中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ལམ་ཐུག་བུ་མོ།
དུས་ཚོད།2019-03-06 09:04:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ང་ད་ནངས་སྔ་མོར་ཡར་ལ་ལངས།།
གཡག་ཁྲ་ཡག་ཞོན་ནས་ལམ་ལ་ཆས།།
ལམ་སྐྱ་མོ་ཁ་བས་བསུབས་ཡོད་རུང་།།
རས་དཀར་བོ་གཤག་བཞིན་ཐད་ལམ་དེད།།

ས་འབྲོག་ལུང་སྡེ་བའི་མདོ་ལ་ཐོན།།
སྡེ་འབྲོག་མོ་གསུམ་ལ་ལམ་ནས་ཐུག།
རྒྱབ་ཆུ་ཟོ་གསུམ་ལ་རྟེན་འབྲེལ་འགྲིག།
ངར་འདི་འདྲའི་རྟེན་འབྲེལ་འགྲིག་ནི་མེད།།

སྣ་ཅུང་ཙམ་འཐེན་ཞོར་གོང་ཉལ་བྱས།།
ང་ཅུང་ཙམ་དགོད་ཞོར་འཚམས་འདྲི་བྱས།།
དེའི་ཞོར་ལ་ཁོ་ཚོར་ལྟ་ཡག་བྱས།།
ནང་གཅིག་གིས་ངོ་རེ་ཚ་ཁུལ་བྱེད།།

ངོ་ཚ་ཁུལ་བྱེད་པའི་གསར་མོ་དེའི།།
རྒྱབ་ཆུ་ཟོ་ལྗིད་རུང་སྣང་དག་མེད།།
མགོ་སྒུར་ནས་རྐང་རྩེ་ས་ལ་འབྲད།།
ཁོག་ཟ་འཕྲུག་ཅུང་ཙམ་ཆེ་བ་འདྲ།།

མགོ་ཨེ་འགྱོག་བསམ་བཞིན་ཐད་ནས་བསྡད།།
གཏམ་ཀུ་རེ་ཁ་མཚར་ཞོར་ལ་བཤད།།
དེའི་ཞོར་ལ་མིག་གཉིས་ཡང་ཡང་འཁོར།།
བར་སྲུབས་ཀ་ཙམ་ཡང་ཨེ་རིག་བལྟས།།

མགོ་སྐེ་དཀྲིས་དཀྲིས་ནོ་གྲལ་དག་གི།།
མིག་ཁྲ་ཆུང་མ་གཏོགས་མི་རིག་གི།།
མིག་རྫི་མ་གླག་རྒོད་གཤོག་རྒྱོང་འདྲ།།
སྙིང་ལུ་གུ་འདྲ་ཞིག་འཁུར་བ་འདྲ།།

མིག་ཁྲ་ཆུང་གཟི་མིག་གཅིག་པ་འདྲ།།
འོད་ཐིག་ལེ་འདྲ་ཞིག་འཁོར་གྱིན་འདུག།
དེའི་དཀྱིལ་ན་རྣོ་བའི་མདའ་ཞིག་ཡོད།།
ཟུར་འཁོར་ཞོར་བར་ནས་འཕངས་བཞག་ཐལ།།

གཡག་རྭ་བར་བརྒྱུད་ནས་ཐོན་བཞག་ཐལ།།
རྒྱབ་མ་མོའི་རྩག་པ་ཕུག་བཞག་ཐལ།།
སྙིང་རྒྱལ་བོ་འདྲ་བོར་གཟས་བཞག་ཐལ།།
འཁོར་སེམས་བྱུང་མང་བོ་འཚབ་བཞག་ཐལ།།
འཁོར་དགེ་བ་བཅུ་བོ་ཐ་ར་ར།
ནང་འདོད་ཆགས་ཁེར་བོ་འཛུམ་དམུལ་དམུལ།།
དེའི་ཞོར་ལ་ཕྲག་དོག་འབུ་རུ་རུ།།
ང་གང་ལ་འཐེན་ན་ན་ར་ར།།

གཡག་སྣ་ལོ་ཅན་པོས་ཤེས་བཞག་ཐལ།།
མགོ་གཡུག་གཡུག་བྱེད་ཀྱིན་འགྲོ་རྩིས་བྱེད།།
ངས་གཡག་སྣ་མ་འཐེན་འགྲོ་ཞོར་ལ།།
མ་ལམ་ཐུག་བུ་མོར་མིང་ཞིག་དྲིས།།

མིང་ཧྲིལ་བོར་ཅི་ཟེར་མ་གོ་ཐལ།།
ཕྱིར་འཁོར་ནས་དྲིས་ན་སྟབས་བདེ་མིན།།
ཐུར་ཅུང་ཙམ་ཡོང་ནས་འཁོར་བ་ན།།
མོས་ད་རུང་ཤུལ་ན་བལྟས་ནས་འདུག།
(གཙོས་གྲོང་ཁྱེར་གྱི་གངས་ནོར་གཡོས་སྦྱོར་ལས་རིགས་སློབ་གྲྭའི་སློབ་མ་ངག་དབང་བརྩོན་འགྲུས།) 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།