中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ཨ་ཁུ་ཐུབ་བསྟན།
དུས་ཚོད།2019-06-24 09:48:42     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། བྲན། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
    ༡
    ཨ་ཁུ་ཐུབ་བསྟན་ནི་དགོན་གསར་ལུང་རྟོགས་འཕེལ་རྒྱས་གླིང་ལ་ཚོགས་ཞུགས་བྱས་ཏེ་ལོ་ལྔ་ཕྲག་གཉིས་འགོར་ཡོད་ལ་དགོན་པ་འདི་ཁོ་ལ་མཚོན་ན་བཀའ་དྲིན་རབ་ཏུ་ཆེ་བའི་དགོན་པ་ཆུང་ཆུང་ཞིག་ཡིན། རྒྱུ་མཚན་ཨ་ཁུ་ཐུབ་བསྟན་ཆུང་དུས་ནས་ད་བར་དུ་དགོན་པ་འདི་ནས་འཚོ་བཞེས་གནང་སྟེ་ཤེས་རིག་གི་ལང་ཚོ་རྒྱས་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པས་རེད། ལོ་གཉིས་ཀྱི་ཡར་སྔོན་ནས་ཨ་ཁུ་ཐུབ་བསྟན་རྩོམ་རིག་གི་ལམ་ཁར་ཞུགས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཤིང་། དེ་དང་བསྟུན་ནས་ཨ་ཁུ་ཐུབ་བསྟན་གྱི་ལྟ་བ་གསར་རྙིང་གི་འགལ་འདུ་དེ་རིམ་གྱིས་དགོན་པ་འདིའི་ཤེས་ཡོན་པ་སྡེ་ཁག་གི་གླེང་གཞིར་གྱུར་པ་མ་ཟད། ཨ་ཁུ་ཐུབ་བསྟན་གྱིས་རང་གི་ལྟ་བར་སྒྲོག་འདོན་དང་གཞན་གྱི་ལྟ་བ་ཐེར་འདོན་བྱས་ཏེ་དགག་རྩོམ་འགའ་ཤས་ཀྱང་བྲིས། ཨ་ཁུ་ཐུབ་བསྟན་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་བའམ་སྦྱངས་སྟོབས་ཀྱི་ཡོན་ཏན་རྒྱས་པ་གང་ཡིན་ཆ་མི་འཚལ་མོད། རིག་གནས་ཆུ་ཚད་ཀྱི་ཆ་ནས་གཞན་ལ་ངོ་གནོང་མི་དགོས་པར་འདུག ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་གིས་བཤད་ཀྱིན་པ་ནི་ཨ་ཁུ་ཐུབ་བསྟན་ལ་སྡོམ་པ་མེད་ཚུལ་དང་། ཁོ་ཇོ་མོ་ཆོས་དབྱིངས་འཛོམས་སྐྱིད་ལ་ལུས་འབྲེལ་ཡོད་ཚུལ་བཤད་ཀིན་འདུག་པར་མ་ཟད། ཨ་ཁུ་ཐུབ་བསྟན་གྱིས་སྐད་འཕྲིན་དང་ཡིག་ཟམ་གང་རུང་བརྒྱུད་ནས་ཇོ་མོ་དེར་འཕྲིན་ཡིག་མང་བོ་བསྐུར་ཡོད་པ་ལས་འགའ་ཤས་ཤིག་ཕྱི་ལ་ཤོར་ནས་མི་ཚང་མས་མཐོང་མྱོང་། གཞན་ཡང་། ཨ་ཁུ་ཐུབ་བསྟན་གྱིས་ཆགས་རྩོམ་མང་བོ་བྲིས་པ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།
