中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ངའི་ཕ་ཡུལ།
དུས་ཚོད།2019-07-19 15:15:54     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   ཡངས་ཤིང་ཆེ་བའི་སྤང་ལྗོངས། མུ་མཐའ་བྲལ་བའི་ནེའུ་གསིང་། རྩྭ་ཆུ་འཛོམས་པའི་ཡུལ་ལྗོངས། དེ་ནི་ང་ཡི་ཕ་ཡུལ་ཡང་ཡིན། ང་ཡི་ཕ་ཡུལ་ཁོད་ཡངས་ཤིང་གཞི་རྒྱ་ཆེ་ལ་མུ་མཐའ་བྲལ། དུས་ཚིགས་བཞི་བོར་འགྱུར་ལྡོག་ཆེ་བས་མཛེས་སྡུག་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན།
  དཔྱིད་ཀྱི་དུས་སུ། མེ་ཏོག་སེར་ཆེན་འཚང་ཁ་ཤིག་ཤིག་གིས་ས་འོག་ནས་འཇིག་རྟེན་མི་ཡུལ་ལ་ལྟད་མོར་ཕེབས་ཤིང་། གོས་མདོག་སྔོ་ལྗང་གྱོན་པའི་རྩི་ཤིང་རྣམས་ཀྱང་ཀན་ལྷོའི་ཡུལ་ལ་ཧེབ་ཀྱིས་ཐོན།
  དབྱར་གྱི་ཁྱེའུ་འཛུམ་གྱིས་ཡོང་དུས། སྔོ་ལྗང་ལྗང་གི་རྩྭ་ཐང་ལ་ཁྲ་ལམ་ལམ་གྱི་མེ་ཏོག་སྣ་ཚོགས་གཅིག་ལ་གཅིག་འགྲན་གྱིས་ཁྱུ་ཡིས་བསྐོར་བ་ནམ་མཁའི་སྐར་ཚོགས་བཞིན་དུ་རྩིས་ཀྱིས་མི་ཆོད། ལྷུན་པོའི་རྩེ་ན་ཁ་དོག་སྣ་ལྔའི་དར་ལྕོག་ལྷབ་ལྷུབ་གཡོ་ཞིང་ཚང་ཚིང་ལྗོན་ཤིང་སྟུག་པོས་ལྷུན་པོའི་ལུས་ལ་སྔོ་ལྗང་གོས་ཀྱིས་བཀླུབས། འདབ་ཆགས་དང་བྱིའུ་སྣ་ཚོགས་ཀྱིས་ཀྱུར་ཀྱུར་གླུ་དབྱངས་ཅི་དགར་ལེན་ཞིང་། རི་དྭགས་མང་པོ་ཁྱུ་དང་ཁྱུ་བྱས་ནས་ནགས་དང་སྤང་ན་བགས་ཀྱིས་རྒྱུ། ལྷུན་པོའི་བརྗིད་ཉམས་དཔལ་གྱིས་མཐོ་ལ། རྒྱང་ནས་བལྟས་ན་ནམ་མཁར་ཟུག་པའི་སྣང་བ་སྟེར། དྲི་བཞོན་རྒྱུ་ཚེ་ཚང་ཚིང་སྟུག་པོའི་གཡོ་འགུལ་གྱི་སྟངས་སྟབས་ནི། གར་གྱི་སྒེག་ཉམས་མཛེས་པའི་སྐོར་བྲོ་བཞིན་ཐག་རིང་མགྲོན་པོའི་ཡིད་དབང་འགུག
  སྟོན་གྱི་བཙུན་པ་རིམ་གྱིས་ཕེབས་པའི་ཚེ། རྩི་ཤིང་ཀུན་གྱིས་གོས་སེར་གྱོན་ནས་ཀན་ལྷོའི་ཡུལ་ལ་ཞི་བདེའི་ཆོས་སྒྲ་ཤུར་གྱིས་སྒྲོག སྡོང་བོའི་ལོ་མ་རྣམས་ཀྱང་མཐོན་པོའི་རྩེ་ནས་དམན་ས་རྩ་ལ་བབས་ཏེ་ཆོས་སྒྲའི་དབྱངས་བཞིན་ཀུན་ཏུ་རྒྱུ།   དགུན་གྱི་རྒན་པོ་དལ་གྱིས་ཕེབས་པའི་དུས། སུམ་ཅུ་རྩ་གསུམ་གྱི་གནས་སུ་བཞུགས་པའི་ལྷ་རྣམས་ཀྱིས་ཕ་ཡུལ་ཀན་ལྷོར་དྲི་མེད་ཁ་བཏགས་འཐེན་ནས་ས་གཞི་ཡངས་པོར་གོས་དཀར་བཞིན་དུ་བཀླུབས། ཀེ་ལ་ཤ་ཡི་ལྷུན་པོའི་ཕྲེང་བ་གཟི་འོད་ལྷམ་མེར་འཚེར་བའི་ཤེལ་གྱི་མཆོད་རྟེན་བཞེངས་པ་ལྟ་བུའི་སྣང་བ་སྟེར། རྟ་ནོར་ལུག་གསུམ་གྱིས་དར་དཀར་གྱི་ཁ་བཏགས་མ་ཐེག་པར་ལུས་པོ་སྤྲུག་སྤྲུག་གིས་ཁ་བཏགས་ཐང་ལ་གཡུགས་ནས་དར་དཀར་ཁྲོད་ནས་རྩྭ་ཡི་རྩི་བཅུད་འཚོལ།
  དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་བག་གི་དྲིན་གྱིས། བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་རང་གི་ཕ་མའི་དྲིན་གྱིས། ང་ཚོའི་ཕ་ཡུལ་ཀན་ལྷོའི་རྩྭ་ཐང་ན་རྒྱུ་དང་ནོམ་པ་ཀླུ་དབང་རྒྱལ་བོའི་བང་མཛོད་ལ་འཁུ་ཞིང་ནོར་བདག་རྣམ་ཐོས་སྲས་ཀྱང་ཡ་མཚར་དུ་འཇུག ཀན་ལྷོའི་རྩྭ་ཐང་ནི་ང་ཡི་ཕ་ཡུལ་ཡིན། ང་ཡི་ཕ་ཡུལ་ཀན་ལྷོ་གཡང་ལྡན་ཕྱུག་མོ་ཡིན། དུས་ནམ་ཡང་ང་རང་མཛེས་སྡུག་ལྡན་པའི་ཀན་ལྷོའི་རྩྭ་ཐང་ལ་དགའ།། 
(གཙོས་བོད་ཡིག་སློབ་ཆུང་གི་ལོ་རིམ་བཞི་བའི་སློབ་མ་པད་མ་སྐྱིད།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།