中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ང་དང་ངའི་ཕ་ཡུལ།
དུས་ཚོད།2019-07-22 10:47:14     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། པད་མ་རྒྱལ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
   ༡
    ང་སྟེ་ཆེས་སྤྱིར་བཏང་གི་ང་། གང་ཟག་གི་ཕུང་བོ་གཡར་ཞིང་གང་ཟག་གི་མཚན་ཉིད་འཛིན་པའི་འདུ་བྱེད་ཅིག་གི་དབང་དུ་གྱུར་བ་ང་ཡང་མི་གཞན་དག་དང་འདྲ་བ་སྨོས་ཅི། ངུ་ངག་གི་དབྱངས་རྟ་གཉོམ་པོ་ཕ་ཡུལ་གྱི་རི་ཀླུང་དེར་ཀི་རྒྱངས་བཏབ་པ་ནས། ང་རང་ཨ་ཕའི་དཔྲལ་བའི་མིག་དང་ཨ་མའི་ཁོག་གི་སྙིང་ལྟར་གྱུར།  བྱིས་པ་སྣབས་ལུག་ཅིག་གི་རྨི་ལམ་ཁྲོད་ནས་ས་ཆེན་འདིའི་ཐོག་ཏུ་ལྗིད་ཏིག་ཏིག་གི་གོམ་པ་ཐོག་མ་དེ་སྤོ་མགོ་བརྩམས། ཨ་ཕའི་ཁ་ཏ་ཡི་སློབ་གསོ་ཁྲོད་ནས་ཞི་དུལ་གྱི་ཀུན་སྤྱོད་གཙང་མ་ཞིག་ལ་ཕྱོགས་ཤིང་། ཨ་མའི་བྱམས་བརྩེ་ཡི་གཅེས་སྐྱོང་འོག་ནས་མི་ཚེ་ཡི་གོམ་ཁ་བསྒྱུར། རེ་དྲོད་རེ་འཁྱགས་དང་དགའ་སྡུག་འདྲེས་མའི་དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་ང་རང་ཕ་ཡུལ་གྱི་ནམ་མཁའ་དང་ཕ་ཡུལ་གྱི་ས་གཞི་ལ་སྨྲ་མི་ཤེས་པའི་ཚོར་ཤུགས་དྲག་པོ་ཞིག་སྦྱིན།
                  ༢
    བྱིས་དུས་ཀྱི་འཚོ་བ་ནི་འཇའ་ཚོན་ལྟར་མཛེས་ནའང་ཁོ་བོའི་ཡ་ཐོད་ཀྱི་མིག་མདངས་ཁྲོད་ནས་སྐད་ཅིག་གི་གློག་རིས་ཙམ་དུ་གྱུར། རྫོགས་མེད་པའི་སང་ཉིན་གྱི་རེ་ལྟོས་ལ་མིག་རྒྱངས་བསྲིངས་ཏེ་བྱིས་པ་སྣབས་ལུག་གི་བརྟུལ་ཞུགས་ཏེ་མཚན་མོའི་རྨི་ལམ་ལྟ་བུར་གྱུར། མི་ལོ་ཉིན་ཞག་བདུན་བཞིན་འདས་ཚར་ནའང་ཁོ་བོའི་ཡ་ཆུང་གི་སེམས་ཁོངས་ན་གསལ་ལྷང་ངེར་གནས་པ་ནི་ཕ་ཡུལ་གྱི་སྐྱ་མདོག་ཏུ་གྱུར་བའི་ནམ་མཁའ་དང་སྐྱ་ཐང་ངེར་གནས་པའི་རྣམ་པ་རེད།                   ༣
    དཔེ་ཁུག་ཆུང་ཆུང་དེ་རྒྱབ་ལ་ཁུར་ཉིན་ནས་ང་རང་ཡང་བྱིས་པ་གཞན་དག་དང་འདྲ་བར་ཕ་ཡུལ་གྱི་ལམ་ཕྲན་དག་ལ་རྐང་རྗེས་འཇོག་ཐེངས་རེ་རེར། ང་ནི་སྙིང་སྟོབས་དང་སྤོབས་པས་མདུན་དུ་མཆོངས་ཤིང་ལ་རྒྱ་དང་རྙིང་རུས་ཀྱིས་ལམ་ལ་ཆས། ཕ་ཡུལ་གྱི་པང་གཞུང་ནས་ངས་ཤེས་རིག་གི་ལམ་ཆེན་སྙེགས་ཤིང་གསེར་མདོག་གི་ཉི་འོད་རེག   ཀ་ཁ་ཡི་རྐང་བར་འཐམས་ཤིང་དབྱངས་གསལ་གྱི་རྣ་རྒྱན་སྤྲས། ཕ་ཡུལ་གྱི་གཉོར་སྐྱོང་འོག་ནས་ངས་ཁྱིམ་གཞི་ཞིག་གི་བདེ་སྡུག་རྟོགས་ལ། ཕ་ཡུལ་གྱི་འཚར་ལོངས་ཁྲོད་ནས་ངས་ཕ་ལོ་དང་མ་ལོས་བརྟན་བརླིང་གི་བརྩེ་བ་དེའང་ཤེས།
                  ༤
    སྐྱིད་སྡུག་འདྲེས་མའི་དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་ད་ལྟ་ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒྱུད་དེ་ཤེས་རིག་གི་ཞིང་སར་བརྩོན་འགྲུས་ཀྱི་ས་བོན་འདེབས་ཞོར་རྒྱང་བཞུད་ཀྱི་གོམ་ཁ་བསྒྱུར་ནའང་། འདས་མ་ད་གསུམ་ལ་ཕ་ཡུལ་གྱིས་བཞག་པའི་བག་ཆགས་རེ་རེ་ངའི་གངས་དཀར་སེམས་ན་བརྗེད་མེད་འདུག  ཕ་ཕུལ་གྱིས་གནང་བའི་བྱམས་བརྩེ་དྲོན་མོ་དག་ངའི་ཡ་ཆུང་ཁོག་ན་བསུབ་ཐབས་མེད། གསེར་མདོག་གི་ཉི་ཟེར་དང་ལྷན་དུ་ཚ་གྲང་སྙོམས་སྒྲིག་དཀའ་བའི་གྲོང་ཁྱེར་འདི་ནས་ངས་བྱིས་པ་རུམ་བཟུང་ཞིག་གིས་ཨ་མའི་ནུ་ཞོ་ལ་སྒུག་པ་བཞིན་ཕ་ཡུལ་དུ་བགྲོད་འདོད་ཀྱི་འདུན་པ་དེ་དྲག་ནས་དྲག་ཏུ་འཕྱུར།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།