                   ༢
    ཨ་ཁུ་ཐུབ་བསྟན་གྱི་ཨ་ཕའི་མིང་ལ་ཚེ་འབུམ་དང་ཨ་མའི་མིང་ལ་པདྨ་འཚོ་ཟེར་ཞིང་། ཁོ་གཉིས་ལ་བྱིས་པ་གསུམ་སྐྱེས་ཤིང་། ཨ་ཁུ་ཐུབ་བསྟན་ཆུང་དུས་མིང་ལ་སྟག་འབྲུག་ཐར་ཟེར། བཤད་ཚུལ་ལ་ཁོ་རང་དགུན་གཞུང་ཞིག་ལ་སྐྱེས་ཤིང་ཉིན་དེར་འབྲུག་གྲགས་ཤིང་ཆར་བ་ཟམ་ཟིམ་བབས་པས་ཀུན་གྱིས་གཞན་དང་མི་འདྲ་བའི་བྱིས་པ་ཡ་མཚན་ཞིག་རེད་ཅེས་གླེང་གིན་འདུག
    དུས་དེ་ནས་བཟུང་སྟག་འབྲུག་ཐར་གྱི་ཕ་ཚེ་འབུམ་དང་། མ་པདྨ་འཚོ་གཉིས་ཀྱིས་ཀྱང་རང་གི་བུ་འདི་བྱིས་པ་གཞན་དང་མི་འདྲ་བར་གཅེས་སྐྱོང་དང་གཙང་སྦྲ་བླ་ལྷག་བྱས་པ་རེད། ཕ་ཚེ་འབུམ་གྱིས་བཟའ་མི་ཚང་མ་འཛོམས་པའི་དགོང་མོ་ཞིག་ལ་ཁ་ཞབས་གཉིས་དངུལ་གྱིས་ཤན་པའི་ཅ་ནེ་ཞིག་གི་ནང་དུ་འོ་ཇ་འཐུང་ཞོར། འུ་ཚང་གི་སྟག་འབྲུག་ཐར་སྐྱེ་དུས་རྟགས་དང་མཚན་མ་མང་བོ་ཡོད་པས་འདི་ཨ་ལགས་ཤིག་གི་སྤྲུལ་སྐུ་ཡིན་ཁོ་ཐག་ཡིན་ཞེས་བཤད། སྐབས་དེར་ཆུང་མ་པདྨ་འཚོས་ཐབ་ན་ལྷོག་ལྷོག་ཏུ་གདུ་བའི་འོ་ཇ་དེ་ཚེ་འབུམ་ལ་ལྡུག་ཞོར། འོ་ལེ། འུ་ཚང་གི་སྟག་འབྲུག་ཐར་མ་སྐྱེས་སྔོན་ལ་ངས་རྨི་ལམ་ཡ་མཚན་མང་བོ་རྨིས་བྱུང་ཟེར།
    ཚེ་འབུམ་གྱིས་ཆུང་མ་པདྨ་འཚོས་བླུགས་མ་ཐག་པའི་འོ་ཇར་ཧུབ་གཅིག་བཏབ་རྗེས། འུན། ངོ་མ་སྟག་འབྲུག་ཐར་མ་འགྲོ་དྲུག་འདྲེན་པའི་བླ་མ་མི་ཉན་རུང་། འབངས་ཆོས་བཞིན་སྐྱོང་བའི་དགེ་སློང་ཞིག་ཉན་ཁོ་ཐག་ཡིན་ཟེར་བཞིན་གཡོན་ལག་གི་གོང་མཛུབ་སྟེང་གི་ཙནྡན་གྱི་ཕྲེང་བ་ཟད་པོ་དེ་མཐེབ་ཆེན་གྱི་སེན་མོས་བྲེལ་སྟོབས་ཀྱིས་འདེད་ཀྱིན་ངག་ནས་འབྲུ་མི་གསལ་བའི་ཁ་བཏོན་ཞིག་འདོན་བཞིན་མིག་ཟུང་བཙུམས་ནས་བསྡད།
                   ༣
    སྟག་འབྲུག་ཐར་ལོ་བརྒྱད་ལ་སོན་པའི་ཉིན་མོར་ཕ་ཚེ་འབུམ་གྱིས་དཀར་ཡོལ་ཁ་གཙང་ཞིག་གི་ནང་ལ་འོ་མ་གང་བླུགས་ཏེ་སྟག་འབྲུག་ཐར་ལ་འཐུང་དུ་བཅུག་རྗེས་ཁྱོད་བྱ་ཞིག་ཡིན་རྒྱུ་ན་གཤོག་རྩལ་ངོམ་རན་དང་རྟ་ཞིག་ཡིན་ན་བང་རྩལ་ངོམ་རན་རེད་ཅེས་བཤད་ཞོར་སྟག་འབྲུག་ཐར་དགོན་གསར་ལུང་རྟོགས་འཕེལ་རྒྱས་གླིང་ལ་སྐྱེལ་རྒྱུའི་གྲ་སྒྲིག་བྱས། སྟག་འབྲུག་ཐར་གྱིས་གཏམ་དཔེ་དེས་དོན་ཅི་ཡིན་ལ་བསམ་བློ་མི་གཏོང་བར་སེམས་ལ་དགོན་པ་ན་ལྕང་མའི་རྟ་ཞོན་རྒྱུ་དང་། བྱིས་པ་མང་བོ་མཉམ་དུ་འཚོགས་ནས་ཁེད་རྡོ་འཕེན་རྒྱུ་སོགས་ཁོ་རང་དུས་རྒྱུན་རྩེ་རྒྱུར་ཧ་ཅང་དགའ་བའི་རོལ་རྩེད་དེ་དག་ཡོད་མེད་ལ་བསམ་བློ་བཏང་། དགོང་མོ་དེར་བཟའ་མི་ཚང་མ་འཛོམས་ས་ནས་ཕ་ཚེ་འབུམ་གྱིས་ཆུང་མ་པདྨ་འཚོ་ལ་དོ་དགོང་ཁྱོས་དགོང་ཟས་ཞིམ་པོ་ཞིག་སྐོལ་དང་སང་ཉིན་ཉིན་བཟང་སྐར་བཟང་ཞིག་ལ་འཁེལ་འདུག་པས་འུ་ཚང་གི་སྟག་འབྲུག་ཐར་དགོན་པར་བསྐྱལ་ཞེས་བཤད་ཞོར་སྟག་འབྲུག་ཐར་ལ་དགོན་པ་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་ཚུལ་སོགས་བཤད། སྟག་འབྲུག་ཐར་གྱིས་ཀྱང་། ཨ་ཕ་ཡ་ཡ་ཞེས་འཛུམ་དམུལ་དམུལ་དུ་བསྡད། ད་དུང་སྟག་འབྲུག་ཐར་གྱིས་སེམས་ལ་དོ་དགོང་ཨ་མས་དགོང་ཟས་ཞིམ་པོ་ཅི་ཞིག་སྐོལ་གྱིན་ཡོད་དམ་བསམ་ཞོར་ཕ་ཚེ་འབུམ་ལག་གི་ཁ་པར་བླངས་ཏེ་གླུ་གཞས་ཨ་ཁུ་པདྨ་ཟེར་བ་དེ་ཉན་ཞོར་གནམ་ལྡིང་ས་ལྡིང་བྱེད་བཞིན་བསྡད། མ་པདྨ་འཚོས་སྟག་ཐར་ལ་དམིགས་གསལ་གྱིས་མེ་གོར་(མེ་གོར་ནི་ཕྱེ་ལེབ་སྲབ་མོའི་བར་ལ་ཤ་བཅུག་སྟེ་མེ་ནང་ལ་བསྲེགས་པ་ཞིག་གོ)ཆུང་ཆུང་གཉིས་བསྲེགས། མེ་གོར་ནི་སྟག་འབྲུག་ཐར་ཆེས་དགའ་སའི་ཟ་མ་ཡིན་པས་ཁོས་དགོན་པ་ནས་ཀྱང་དུས་རྒྱུན་མེ་གོར་ཟ་ཐུབ་རྒྱུ་རེད་བསམ།
                   ༤
