中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ཨ་མ་ནི་འཇིག་རྟེན་གྱི་དགེ་རྒན་དང་པོ་ཡིན།
དུས་ཚོད།2019-10-10 09:52:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རྨེ་རུ་མགོན་པོ་སྐྱིད། [ཅོ་ནེ]    ཆུང་། | འབྲིང་། | ཆེ།
    མི་རིགས་ཤིག་གི་དར་རྒུད་ནི་སློབ་གསོ་ལ་ཐུག་ཡོད་ལ།  སློབ་གསོའི་གོམ་པ་དང་བོ་དེ་རླབས་ཆེན་གྱི་མ་ཡུམ་ནས་འགོ་འཛུགས་དགོས་པ་རེད།  དེའི་ཕྱིར་མ་ཡུམ་གྱི་སློབ་གསོ་ནི་ངེས་པར་དུ་སྤྱི་ཚོགས་ཧྲིལ་བོས་མཐོང་ཆེན་བྱ་ཡུལ་དང་གཙིགས་སུ་འཛིན་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་གཞག་ཅིག་ཏུ་གྱུར་འདུག
    སྤྱིར་སློབ་གསོ་ཞེས་པ་རིག་གནས་ཤེས་བྱ་མང་པོ་སྦྱངས་ནས་མི་གང་དེའི་ཕྱོགས་ཡོངས་ཡར་རྒྱས་སུ་གཏོང་བ་ལ་གོ་ཆོག་ལ།  ལྷག་པར་དུ་ཡོན་ཏན་སྦྱོང་བ་ལས་མི་གཤིས་ཡག་པོ་གསོ་སྐྱོང་བྱེད་པ་ལ་ངོས་བཟུང་ན་འགྲིག་འདུག  ཡིན་ཡང་ཁྱིམ་བདག་མང་བོ་ཞིག་གིས་སློབ་གསོ་ཞེས་པ་རྒྱུགས་ངོས་ཀྱི་སྐར་གྲངས་ཁོ་ན་ལ་ངོས་འཛིན་པའི་སྣང་ཚུལ་ཡང་ཉུང་ཉུང་མ་རེད།
    ང་ཚོ་བོད་པའི་ཁྱིམ་བདག་མང་ཆེ་བ་ཞིག་གིས་རང་ཉིད་ཡིག་རྨོངས་པ་ཡིན་པར་ཁ་གཡར་ནས་བྱིས་པའི་སློབ་གསོ་ལ་གཏན་ནས་སེམས་ཁུར་དང་ཐེ་གཏོགས་མི་བྱེད་པའི་སྣང་ཚུལ་ཡང་མིག་མཐོང་ལག་ཟིན་རེད།  ཡིན་ཡང་སློབ་གསོ་ནི་ཆུང་བྱིས་པ་ལོ་གཅིག་ནས་འགོ་ཚུགས་དགོས་པ་ཞིག་ཡིན་པ་ལས་ཡོད་ཚད་དགེ་རྒན་དང་སློབ་གྲྭ་ལ་བཅོལ་རྒྱུ་ཞིག་ག་ལ་ཡིན་ཨང་།
    བྱིས་པའི་སློབ་གསོ་ནི་མི་རིགས་ཧྲིལ་བོའི་སློབ་གསོའི་རྨང་གཞི་ཡིན། རྒྱུ་མཚན་བྱིས་པའི་ངག་གི་སྒོ་མོ་འབྱེད་སྟངས་ནས་འགྲོ་གོམ་པའི་སྤོ་སྟངས་ཚུན་ཆད་སོགས་ཐ་ན་འགྲོ་འདུག་སྤྱོད་གསུམ་ལ་ཁྱིམ་གྱི་སློབ་གསོ་ཡག་པོ་ནས་འགོ་ཚུགས་དགོས་པ་རེད།  གནའ་མི་བོད་ཀྱི་ཁ་དཔེར་ཕ་མ་བཟང་བོའི་བུ་ཕྲུག་ཟེར་བ་ནང་བཞིན་དུ་ཁྱིམ་གྱི་སློབ་གསོ་ལ་ཕ་མ་གཉིས་ཀྱི་མི་གཤིས་ཀྱིས་ཤན་ཞུགས་གཙོ་ཆེར་ཐེབས་པ་སྨོས་མེད་ཡིན་ལ།  ལྷག་པར་དུ་ལོ་ཆུང་བྱིས་པ་ལ་ཨ་མའི་ནུ་ཞོ་མངར་མོ་ནི་ཟས་ཀྱི་ཐོག་མ་དང་། ཨ་མའི་ཚ་རུ་དྲོན་མོ་ནི་གོས་ཀྱི་དྭངས་མ་བཞིན།  ལྷད་མ་འདྲེས་པའི་ཨ་མའི་བླ་མེད་ཀྱི་བརྩེ་བ་ལས་ཐེབས་པའི་བག་ཆགས་ནི་ནམ་ཡང་འབོར་ཐབས་མེད་པ་ཞིག་ཡིན།  དེ་བཞིན་དུ་ཨ་མའི་སློབ་གསོ་ནི་ཆེས་རྩ་བའི་སློབ་གསོ་ཡིན་པས་ཨ་མ་ནི་འཇིག་རྟེན་གྱི་དགེ་རྒན་དང་བོ་ཡིན་ཞེས་བཤད་ཆོག་ཆོག་ཡིན།
