中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། བསྟོད་ར་དང་ཡི་རང་གོང་བཀུར།
དུས་ཚོད།2020-01-06 09:01:27     རྩོམ་གྱི་ཡོང་ཁུངས། ཀན་ལྷོོའི་གསར་འགྱུར། ཨ་ཁུ།     ཆུང་། | འབྲིང་། | ཆེ།
 ད་ལམ་ཐ་སྙད་དོན་གྱི་ལྕགས་སྒྲོག་ལས་གྲོལ་ཏེ་རྣམ་དཔྱོད་གཟོང་ཁས་ཟབ་ས་རུ་བརྐོས་པས་སྙིང་པོ་ཕྱི་རུ་ཕྱུང་བའི་ཐུན་མིན་གྱི་བྲོ་བ་སྦྲང་རྩིའི་བཅུད་འདྲ་བ་རྙེད་པ། རིག་པའི་ཀློང་གི་སྤྲོ་བ་ཅིག་ཏུ་ངེས་ཤེས་རྙེད། ཁྱད་པར་བསྟོད་ར་དང་ཡི་རང་གོང་བཀུར་གྱི་ཐ་སྙད་ཀྱི་རོ་བཅུད་ཀྱང་དེ་བཞིན་ཏེ། ཕྱི་ཐ་སྙད་ཀྱི་དོན་ཙམ་ལ་འགྲེལ་ན་བསྟོད་ར་ནི་གཞན་གྱི་བྱ་སྤྱོད་ལ་གདེང་འཇོག་གི་བཟང་བཤད་པ་ཙམ་དང་། ཡི་རང་གོང་བཀུར་ནི་གཞན་གྱི་བྱ་སྤྱོད་ལ་དགའ་སྤྲོ་སྐྱེས་པའི་ལྷད་མེད་ཀྱི་བསམ་སྤྱོད་དོ། ཡིན་ཡང་ཕྱི་ཐ་སྙད་དོན་ཙམ་ལ་མགོ་བོ་འཁོར་བའི་གནས་ལས་བརྒལ་ཏེ་བསྡུས་པའི་རྒྱབ་རི་སྨུག་པོའི་གླེང་ན་འདི་ལྟ་བུའོ། སྐྱེ་བོ་ཡོད་རྒུ་ཚོགས་པའི་སྤྱི་ཚོགས་འདི་རུ། ཡང་སྒོས་ཚོགས་པ་ཆུང་ངུ་ཞིག་ཏུ་ཕན་ཚུན་འདྲ་མཉམ་ལྟ་སྤྱོད་ཀྱིས་དབུལ་ན། མི་དང་མིའི་བར་གྱི་འབྲེལ་བར་མཐོ་དམན་གྱི་རིམ་པ་ཐོན་ཞིང་དེ་ལྟ་བུར་མཁྱེན་ལྡན་ཚོས་དཀྱུས་འབྲེལ་དུ་ཐོགས། དེ་འདྲའི་ཞིང་དུ་བསྟོད་རའི་ཐ་སྙད་ལ་ཐ་སྙད་ལས་འདས་པའི་མཐོ་དམན་དང་གོང་འོག་གི་རིམ་པའི་ལོ་འདབ་དང་ཁོ་ལག་ཐོན་པས། སྔར་ནས་ད་བར་ཁོར་ར་ཀུན་ཏུ་དཔོན་པོས་མངའ་འབངས་དང་བཅས་པའི་བྱས་པ་ཅན་ལ་བསྟོད་ར་ཁོ་ན་བྱེད་ཅིང་། བསྟོད་ར་ནི་མཐོ་དམའ་ཡིས་གོ་རིམ་སྐུང་བའི་ཐ་སྙད་ཀྱི་ཕྱི་པགས་ཤིག་སྟེ། འཇོན་ཐང་ཅན་གྱིས་ནུས་མེད་ཅན་ལ་གསོལ་བའི་ཐ་སྙད་ཅིག་གམ། ལས་ཁུངས་སམ་ཀུང་སི། ཐ་ན་ཚོགས་ཆུང་ཞིག་ཏུ་དབང་འཛིན་འཇོན་ཐང་ཅན་གྱིས་འོག་གི་སྐྱེ་བོར་རང་ཉིད་ཀྱི་གོ་བབ་གསལ་སྟོན་བྱེད་པའམ་བདག་ཅག་དབང་འཛིན་འཇོན་ཐང་ཅན་ཡིན་པས་ཁྱེད་ཅག་ལ་བསྟོད་ར་བོར་དབང་ཡོད་པས་བོར་བའི་ཉམས་སྣང་ཡོད་དོ། དེ་དོན་དཀྱུས་འབྲེལ་མཚོན་པའི་ཐ་སྙད་བསྟོད་ར་དང་མི་གཅིག་པ་ནི་ཞོལ་དུ་བརྗོད་པར་བྱ་བའི་ཡི་རང་གོང་བཀུར་བོ། དེ་ཡང་མི་དང་མིའི་བར་གྱི་འབྲེལ་བ་དེ་ཚང་མ་འདྲ་མཉམ་གྱི་འབྲེལ་བ་སྟེ་མཁྱེན་ལྡན་གྱི་སྨྲ་བའི་འཕྲེད་འབྲེལ་ཞིག་ཡིན་ན། མི་དང་མི་ཡིས་བར་ལ་གོ་རིམ་གྱི་རྣམ་པ་སྦས་པའི་བསྟོད་ར་མ་ཡིན་པར་འདྲ་མཉམ་རྨང་གཞིའི་ཞིང་དུ་སྐྱེས་པའི་བླ་མེད་ཀྱི་ཐ་སྙད་ཡི་རང་གོང་བཀུར་ལགས་སོ། གཞན་དང་བཅས་པའི་སྐྱེ་བོ་ཡོན་ཏན་ཅན་དང་བྱས་རྗེས་ཅན་ལ་ཁ་ཞེ་གཉིས་མེད་ཀྱིས་ཡི་རང་གོང་བཀུར་དང་། སོ་སོ་ཉིད་ཀྱི་ཡོན་ཏན་དང་བྱས་རྗེས་ལ་ཡང་ཀུན་གྱི་ཁ་གཏིང་མེད་པར་ཡི་རང་གོང་བཀུར་བྱ་ངེས་པས། དེ་ན་མཐོ་དམའ་ཡི་གོ་རིམ་སྐུང་པའི་བསྟོད་ར་རྩ་བ་ཐོན་མི་སྲིད་དོ། འོན་ཏང་བསྟོད་ར་དང་ངོ་དགའ་སྤྲེལ་ལད། དེ་བཞིན་ཟོལ་བསྟོད་དག་མ་འཁྲུལ་བར་གསལ་བར་འབྱེད་པ་ཡང་ཤིན་ཏུ་གལ་འགངས་ཆེ་བའོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།