    ཞོགས་པའི་ཉི་རྩེ་དང་ལྷན་དུ་མ་པདྨ་འཚོས་འོ་མའི་མཆོད་ཁ་འཕངས་ཤིང་། ཕ་ཚེ་འབུམ་གྱིས་བསང་ཕུད་དེ་ལྷ་བླ་མ་ཡི་དམ་དཀོན་མཆོག་ལ་རང་གི་བུ་འདི་མ་འོངས་པར་བླ་མ་ཞིག་གི་སྤྲུལ་སྐུར་ངོས་འཛིན་རྒྱུའི་བཅོལ་གདམས་བྱས། དེ་ནས་བསང་ཁྲི་ལ་སྐོར་བ་གསུམ་བྱས་ཏེ་ཁྱིམ་ལ་ལོག་ནས་ནང་ཇ་འཐུང་མགོ་བརྩམས། ཚེ་འབུམ་གྱིས་དེ་རིང་གི་ནངས་ཇ་འདི་གཞན་དང་མ་མཚུངས་ན་ཆོག་མོད་ཅེས་བཤད། འོན་ཀྱང་པདྨ་འཚོས་ཁོས་ཅི་ཞིག་བཤད་བཞིན་པ་ཧ་མ་གོ་བས་ཁ་ཡ་མ་བྱས་པར་བསྡད། སྟག་འབྲུག་ཐར་གྱིས་མགོ་ཀྲོག་ཀྲོག་གིས་སྒོར་རྒྱུགས། ཁྱིམ་ལ་རྒྱུགས། ཡར་ལྟ་མར་ལྟ་བྱེད་པའི་རྣམ་འགྱུར་ལ་བལྟས་ན་ཕ་ཚེ་འབུམ་ལ་ང་རང་མྱུར་དུ་དགོན་པར་སྐྱོལ་ཟེར་བ་དང་ཨ་ན་མ་ན་རེད།
    ཕ་ཚེ་འབུམ་གྱིས་ཀྱང་བུ་ཆུང་དགོན་པར་འགྲོ་བར་བྲེལ་བ་ལངས་བཞིན་པ་ཤེས་པས་ལམ་ལ་ཆས་དེ་དགོན་གསར་ལུང་རྟོགས་འཕེལ་རྒྱས་ལ་གླིང་གི་ཕྱོགས་སུ་གོམ་ཁ་བསྒྱུར། ཚེ་འབུམ་གྱིས་རང་ཉིད་ལ་རྒྱུས་མངའ་ཡོད་པའི་དགོན་གསར་ལུང་རྟོགས་འཕེལ་རྒྱས་གླིང་གི་མཁན་པོ་ཟུར་བ་ཉི་མ་རིག་འཛིན་ཡོད་སར་སོང་ནས་ཁ་བཏགས་དཀར་བོ་ལྷ་དགུ་མ་ཞིག་ཕུལ་ནས་ཁོའི་བུ་འདི་རབ་ཏུ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་ཕན་ཨེ་ཐོགས་བསམ་པ་ཡིན་པས་མཁན་པོ་ཁྱེད་ཀྱིས་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་དུ་གཅེས་སྐྱོང་བྱེད་རོགས་ཞེས་པུས་མོ་ས་ལ་བཙུགས་ནས་ནན་གྱིས་ཞུས། མཁན་པོ་ཉི་མ་རིག་འཛིན་དང་ཚེ་འབུམ་གཉིས་དུས་རྒྱུན་འབྲེལ་བ་ཧ་ཅང་བཟང་བ་མ་ཟད། མཁན་པོ་ཉི་མ་རིག་འཛིན་ནི་ཚེ་འབུམ་ཚང་གི་ཨ་མཆོད་ཀྱང་ཡིན་པས་ཁོས་དེ་མ་ཐག་ཚེ་འབུམ་གྱི་རེ་བ་ཡོད་ཚད་ཁས་བླངས་པ་མ་ཟད་སྟག་འབྲུག་ཐར་གྱི་སྐྲ་བྲེགས་ཤིང་ལྭ་བ་བརྗེས་ཚར་རྗེས་ཤུགས་དམར་གྱིས་བཟོས་པའི་མཆོད་ཁང་དུ་ཁྲིད་ནས་རབ་བྱུང་གི་སྡོམ་པ་གནང་སྟེ་མིང་ལ་ཐུབ་བསྟན་ཞེས་བསྩལ།