    དེའི་ཕྱིར་རླབས་ཆེན་གྱི་མ་ཡུམ་ཞིག་གི་ཡོན་ཚད་ཡར་བསྐྱེད་དང་མི་གཤིས་མཐོར་འདེགས་བྱེད་རྒྱུ་ནི་ང་ཚོས་ངེས་པར་དུ་བསམ་གཞིགས་བྱེད་དགོས་པའི་དོན་དག་འགངས་ཆེན་ཞིག་རེད་འདུག  ཡིན་ཡང་རང་རེའི་བོད་པའི་དུད་ཁྱིམ་མང་བོ་ཞིག་ཏུ་མ་བུ་མོའི་ཤེས་རྒྱ་དང་མཚན་ཟླ་འོད་ཀྱིས་རིག་རྒྱ་ཟེར་བཞིན་བུད་མེད་ནི་ཐོབ་ཐང་དམན་པ་དང་གཉོམ་ཆུང་།  རང་རྐྱ་མི་འཕེར་བ།  ཐ་ན་ཡོན་ཏན་ཡོད་ཀྱང་ཀུན་གྱིས་དམའ་སར་འཇོག་པ་སོགས་ཀྱི་སྣང་ཚུལ་སྐྱོ་བོ་གནའ་ནས་ད་ལྟའི་བར་དུ་མཆིས། ད་ལྟ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བུད་མེད་མང་བོ་ཞིག་ལ་སློབ་གསོ་མྱོང་བའི་གོ་སྐབས་ཡག་པོ་རྙེད་ནའང་མ་གཞི་ནས་མཐོང་ཆུང་དང་དམའ་འབེབས་ཀྱི་འཚོ་བའི་ཁོར་ཡུག་ནས་ནར་སོན་པའི་བུད་མེད་ཚོས་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་རང་ཉིད་ཀྱི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་སོགས་ཀྱི་ཐད་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་རང་ཚུགས་དང་།  རང་རྐྱ་འཕེར་བའི་ཕུགས་འདུན་ཡང་དག་ཅིག་འཛུགས་ཐུབ་ཀྱིན་མི་འདུག  རྒྱུ་མཚན་ཁོ་མོ་ཚོར་ཆུང་དུས་ནས་བཟུང་གཤོག་རྩལ་རྒྱས་སའི་ནམ་མཁའ་དང་ཕུགས་བསམ་འཛུགས་སའི་ས་གཤིས་གཤིན་པོའི་ཆ་རྐྱེན་བྱིན་པ་ཉུང་དྲགས་པས་ཡིན་པ་ལས།  སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་མ་འདང་བ་ཞིག་གཏན་ནས་ཡིན་མི་སྲིད།  ཡིན་ཡང་དེ་ལས་ཀྱང་གལ་ཆེ་བ་ནི་བུད་མེད་ཚོས་དུས་རབས་གསར་བའི་ནང་དུ་ད་དུང་ཡང་སྤྱི་ཚོགས་རྙིང་བ་ནང་བཞིན་དུ་རང་ཉིད་བུད་མེད་ཅིག་ཡིན་ཞེས་ནུས་མེད་དུ་མི་འཛིན་པར།  མིའི་རིགས་ཀྱི་རླབས་ཆེན་གྱི་མ་ཡུམ་ཡིན་པ་ཡིད་ལ་དམ་པོར་བཟུང་ནས་བུ་ཕྲུག་གི་ཆེས་ཐོག་མའི་ཡང་དག་གི་སློབ་གསོ་དེའི་ཆེད་དུ་དང་།  ལྷག་པར་དུ་མི་རིགས་ཧྲིལ་བོ་ཞིག་གི་ཡར་རྒྱས་གོང་སྤེལ་ལ་རྨང་རྡོ་ཡག་པོ་འདིང་བའི་ཆེད་དུ་ཁྱིམ་ལས་ཙག་ཙིག་དང་མཛེས་སྤྲས་ཁོ་ནས་རིན་ཆེན་གྱི་དུས་ཚོད་འཕྲོ་བརླགས་སུ་མི་གཏོང་བར་ཤེས་བྱ་རིག་གནས་སློབ་པའི་འདུན་པ་དང་སྙིང་སྟོབས་དེ་ཅིས་ནས་ཀྱང་འགྱེལ་དུ་འཇུག་མི་ཉན་པར་འདོད།
    མི་རིགས་ཤིག་གི་ཡར་རྒྱས་ཀྱི་ཆེད་དུ་ང་ཚོས་ངེས་པར་དུ་བྱིས་པའི་ཆེས་ཐོག་མའི་དགེ་རྒན་དང་བོ་སྟེ།  རླབས་ཆེན་གྱི་མ་ཡུམ་ཚོ་ནས་འགོ་ཚུགས་ཏེ་ཁོ་མོ་ཚོའི་རིག་གནས་ཀྱི་ཡོན་ཚད་དང་།  བསམ་བློའི་གནས་བབ།  མི་གཤིས་ལེགས་འཛིན།  རིགས་ཞེན་གྱི་སྙིང་སྟོབས་སོགས་གསོ་སྦྱོང་ལ་ཅིས་ནས་ཀྱང་མཐོང་ཆེན་དང་རམ་འདེགས་བྱེད་པར་རིགས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།