中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ང་ཡི་ཨ་མ་བཟང་མོ།
དུས་ཚོད།2019-07-19 15:19:47     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    སྐྱེ་བོ་སུ་དང་སུ་ཞིག་ཡིན་རུང་།  རང་རང་ལ་ནམ་ཡང་དྲིན་ལན་གཞལ་ཐབས་མེད་པའི་དྲིན་ཆེན་གྱི་ཨ་མ་བཟང་མོ་རེ་ཡོད་ངེས།  ང་ལའང་དྲིན་ཆེན་གྱི་ཨ་མ་བཟང་མོ་ཞིག་ཡོད།
    ངའི་ཨ་མ་ནི་འབྲོག་མོ་དཀྱུས་མ་ཞིག་ཡིན་ལ།  ད་སྐབས་དགུང་ལོ་སོ་དགུ་ལས་མ་འདས་མོད།  མོའི་བྱམས་བརྩེའི་གདོང་ལ་རྒས་གཉེར་ཟབ་མོ་མང་པོ་ཞིག་བབས་ནས་ཡོད།  ཐ་ན་མོའི་སྔོན་ཆད་ཀྱི་ནག་ཀྱུག་ཀྱུག་གི་སྐྲའི་ཉག་མ་རེ་རེར་ཡང་ད་ནི་དཀར་ཐིག་གི་ཁ་བས་ཡོངས་སུ་གཡོགས་ཤིང་།  ཕྲ་ཞིང་དྲང་བའི་གཟུགས་པོའང་ཅུང་ཟད་ནང་ལ་སྒུར་ཡོད།  དེ་ནི་རྒྱུ་མཚན་དེའི་དབང་གིས་ལོས་ཡིན།  ངའི་ཨ་ཕ་ཆུང་དུས་ནས་བཟུང་ཨ་མ་དང་བཟའ་འཐོར་བྱས་ཏེ།  ང་ཚོ་དང་ཁ་བྲལ་བས།  ངེད་ཚང་གི་རྟ་ནོར་ལུག་གསུམ་འཚོ་བའི་འགན་ཁུར་ལྕི་མོ་དེ་མོ་གཅིག་པུའི་སྟེང་ལ་ལྷུང་ཞིང་།  ད་དུང་དཀའ་སྤྱད་འབད་བརྩོན་གྱིས་ཁྱིམ་གྱི་ས་ལས་རྡོ་ལས་ཚང་མའང་མོས་བྱེད་དགོས་པ་རེད།  དེ་ལྟ་ནའང་།  ཨ་མས་ང་ལ་བྱམས་བརྩེའི་ངང་ནས་གཅེས་སྐྱོང་བྱས་པ་བཤད་མི་ཚར།
    ཉིན་ཞིག་སྟེ།  ང་ཚོར་དབྱར་གནང་བྱིན་ཡོན།  ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱིས་བསང་ཁོག་གི་རྟ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་ལས་ཀའི་མགོ་བརྩམས་བྱུང་།
    ཁྱིམ་ཚང་རེ་རེ་ནས་མི་རེ་ཞུགས་ཏེ།  རིམ་གྲོ་སྒྲུབ་པའི་གྲོང་ཆོག་པ་རྣམས་ལ་ཟ་མ་བསྐོལ་བ་དང་།  བསང་ཕུད་པ།  རིལ་བུ་ལས་པ།  ཕྱོགས་སོ་སོའི་མགྲོན་པོར་སྣེ་ལེན་བྱེད་པ་སོགས་བྱེད་ཀྱིན་ཡོད་ལ།  བདག་གི་ཨ་མ་ཡང་བྱ་འགུལ་འདིར་ཞུགས་ཡོད།  ཟླ་བདུན་པའི་ནམ་ཟླ་ནི་ཧ་ཅང་དྲོ་ལ་ནམ་མཁའ་ན་སྤྲིན་པ་བྱིའུ་མགོ་ཙམ་ཡང་མེད་པས།  བསང་ཁོག་གི་དབྱར་ས་ནི་མེ་ཏོག་གི་འཇིག་རྟེན་ཆུང་ཆུང་ཞིག་དང་མཚུངས་པར་ཧ་ཅང་མཛེས་ཤིང་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་འགྲོ་བ་ཞིག་ཏུ་གྱུར་ཡོད།  ཨ་མས་སྡེ་བ་གཞུང་གི་ལས་ཀ་ཚང་མར་བཀོད་འདོམས་བྱེད་ཀྱིན་ཡོད་ལ། སྒར་ཁའི་བྱ་བ་ཚང་མ་ཡར་འཇོག་མར་འཇོག་བྱས་རྗེས།  ཡང་རྐུབ་ཤ་ས་ལ་འཇོག་ཁོམ་ཙམ་ཡང་མེད་པར་ངེད་ཚང་གི་བཞོན་མ་བཞོ་རུ་རྒྱུག་འགྲོ།  དུས་དེར།  ངས་འདུ་འཛི་ཧ་ཅང་ཆེ་བའི་ལས་ཀ་ལས་མཁན་གྱི་ཁྲོད་ནས་ངའི་ཨ་མ་ལས་ལས་ཚེགས་ཆེ་བའི་ཨ་མ་གཞན་ཞིག་མེད་པ་ཤེས།  དེ་བས།  ངའི་སེམས་སུ་བཟོད་ཐབས་བྲལ་བའི་ན་ཟུག་ཅིག་འགོག་མེད་སྐྱེས་ཤིང་།  ཉིན་དེའི་ཕྱི་དྲོ་ང་ཁྱིམ་ལ་སོང་ནས་ཨ་མར་སང་ཉིན་ནས་བཟུང་ང་རང་སློབ་གྲྭར་འགྲོ་མཚམས་འཇོག་རྒྱུའི་རེ་བ་ཞུས་པ་ཡིན།  དེ་ནི་ཁྱིམ་ནས་བསྡད་དེ་ཨ་མར་རོགས་རམ་རེ་བྱེད་འདོད་པ་དེའོ།
    ཨ་མས་ངའི་རེ་བ་དེ་གོ་མ་ཐག་མགོ་བོ་འཕྲེད་དུ་གཡུག་ཅིང་།  ང་ནི་ད་རུང་ལོ་ན་གཞོན་པ་དང་དཀའ་སྡུག་ཅི་ཞིག་ཡོད་ནའང་ཁུར་ཐུབ་པའི་དུས་སྐབས་ཡིན་པས།  ནུ་མོ་དང་ཁྱོད་གཉིས་ཀྱིས་སེམས་ཁུར་བྱེད་པའི་དོན་ཞིག་ག་ནས་ཡིན།  ཨ་མའི་རེ་བ་ནི་ཁྱོད་གཉིས་མུ་མཐུད་དུ་སློབ་གྲྭར་སོང་ནས་སློབ་སྦྱོང་ཡག་པོ་ཞིག་བྱ་ཐུབ་རྒྱུ་དེ་ཡིན་ཟེར་ཞིང་།  ད་དུང་ངེད་གཉིས་ལ་ཁ་སང་དཀྲོགས་པའི་འོ་མ་ལས་མར་ལོ་ཆུང་ཆུང་གཉིས་ཀྱང་ལམ་རྒྱགས་སུ་བསྡུས་ཡོད་ཟེར་བས།  ངའི་ངག་ལས་སྐད་ཆ་གཅིག་ཀྱང་ཐོན་མི་ཐུབ་པར་མ་ཟད།  རང་དབང་མེད་པར་ངུ་དགོས་སོང་།།  
(བསང་ཆུ་རྫོང་བསང་ཁོག་སློབ་ཆུང་གི་ལོ་རིམ་ལྔ་བའི་སློབ་མ་གནམ་རྒྱལ་འཚོ། )
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།