                 ༥
    ཉིན་དེ་ནས་བཟུང་ཁོ་ལ་ཐུབ་བསྟན་ཞེས་འབོད་ཅིང་། ཁོའི་རྣམ་རིག་དང་ཞལ་རས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཡག་ཏུ་གྱུར་པས་ཕ་ཚེ་འབུམ་དང་མཁན་པོ་ཉི་མ་རིག་འཛིན་གཉིས་ཀྱང་ཧ་ཅང་དགའ་བཞིན་འདུག མཁན་པོ་ཉི་མ་རིག་འཛིན་གྱིས་ཐུབ་བསྟན་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ནས་མགོ་བཙུགས་ཏེ་འབྲི་ཀློག་གང་བསླབ་ནའང་ཁོའི་རྣམ་དཔྱོད་ཧ་ཅང་ཡངས་པས་དེ་མ་ཐག་ཏུ་འབྲི་ཀློག་སོགས་དཀའ་ཚེགས་ཅི་ཡང་མེད་པར་ཤེས་ཐུབ་པས་དགོན་པའི་བན་ཕྲུག་ཐམས་ཅད་ཀྱི་མིག་དཔེར་གྱུར།
    ཐུབ་བསྟན་དགོན་པ་འདིར་ཞུགས་པ་ནས་བཟུང་སློབ་གཉེར་གྱི་བསླབ་བྱ་གང་མང་ཞིག་གི་དབུ་བཟུང་བ་ནས་ད་བར་དུ་རྒྱུགས་འབྲས་ཨང་གཉིས་པའི་མན་ལ་ལྷུང་མ་མྱོང་། དེ་བས་ཐུབ་བསྟན་ལ་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མེད་ལ་མཁན་པོ་ཉི་མ་རིག་འཛིན་གྱིས་ཀྱང་བྱིས་པ་འདི་ཨ་ལགས་ཤིག་གི་སྤྲུལ་སྐུ་ཡིན་སྲིད་ཅེས་ཐེངས་གཅིག་ལ་བཤད་པས་ཐུབ་བསྟན་གྱིས་ང་རང་སྤྲུལ་སྐུ་ཡིན་ཞེས་པའི་གཏམ་གསར་དེ་དགོན་པ་འདིའི་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་ཀྱི་རླུང་ལ་བསྐུར་བས་ཀུན་ཀྱང་ཡ་མཚན་པར་གྱུར་ཏེ་ངོ་མ་ཁོ་སྤྲུལ་སྐུ་ཞིག་ཡིན་ནམ་ཞེས་བཤད།
                  ༦
    མིག་རྡེབ་དབང་ཙམ་གྱིས་ཐུབ་བསྟན་ཕོ་ལོ་ཉི་ཤུར་སོན་བྱུང་། ད་ནི་ཐུབ་བསྟན་གྱི་འགྲོ་འདུག་སྤྱོད་གསུམ་ནི་གྲྭ་བ་ཞིག་དང་གཏན་ནས་མི་འདྲ་བར་ནམ་རྒྱུན་རྒྱ་གྲོང་ཉུལ་ནས་འདུག་པ་ལས་དགོན་པའི་ནང་དུ་འདུག་རྒྱུ་ཧ་ཅང་ཉུང་། དེ་བས་སྔོན་ཆད་ཁོ་རང་སྤྲུལ་སྐུ་རེད་ཟེར་མཁན་ཐམས་ཅད་ཀྱིས་ད་ནི་ཐུབ་བསྟན་སྐུ་རྒོད་ལ་ཤོར་གིན་འདུག་ཅེས་འཕྱ་སྨོད་བྱེད་ཀྱིན་འདུག