中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། རང་ལ་གདམས་པ།
དུས་ཚོད།2019-04-02 17:17:20     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། འབོ་རའི་ཀླུ་འབུམ་བཀྲ་ཤིས། [བསང་ཆུ]    ཆུང་། | འབྲིང་། | ཆེ།
    ༡
     འཇིག་རྟེན་འདི་སུ་ལའང་དབང་ཆོག་པས་སུས་ཀྱང་དེ་ལ་བདག་སྐྱོང་བྱེད་ཆོག་ལ་དེ་ཡི་འཇིག་ཉེན་ལའང་སུས་ཀྱང་སེམས་ཁྲལ་བྱེད་ཆོག་ཆོག་རེད། དཔེར་ན། སྤང་ལྗོངས་ལ་མེ་ཏོག་དང་རྩྭ་རྩི་ཤིང་སྣ་ཚོགས་སྐྱེ་ཆོག་པ་ནང་བཞིན། འཇིག་རྟེན་གྱི་ཁམས་ཆེན་མོར་ཆོས་ཀྱི་ལྟ་བའང་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་འགྱུར་པ་ནི་སྨྲས་མ་དགོས་པ་ཞིག་རེད།
    དེ་བས། འཇིག་རྟེན་འདི་ནི་སེམས་ལྡན་སེམས་མེད་ཀུན་ལ་དབང་བའི་སྤྱི་ཚོགས་ཤིག་ཡིན་ཕྱིར། སེམས་དང་ལྡན་པའི་སྐྱེ་བོ་སོ་སོར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཚོ་བ་རོལ་ཚུལ་དང་བསམ་པའི་མཛེས་དཔྱོད། རང་གི་ཡུལ་སྲོལ་དང་མཐུན་པའི་རིག་གནས་ཀྱི་ཆོ་ག་སྤེལ་སྟངས། ཆོས་ལུགས་དད་མོས། ཐ་ན་འགྲོ་འཆག་ཉལ་འདུག་སོགས་རང་རང་གི་དགའ་སྐྱོ་ཆགས་སྡང་ལྟར་ཐ་དད་དུ་གྲུབ་ལ་རང་གི་དགའ་མོས་ཀྱི་ལམ་ལུགས་ལྟར་བསྙེགས་དང་སྙེག་བཞིན་པ་ནི་སྨྲས་མ་དགོས་པ་ཞིག་རེད་ཨང་།
    དེར་བརྟེན། ཁྱོད་ལ་གཞན་ཕན་འཁུར་ཁྱེར་གྱི་སེམས་བྱུང་བླ་ལྷག་ཅིག་ཡོད་གྱུར་ཀྱང་། ཁྱོད་ཀྱིས་སྤྱི་ཚོགས་སུ་སྨན་པའི་དགེ་ལས་ཅི་རིགས་བསྒྲུབས་དང་བསྒྲུབ་འགྱུར་ནའང་མི་སོ་སོའི་སེམས་ངོས་སུ་དགའ་སྐྱོའི་སེམས་ཚོར་དེའང་མི་འདྲ་རྣམ་པ་སྣ་ཚོགས་སུ་སྣང་བ་མ་ཟད། ཐ་ན། ཁྱོད་ཀྱིས་རང་ཉིད་གནས་སའི་ཁོར་ཡུག་ནས་གོང་འོག་བར་གསུམ་གྱི་མི་ཡོད་དོ་ཅོག་ལ་བབ་བསྟུན་གྱིས་བྱ་བ་ཅི་འདྲའི་ལེགས་པོ་རེ་བསྒྲུབས་གྱུར་ཀྱང་། ཁྱོད་རང་ལ་དགའ་མགུ་ཡི་རངས་དང་དད་སེམས་ཀྱིས་ཆེ་མཐོང་དང་གཟེངས་སུ་བསྟོད་མཁན་ཡོད་མེད་གཉི་ག་འབྱུང་སྲིད་པས། རང་ངོས་ནས་ཅིས་ཀྱང་རང་སེམས་རང་གིས་གཅུན་ཏེ་གཞན་གྱི་ཁ་སྒོའི་བསྟོད་སྨད་གཉིས་ཀའི་གཏམ་དེ་ཐོག་མ་ནས་རང་སེམས་སུ་དཔོག་ཞིང་རང་གནས་ནས་ཞི་འཇགས་དགོས་པའི་བསམ་པའི་སྙོམས་སྒྲིག་དེ་རང་ལ་ངེས་པར་ལྡན་དགོས་པ་བརྟག་དགོས་སོ།
                    ༢
    མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་བཞིན། མི་ཁ་ཤས་ཀྱི་མིག་ལམ་ནས་ཁྱོད་ལ་ཡིད་སྨོན་སྐྱེས་ཤིང་ཁྱོད་རང་ཁོ་ཚོའི་སེམས་སུ་རྒྱལ་ཁའི་ངང་འགྲེང་སྲིད་ནའང་། མི་ཁ་ཤས་ཀྱིས་ཁྱོད་ཉིད་སུན་གཙེས་གང་འདྲ་སྐྱེས་སུ་བཅུག་ཐུབ་སོང་ན་དེ་བཞིན་རང་གི་འདོད་དོན་འགྲུབ་པར་འདོད་པའི་བརྣབ་སེམས་བཅིང་བཞིན་པའང་མང་བས། རང་ཉིད་ཀྱིས་བློ་ཡངས་པས་ལྡོག་མེད་ཆོས་ཉིད་དུ་སོང་ཐལ་བའི་ངན་རིགས་ཀྱི་བྱ་སྤྱོད་གང་དང་འཕྲད་ནའང་རང་སེམས་དཔའ་ཚུགས་ཀྱིས་རིགས་འདི་རྒྱང་དུ་དོར་ཅི་ཐུབ་བྱ་དགོས་འདུག
    དོན་ཆེ་ཆུང་གང་ལ་འཕྲད་ཀྱང་ནམ་ཡང་སྒེར་དབང་གིས་བརྒྱ་ཁ་གཅིག་གཅོད་ཀྱིས་གཞན་གྱི་ངག་སྒོ་མི་བསྡམས་པར་རང་དང་ཉེ་བའམ་མི་ཉེ་བ་ཅི་རིགས་ལ་བརྣབ་སེམས་དང་གནོད་སེམས་མི་འཛིན་པའི་ངང་ཕན་ཚུན་ཞི་མཐུན་མཉམ་གནས་ཀྱིས་ཡོངས་ཁྱབ་རིན་ཐང་གི་བྱ་བའི་དོན་ཐོག་ནས་འགྲེང་ཞིང་བཟང་འདྲེས་སུ་ཡོང་རྒྱུ་ནི་རང་ཉིད་ལ་རྒྱལ་བའི་ལམ་སྣ་ཡག་ཤོས་དེ་དང་། ཁོད་ཡངས་ཀྱི་ལམ་ཆེན་ཞིག་འཚོལ་ཞིང་བགྲོད་པ་དང་མཚུངས་པར་སེམས་དགོས་སོ།
                  ༣
    མི་ལ་ལས་ཁྱོད་ལ་ཕྲག་དོག་གིས་ཞེ་སྡང་སློང་ངེས་ལ།  མི་ལ་ལས་ཁྱོད་རང་མཐོང་ཆུང་གིས་དམའ་འབེབས་བྱ་ངེས་རེད། ཐ་ན། ཁྱོད་རང་ལམ་ལ་བཞུད་པའི་སྐབས་སུའང་མི་གཞན་པས་ལམ་ནས་ཁྱོད་ཀྱི་ལམ་ཁ་ཕྱེ་མིན་ཅི་རིགས་ཡོད་སྲིད་པ་ནི་ཤེས་པར་མཛོད། རང་སེམས་རང་གིས་བཏུལ་ཏེ་རང་སེམས་མ་འཁྲུགས་པར་ངང་རྒྱུད་རྣམ་དག་ཅིག་བྱ་རྒྱུ་ནི་གཞན་སེམས་འདུལ་བའི་སྨན་མཆོག་ལྟ་བུར་བལྟ་དགོས་ལ། འཇིག་རྟེན་གང་གི་འཚོ་བའི་ཁོར་ཡུག་དང་མི་ཚེའི་རིན་ཐང་། བསམ་པའི་སྤྱོད་ཚུལ་འདྲ་མིན་གྱི་ཀློང་ནས་རིག་གནས་དང་སྐད་རིགས། མི་གཞི། གོམས་སྲོལ་གྱི་འཚོ་བ་སོགས་མ་གཞི་ནས་འགལ་འདུ་དང་ཟང་ཟིང་། གཡུལ་གྱི་འཐབ་ར་ལྟར་གྲུབ་པས་རྒྱལ་ཕམ་གདོང་ཐུག་གི་འགལ་ཟླ་ནི་སྐབས་དང་སྐབས་སུ་འབྱུང་བར་སྲིད། དེར་བརྟེན། ཁྱོད་དང་ངེད་ཀྱི་བཟོད་སྒོམ་དང་དཀྱེལ་ཡངས་ཀྱི་ལྟ་སྤྱོད་དེ་སྤྱི་སྒེར་དང་ཐུན་མོང་སོ་སོའི་ཞི་མཐུན་མཉམ་གནས་ཀྱི་འབྱུང་རྩ་གཙོ་ཤོས་སུ་གྲུབ་འདུག་པ་དེའང་ངེས་པར་ཤེས་དགོས་སོ།
                   ༤
    མདོ་ལས། སེམས་ཅན་མོས་པ་སྣ་ཚོགས་པས།། ཐམས་ཅད་མགུ་བ་སུས་ཀྱང་དཀའ།། ཞེས་གསུངས་པ་བཞིན། ཁྱེད་རང་ལ་བློས་གཏོང་གི་སེམས་བསྐྱེད་ཡོད་ཀྱང་། འཇིག་རྟེན་པ་བྱིངས་ཀྱི་འདོད་བློ་སྐོང་ཐུབ་པའི་ནུས་འཕྲུལ་དེ་རང་ལ་མ་ངེས་པས། རང་གཞན་ལ་བབ་བསྟུན་ངང་རང་གི་ནུས་ཚོད་ཀྱིས་སྲི་ཞུ་འོས་འཚམ་ཞིག་བསྒྲུབ་པ་ལས་གཞན་ལ་བསྟུན་ཆེ་ནས་རང་གི་གཉུག་གཤིས་ཀྱི་ཕུགས་འདུན་དེ་བརླག་པར་མ་རྩོམས། མི་སུ་ལའང་རང་ཉིད་ཀྱི་སེམས་འདུན་དང་རང་མོས་ཀྱི་རྩ་དོན་ཡོད་ངེས་པ་ལྟར། འཚོ་བའི་རྒྱང་སྐྱོད་ཁྲོད་དང་སྤྱི་ཚོགས་གང་རུང་ཞིག་ནས་རང་ཚུགས་མ་ཤོར་བར་གཞན་སེམས་མ་དཀྲུག་པའི་ངང་ནས་བདག་གཞན་མཉམ་གནས་ཀྱིས་འཚོ་གནས་བབ་ཆགས་ཤིག་ལ་བརྩོན་པ་ནི་བདེ་བའི་དབུས་ལམ་དམ་པའོ།
                   ༥
    ཉིན་མཚན་རེས་མེད་དུ་རང་སེམས་ཧམ་པས་གཅུན་ནས་ཉམ་ཆུང་གཞན་དག་ཟིལ་གནོན་བྱ་དགོས་མེད་ལ། དེ་བཞིན་དབང་གྲགས་སྒེར་སྡོམ་པའི་སྐྱེ་བོ་དག་གི་བཀའ་བགོས་འོག་ནས་འཚོ་འདོད་ཀྱི་བསམ་པ་དེའང་མ་ཡིན་པར། མི་ཚེའི་དོན་ལྡན་ལ་མངོན་འགྱུར་དང་རང་ཉིད་གཅེས་འཛིན་བགྱིས་ཏེ། མི་གཞིའི་རྩིས་ཐང་མ་བརླག་པའི་ལམ་ཁ་ནས་བརྟུན་པ་བརྟན་པོས་ལས་གང་ཞིག་བསྒྲུབ་པ་ལ་ཕྱིར་ལྡོག་མི་བྱ་རྒྱུ་ནི་མི་ཡུལ་གྱི་འགྲུལ་བཞུད་རྣལ་མ་དེ་ཡིན་པར་སེམས་དགོས་སོ།
