中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ང་རང་སྨན་པ་བྱེད་རྩིས་ཡོད།
དུས་ཚོད།2019-07-19 15:14:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ང་ཚོ་མི་སུ་ཡིན་ནའང་ནར་སོན་རྗེས།  རང་ཉིད་ཀྱིས་ལས་འདོད་པའམ་བྱེད་འདོད་པ་རེ་ཡོད་པ་ལྟར།  ང་ཡང་དེ་ལས་མ་འདས་པར་ཆུང་དུས་ནས་སྨན་པ་ཞིག་བྱེད་རྩིས་ཡོད།  སྨན་པ་བྱེད་རྒྱུ་ནི་ངའི་མི་ཚེ་འདིའི་འདུན་པ་ཡིན་ལ།  ཕ་མས་ང་ལ་བཅངས་པའི་རེ་བའང་ཡིན།
    གཟའ་འཁོར་འདིའི་ནང་དུ་དགེ་རྒན་གྱིས་ང་ཚོར་བདེ་སྐྱིད་ནི་ཅི་ཞིག་རེད་ཅེས་པའི་དྲི་བ་ཞིག་བཏོན་ཏེ་བྱིས་སྒྲུང་ཞིག་བཤད། སྒྲུང་གཏམ་འདི་ནི་རིག་པའི་བུ་མོས་ལས་ལ་བརྩོན་པའི་ཕྱུགས་རྫི་བྱིས་པ་གསུམ་གྱིས་ཆུ་མིག་ཅིག་གཙང་སེལ་བྱས་པའི་དོན་བཟང་སྒྲུབ་པ་ལ་བསྟོད་བསྔགས་བྱས་ཤིང་། ཁོ་ཚོར་བདེ་སྐྱིད་ནི་གང་ཞིག་ཡིན་པ་རྟོགས་སུ་བཅུག་པའི་བྱིས་སྒྲུང་ཞིག་རེད། དགེ་རྒན་གྱི་སློབ་ཁྲིད་ལ་གསོན་ཉམས་ལྡན་ཞིང་བརྗོད་དོན་ལ་དོན་སྙིང་ལྡན་པ། བདེ་སྐྱིད་ནི་ངལ་རྩོལ་ལ་བརྟེན་དགོས་པའི་བླང་བྱ་དྲོན་མོ་ཞིག་ང་ཚོར་ཤེས་སུ་བཅུག  ཕྱུགས་རྫི་བྱིས་པ་གསུམ་གྱིས་རང་རང་གི་ས་ནས་བདེ་སྐྱིད་ལ་འཚོལ་སྙེག་བྱས་པའི་ལོ་བཅུའི་གྲུབ་འབྲས་ལ་རིག་པའི་བུ་མོ་དང་དགེ་རྒན་གྱིས་ཕྱོགས་བསྡོམས་བྱས་པ་ལ་བརྟེན་ནས།  ང་ལའང་སྨན་པ་བྱེད་རྒྱུའི་འདུན་པ་ཇེ་ཟབ་ཏུ་སོང་བ་མ་ཟད། རྨི་ལམ་དུའང་སྨན་པ་བྱེད་བཞིན་པ་ཐེངས་དུ་མར་རྨིས།
    ངོ་མ་བཤད་ན།  ང་ལ་སྨན་པ་བྱེད་རྒྱུའི་བསམ་བློ་ལྷད་མེད་ཅིག་ཡོད་ཀྱང་སློབ་སྦྱོང་གི་བརྩོན་པ་དང་སྦྱངས་འབྲས་སོགས་ཅུང་ཞན་པས།  ནམ་ཡིན་ཡང་སེམས་བདེ་ལ་འབབ་མི་ཐུབ་པ་ཞིག་རེད།  དགེ་རྒན་གྱིས་གནང་བའི་བསླབ་བྱ་དང་ཨ་ཕ་དང་ཨ་མས་བཅངས་པའི་རེ་བ་སོགས་ཡིད་ལ་དྲན་དུས་ངས་སློབ་སྦྱོང་གི་བརྩོན་པ་ནམ་ཡང་ལྷོད་མ་མྱོང་།  འདི་ལྟར་ཤེས་མེད་ཚོར་མེད་ཀྱིས་ང་སློབ་ཆུང་གི་མཐར་ཕྱིན་སློབ་མ་ཞིག་ཏུ་གྱུར། ངོ་མ་མགྱོགས་པ་ལའང་།  དུས་ཚོད་ཀྱིས་ང་ཚོར་མི་སྒུག་ལ། ང་ཚོ་དུས་ཚོད་ཀྱི་རྗེས་ཀྱང་མི་ཆོད་རུང་།  ང་རང་སྨན་པ་བྱེད་རྒྱུའི་ཕུགས་བསམ་དེ་ནམ་ཡང་འགྱུར་མ་མྱོང་བར་སེམས་ཁོངས་སུ་བརྡོལ།  གང་ལྟར་ཡང་།  དགའ་ཕྱོགས་དང་མ་འོངས་པའི་ཕུགས་འདུན་གྱིས་ནམ་ཡང་ང་ལ་དྲན་སྐུལ་གྱི་ཅོང་བརྡ་སྒྲོག  ཨ་ཕ་དང་ཨ་མའི་རེ་སྐུལ་གྱིས་ང་ལ་ནམ་ཡང་སློབ་སྦྱོང་གི་བརྩོན་པ་དམ་འཛིན་བྱེད་དུ་བཅུག  དགེ་རྒན་གྱིས་བཤད་པའི་གཏམ་རྒྱུད་དང་བསླབ་བྱ་ཡིས་ནམ་ཡང་ང་ལ་བདེ་སྐྱིད་ཀྱི་ལམ་བུ་ཞིག་སྙེག་ཏུ་བཅུག  དེ་བས་ངས་སྨན་པ་བྱེད་རྒྱུའི་འདུན་པ་དེ་མ་ལྷོད་པར་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད།།
(ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ལྷ་མོ་འཚོ།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།