སྐབས་དེར་ཐུབ་བསྟན་རྩོམ་རིག་གི་ལམ་ཁར་ཞུགས་ནས་ཁོས་བྲིས་པའི་སྙན་ངག་རེ་འགར་སྤྱི་ཚོགས་སྟེང་ནས་དགའ་བསུ་ཐོབ། དེ་དང་བསྟུན་ནས་ཐུབ་བསྟན་གྱིས་མི་འདྲ་མིན་མང་བོ་ངོ་ཤེས་ཤིང་དེའི་ནང་ན་ལྟ་བ་མི་འདྲ་བའི་མི་སྣ་ཧ་ཅང་མང་བོ་ཡོད། སྟབས་ལེགས་པ་ཞིག་ལ་ཐུབ་བསྟན་ས་གནས་རིམ་པའི་རྩོམ་རིག་འགྲན་བསྡུར་ལ་ཞུགས་ཏེ་ཨང་དང་བོ་ཐོབ། དུས་དེ་ནས་བཟུང་ཚང་མས་ཐུབ་བསྟན་ལ་ཨ་ཁུ་ཐུབ་བསྟན་ཞེས་འབོད་ཅིང་ཨ་ཁུ་ནི་ས་ཆ་དེ་གའི་ཐུན་མིན་གྱི་གུས་ཚིག་ཅིག་ཡིན། ཁོ་རྩོམ་རིག་གི་ལམ་ཁར་ཞུགས་ནས་མཚན་དང་སྙན་གྲགས་ཅུང་ཟད་རྒྱས་པའི་སྐབས་དེར་སྐད་འཕྲིན་ཚོགས་པ་ཞིག་ལས་ཆོས་དབྱིངས་འཛོམས་སྐྱིད་ཟེར་བའི་བུ་མོ་ཞིག་ངོ་ཤེས་ཏེ་ཁ་ཁོག་གཉིས་སུ་མེད་པའི་གྲོགས་པོ་བཟང་བོར་གྱུར། ཆོས་དབྱིངས་འཛོམས་སྐྱིད་ནི་ས་དེ་གའི་ཇོ་ལོག་མ་ཞིག་ཡིན་ཞིང་མོས་ཨ་ཁུ་ཐུབ་བསྟན་ལ་མངོན་སུམ་འཛེམ་མེད་དུ་མོ་རང་སྔོན་ཆད་ཇོ་མོ་ཡིན་དུས་སྡུག་བསྔལ་ཇི་འདྲ་ཆེ་བ་དང་སྐྱེས་པ་ཇི་ལྟར་དྲན་ཚུལ། ཇོ་ལོག་བྱས་པའི་ཉིན་དེ་ནས་བཟུང་འཇིག་རྟེན་གྱི་བདེ་སྐྱིད་ངོ་མ་ནི་ཕོ་མོ་ལུས་འབྲེལ་བྱུང་བའི་སྐད་ཅིག་མ་དེ་ཡིན་ཚུལ་སོགས་བཤད་པས་ཆེས་སྤྱིར་བཏང་གི་སྐྱེས་པ་ཞིག་ལ་མཚོན་ན་འཇིག་རྟེན་འདིར་ཆེས་གཡོལ་དཀའ་བ་ནི་བུད་མེད་ཀྱི་བསླུ་བྲིད་ཡིན་པས་ཨ་ཁུ་ཐུབ་བསྟན་གྱིས་ཀྱང་དེ་མ་ཐག་ཏུ་ཁོ་རང་སྔོན་ཆད་ནས་གྲྭ་བ་བྱེད་འདོད་མེད་ཚུལ་དང་ད་བར་དུ་ཁྱེད་ལྟ་བུའི་མཛེས་སྡུག་ཕུན་སུམ་ཚོགས་པའི་བུ་མོ་ཞིག་ལ་མ་ཐུག་ཚུལ། གལ་ཏེ་ཁྱེད་དང་ལུས་འབྲེལ་ཐེངས་གཅིག་བྱེད་ཐུབ་སོང་ན་སང་ཉིན་ཤི་ཡང་འགྱོད་པ་མེད་ཚུལ་སོགས་ཆགས་གཏམ་མང་བོ་བཤད་པས་ཇོ་ལོག་ཆོས་དབྱིངས་འཛོམས་སྐྱིད་དང་ཨ་ཁུ་ཐུབ་བསྟན་གཉིས་ལ་ལྐོག་ནས་ལུས་འབྲེལ་མང་བོ་བྱུང་།