                   ༦
    ནམ་རྒྱུན་དུ། གཞན་གྱི་ཁ་རྒྱུན་དུ་གནས་པའི་ཁྱོད་དང་ངེད་ཅག་ནི། དོན་དངོས་ཀྱི་ཁྱོད་དང་ངེད་རང་ཡིན་མི་སྲིད་དེ། མི་སོ་སོའི་གཅིག་མཚུངས་ཀྱི་མིག་དབང་ལ་གཅིག་མཚུངས་མིན་པའི་མིག་ཤེས་ཀྱི་ལོངས་སྤྱོད་རེ་དང་བསམ་པའི་ཁྱེར་ཕྱོགས་རེ་ཡོད་སྲིད་ལ། གཅིག་མཚུངས་ཀྱི་རྣ་དབང་ལའང་གཅིག་མཚུངས་སུ་མིན་པའི་ཐོས་ཚུལ་རེ་ཡོད། དེ་བཞིན་དུ། གཅིག་མཚུངས་ཀྱི་ངག་སྒོ་དང་གཅིག་མཚུངས་ཀྱི་སེམས་པ་དེར་མི་འདྲ་བའི་གླེང་གཞི་དང་ལྟ་སྟངས་རེར་གྲུབ་ཡོད། དེ་བས་ན། གཞན་གྱི་ཁ་རྒྱུན་ཁྲོད་ཀྱི་རང་ཉིད་ལ་བསྟུན་པ་ལས་རང་གི་སེམས་ནང་གི་རང་ཉིད་ངོ་མ་གཞལ་ཞིང་འཚོལ་རྒྱུ་དེ་ནི་གཙོ་བོའོ།
                   ༧
    ང་ཚོས་ཉིན་མཚན་ཁོར་མོ་ཡུག་ཏུ་འཚོལ་ཞིང་སྙེག་བཞིན་པའི་ཁྱོད་དང་ངེད་ཀྱི་དངུལ་ལོ་དེའང་། གཅིག་མཚུངས་ཀྱི་རིན་ཐང་ཡིན་ནའང་། མིའི་ཤེས་རབ་ཀྱི་བློ་མིག་གི་བར་ཐག་ན་མིའི་སྤྱོད་སྒོའི་བསམ་སྦྱོར་ལ་རྦད་ཀྱིས་འགལ་འདུ་རུ་གྲུབ་ལ། མི་ཆོས་ལྟ་ཚུལ་གྱི་ངོས་ནས་སོ་སོར་མི་འདྲ་བའི་སྤྱོད་སྟངས་རེ་གྲུབ་པས་གཅིག་མཚུངས་མིན་པའི་འཚོ་སྙེག་རེ་ངང་གིས་ཡོང་གིན་འདུག་ལ་མུ་ནས་འགྲོ་དགོས་པའང་ཆོས་ཉིད་དུ་གྲུབ་པས་དངུལ་ལོའི་མང་ཉུང་གཅིག་ཀྱང་རིན་ཐང་གི་བར་ཐག་དེ་རིང་ཐུང་ཅི་རིགས་སུ་སྣང་ངོ་།
    མདོར་ན། ངེད་ཅག་སུ་ལའང་ནམ་ཞར་དུ་འཚོལ་སྙེག་གི་འཐབ་རྩོད་ཀློང་ནས་མདུན་སྐྱོད་ཀྱི་བློ་སྤོབས་དང་བབ་བརླིང་གི་རང་ཚུགས། ཤེས་རབ་ཀྱི་བློ་འབྱེད་དེ་ལྡན་པར་བྱ་རྒྱུ་ནི་འདོར་དུ་མེད་པའི་མི་ཚེའི་གདམས་པ་དེ་ཡིན་ལ།མི་ཚེའི་ལས་འབྲས་དོན་སྨིན་ཡོང་བའི་གཞི་རྩའི་རྩ་བའང་དེ་ཡིས་གྲུབ་པར་སེམས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།