༄༅།། ངས་སློབ་སྦྱོང་བྱེད་དོན་ནི། - ལྷུག་རྩོམ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ངས་སློབ་སྦྱོང་བྱེད་དོན་ནི།
དུས་ཚོད།2019-07-12 11:48:38     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། མགོན་པོ་སྐྱབས། [ཀླུ་ཆུ]    ཆུང་། | འབྲིང་། | ཆེ།
    སུ་ཞིག་གིས་ཁྱོད་ཀྱིས་སློབ་སྦྱོང་བྱེད་དོན་ནི་ཅི་ཡིན་ཞེས་དྲིས་ཚེ། ངས་དེ་ལ་ལན་འདི་འདྲ་ཞིག་འདེབས་འདོད་དེ།
    ང་རང་ལོ་བཞིར་སོན་པ་ནས་ངེད་ཚང་གི་ཤུག་པའི་རྩམ་སྒམ་གྲུ་བཞི་དེ་ཅོག་ཙེ་བྱས་ནས་ཨ་མྱེས་ཀྱི་དྲུང་དུ་ཀ་ལི་སུམ་ཅུའི་ཀློག་སློབ་དུས། ཁོང་གིས་ང་ལ་ཁོ་བོ་ཁྱོའི་ལོ་ཚོད་འདི་ན་ཡོད་དུས་སུ་དཔེ་ཆ་ལ་དགའ་མོད།འོན་ཀྱང་མུ་གེ་དབང་གིས་སློབ་སྦྱོང་ཕར་བཞག་མི་དམངས་ཀྱི་ལྟོ་གོས་ཀྱི་གནད་དོན་དཀའ་ཚོད་འདུག ཁྱོད་ཀྱི་ཨ་ཕའང་ཆུང་དུས་ནས་སློབ་གྲྭར་ཞུགས་པའི་སྐལ་བ་བྲལ། དེ་བས་ཁྱོད་ནི་འུ་ཚང་གི་དཔེ་ཆ་བ་ཐོག་མ་ཡིན་ཞེས་བཤད་པ་དག་ཁོ་བོའི་ཡིད་ལ་ཡང་ཡང་འཁོར་བས་ཡིན།
    ངས་སློབ་སྦྱོང་བྱེད་དོན་ནི། རྒྱུན་དུ་ཨ་མྱེས་ཀྱིས་དཔེ་ཆ་འགའ་སྟོན་བཞིན། འདི་དག་ནི་ངས་ལོ་མང་པོའི་རིང་ཉར་བའི་རིན་པོ་ཆེ་ཡིན་ལ་ཁྱོད་ནི་གནམ་གྱིས་ང་ལ་བསྩལ་བའི་རིན་པོ་ཆེ་འདི་བཀོལ་མཁན་ཡིན་ཟེར་བའི་སྐད་ཆ་དེ་ཡང་ཡང་དྲན་པས་ཡིན།
    ངས་སློབ་སྦྱོང་བྱེད་དོན་ནི་ངེད་ཚང་གི་རྟེན་དང་བརྟེན་པ་ཉར་སའི་མཆོད་ཁང་དེའི་ནང་ན། རྡུལ་གྱིས་ཁེབས་པའི་གླེགས་བམ་མང་པོ་ཞིག་ཡོད་པ་དེའི་གླེགས་ཐག་བཀྲོལ་འདོད་པས་ཡིན།
    ངས་སློབ་སྦྱོང་བྱེད་དོན་ནི། ང་རང་གཉོམ་ལག་རྒྱས་སའི་ཕ་ཡུལ་གྱི་སྤང་ལྗོངས་དང་མཐིང་སྨུག་སྦྲ་ཁྱིམ་དེའི་ནང་ལ་ཤེས་རིག་གི་འོད་སྣང་རེ་སྒྲོན་ནས། སྔོན་ཐོན་གྱི་ལས་ལ་འབད་འདོད་པས་ཡིན།
    ངས་སློབ་སྦྱོང་བྱེད་དོན་ནི། དུས་རབས་ཉེར་གཅིག་གི་མཁའ་དབྱིངས་ནས་རང་ལམ་རང་གིས་བསྙེགས་ཤིང་རང་ཟས་རང་གིས་འཚོལ་ནུས་པའི་བྱ་གླག་གཤོག་རྩལ་ཅན་ཞིག་དང་། དུས་རབས་གསར་བའི་སྤང་ལྗོངས་ནས་བདེན་པའི་སྟོབས་དང་ལྡན་པའི་མྱུ་གུ་རྐང་གཅིག་ཏུ་འགྱུར་འདོད་པས་ཡིན།
     འོ། འདི་ལྟར་སེམས་ཚོར་ཤ་ར་རར་བརྗོད་དུས། ངའི་གམ་གྱི་གསན་མཁན་ཞིག་གིས་ལབ་རྐྱལ་ཞེས་གསལ་ལ་མི་གསལ་བའི་སྒྲ་ཞིག་ཐོས་འཛིན་གྱི་བུ་གར་འཛུལ། འོ་ན། ཆུང་ས་ནས་བཤད་ན་ངས་སློབ་སྦྱོང་བྱེད་དོན་ནི་རང་གི་དོན་ཡིན་ནོ།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།