    ཕལ་ཆེར་འཇིག་རྟེན་འདིར་གསང་ཐུབ་པའི་དོན་དག་གཅིག་ཀྱང་མེད་པ་འདྲ་སྟེ། ཨ་ཁུ་ཐུབ་བསྟན་དང་ཇོ་ལོག་མ་ཆོས་དབྱིངས་འཛོམས་སྐྱིད་གཉིས་ཀྱིས་གསང་འབྲེལ་བྱས་ནས་ལོ་ངོ་གཅིག་ཙམ་འགོར་བའི་རྗེས་སུ་ཇོ་ལོག་མ་ཆོས་དབྱིངས་འཛོམས་སྐྱིད་ཀྱི་ཁ་པར་བོར་བརླགས་བྱུང་སྟེ་ཆོས་དབྱིངས་འཛོམས་སྐྱིད་དང་སྡེ་བ་གཅིག་པའི་གསར་བུ་ཞིག་གིས་རྙེད་བྱུང་། གསར་བུ་དེས་སྔོན་ཆད་ཆོས་དབྱིངས་འཛོམས་སྐྱིད་ལ་དགའ་རབས་དུང་རབས་མང་བོ་ཞིག་བཤད་ཀྱང་ཁོ་མོས་ཁ་ཡ་མ་བྱས་པས་ཁོས་ཐེངས་འདིར་བསམ་གཟས་ནས་ཆོས་དབྱིངས་འཛོམས་སྐྱིད་དང་ཨ་ཁུ་ཐུབ་བསྟན་གཉིས་ཀྱི་སྐད་འཕྲིན་ནང་གི་ཡི་གེ་ཡོད་ཚད་པར་བླངས་ནས་དྲ་ལམ་སོ་སོར་བཀྲམས་པ་མ་ཟད་སྐད་བཞག་ཡོད་ཚད་སྒྲར་བླངས་ཏེ་དྲ་ལམ་སོ་སོར་བཀྲམས། ཡིན་ཡང་ཨ་ཁུ་ཐུབ་བསྟན་གྱིས་དོན་དག་དེ་མ་གོ་ཁུལ་བྱས་ནས་འདུག་པ་ལས་ཁ་ཡ་གཏན་ནས་མི་བྱེད་པར་རང་ཉིད་ཀྱི་འཚོ་བའི་ཆེད་དུ་མུ་མཐུད་དུ་དགོན་པའི་ནང་དུ་བསྡད་པ་མ་ཟད། ད་དུང་མུ་མཐུད་དུ་སྙན་ངག་བྲིས་ཏེ་དུས་དེབ་སོ་སོར་སྤེལ་ནས་རང་ཉིད་ཀྱི་མཚན་སྙན་གྲགས་རྒྱས་པའི་ཕྱོགས་ལ་འབད་བཞིན་འདུག
                  ༧
    དགོན་གསར་ལུང་རྟོགས་འཕེལ་རྒྱས་གླིང་ནི་རི་བོ་གླང་ཆེན་ཉལ་འདྲ་ཞིག་གི་མཁལ་ཁུག་ན་ཁུ་སུམ་མེར་གཉིད་དུ་ཡུར་འདུག མཚམས་སྤྲིན་གྱི་ཕག་ན་ལྐོག་ལྟ་བྱེད་བཞིན་པའི་ཉི་ཟེར་གྱིས་གསེར་གྱི་རྒྱ་ཕིབས་ཅན་གྱི་འདུ་ཁང་ཀ་བརྒྱ་མ་ཞིག་གི་ནང་དུ་སྡོམ་པ་མེད་པའི་གྲྭ་བ་ཞིག་ཚོགས་ལ་ཡོང་ནས་ཆོས་སྐད་ལྷང་ལྷང་སྒྲོགས་བཞིན་པ་མཐོང་བས་སྐྱོ་སྡུག་གི་འོད་ཀྱི་ཟེགས་མས་རི་དང་སྤང་ཐང་ཀུན་གྱི་རྩྭ་དང་རྩི་ཤིང་ཐམས་ཅད་བསྲེགས་ནས་སེར་བོར་སྒྱུར་བཞིན་འདུག།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།