中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ཨ་མའི་དགོངས་པ།
དུས་ཚོད།2019-07-02 09:29:45     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། སློབ་མ་རྟ་མགྲིན་སྐྱབས།    ཆུང་། | འབྲིང་། | ཆེ།
    མི་ཡུལ་དུ་ལྷུང་བའི་ངུ་སྐད་ཐོག་མ་ནས་བཟུང་།  ཨ་མའི་བརྩེ་སེམས་ཟབ་མོ་བདག་གི་མཚར་སྡུག་ལང་ཚོ་དང་ནམ་ཡང་བྲལ་མ་མྱོང་ལ།  ཨ་མའི་སེམས་ཁོང་དུ་བུ་ཆུང་གི་གཟུགས་རིས་བོར་བའི་དུས་ཚོད་དེ་བས་ཀྱང་དབེན། ཨ་མའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེ་ངའི་གཞོན་དུས་ཀྱི་མིག་དཔེར་གྱུར་མྱོང་ལ།  མི་ཚེ་འདིའི་འོད་དུ་འཚེར་བའི་ལམ་སྟོན་གྱི་སྒྲོན་མེ་རུའང་གྱུར་མྱོང་།
    གྲོང་ཁྱེར་ནས་བོད་ལྭ་གྱོན་པའི་བུད་མེད་ཅིག་མཐོང་ཚེ།  བདག་ཡིད་ཀྱི་མེ་ལོང་ངོས་སུ་དང་པོར་འཆར་བ་ནི་མཐོ་སྒང་དུ་ནོར་ནག་གི་རྗེས་སུ་སྙེག་པའི་ཨ་མའི་གཟུགས་རིས་ཡིན།  ཁོ་མོས་དཀའ་སྡུག་ཡོད་ཚད་ཕྲག་ཏུ་བཞེས་ནས་བརྩེ་སེམས་ཀྱི་མིག་ཞགས་དུས་དང་རྣམ་པ་ཀུན་ཏུ་བུ་ཆུང་གི་ཕྱོགས་སུ་འཕངས་ཡོད་པས། ཨ་མའི་བརྩེ་སེམས་ཁྲོད་རྒྱང་ན་འཚོ་བའི་བུ་ཆུང་གི་མིག་ཀོང་ལས་མཆི་མ་མི་བཞུར་རང་དབང་བྲལ།
    སེམས་པ་ལྷོད་ལ་བབས་ནས།  འབྲོག་ཐང་དུ་གཏན་རྒྱུད་འཚོལ་བའི་ཆུང་ཆུང་བྱིས་དུས་ཀྱི་འཇིག་རྟེན་ལ་ཕྱིར་འདང་ཞིག་བརྒྱབ་ཚེ།  ད་ལྟ་གྲོང་ཁྱེར་དུ་སླེབས་པའི་བདག་གི་བགྲོད་ལམ་ནི་ངོ་མ་ཀྱག་ཀྱོག་ཆེ་བ་ཞིག་ཡིན་པ་གཞི་ནས་ཤེས།
    བཅོས་མ་མིན་པའི་འཇིག་རྟེན་འདིའི་ལྗང་མདོག་ཡོད་ཚད་ཨ་མས་བཏབ་པ་མིན་པའི་ངེས་ཤེས་ད་གཟོད་སྐྱེས་ལ།  ཨ་མས་བུ་ཆུང་གི་དོན་དུ་བྱམས་བརྩེ་དང་ལྷག་བསམ་ཡོད་ཚད་བསྐུར་ཅིང་།  དཀའ་སྡུག་མཐའ་དག་སྣང་མེད་དུ་བཞག་ནས།  རང་ལ་དབང་བའི་ལང་ཚོ་དུམ་བུ་དུམ་བུ་བྱས་ཏེ་བྱིས་པ་ཚོའི་མཚར་སྡུག་གི་རིན་ཐང་བསྐྲུན་པར་ཕངས་མེད་དུ་སྦྱིན་པ་རྟོགས་པས།  ཁོ་བོས་ནམ་ཡང་ཨ་མའི་དགོངས་པ་ནི་འཇིག་རྟེན་ན་ཆེས་རླབས་ཆེན་ཞིག་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲས་པ་ཡིན།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།