་ཕུལ་ཏེ་རང་གི་ཕ་ཡུལ་ཀླུ་ཤོད་དུ་ལོག་ཅིང་། མི་ལོ་ཉི་ཤུ་རྩ་གྲངས་ལྷག་ལ་གཉིད་ཆག་ཟས་བརྗེད་ཀྱིས་མིག་འབྲས་དཔེ་ཆ་དང་བྲལ་མ་མྱོང་ལ་བུམ་པ་གང་བྱོའི་ཚུལ་དུ་སྦྱངས་པའི་ཡོན་ཏན་ཡོད་ཚད་སློབ་མའི་ཤེས་པ་སྨིན་པའི་གསོས་སུ་དྲངས་ཡོད། དུས་དེར་སློབ་འབྲིང་སོ་སོ་ན་ཀླུ་ཤོད་ས་ཆའི་སློབ་མ་རྣམས་ཀྱི་སྐད་ཡིག་གི་རྨང་གཞི་ཤིན་ཏུ་བཟང་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར་བའི་དགའ་བ་རྒྱས་པའི་ཉི་མ་ཞིག་ཤར་ལ། ཉི་འོད་དེ་བསུ་མཁན་ནི་ངའི་ཨ་ཕ་གཙོ་བྱས་པའི་དོན་ལོ་དང་སྐལ་བཟང་རྒྱ་མཚོ། སྐལ་བཟང་ཚེ་རིང་། སངས་ལོ་སོགས་མི་རིགས་སློབ་གསོའི་ལས་དོན་ཉིད་རང་དོན་ཇི་ལྟ་བ་བཞིན་འཁུར་དུ་འཁྱེར་ཞིང་རྒྱན་དུ་བཟུང་བའི་དགེ་རྒན་རྒན་པ་འདི་དག་མ་ཡིན་ནམ། དེའི་ཕྱིར་ངའི་ཨ་ཕས་ཟླ་ཕོགས་ཀྱི་ཡོང་འབབ་ལས་བརྒལ་བའི་རིན་ཐང་མང་བོ་ཞིག་སྐྱ་ཆད་སྔོ་སྡུག་གི་ཡུལ་གྲུ་འདིར་ཕངས་མེད་དུ་བཏང་མྱོང་བ་ངས་ནམ་ཡང་རང་ཉིད་ཀྱི་གཟི་བརྗིད་དུ་འདོད་ཡོད། ལྷག་པར་དུ་ཨ་ཕའི་ཁྲིད་དབྱུག་ནི་སྔོན་གྱི་ཆད་པ་གཅོད་བྱེད་ཀྱི་ཁྲིམས་དབྱུག་ལྕི་མོ་དེ་མ་ཡིན་པར་བརྩེ་བ་དང་ལྷག་བསམ་གྱི་འོད་དཀར་འཚེར་བའི་དུང་གི་གླིང་བུ་ཞིག་ཡིན་པ་ག་ལེར་རྟོགས་སོང་ངོ་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།