中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། གཉིད་བྲལ་བའི་མཚན་ལམ་རིང་མོ།
དུས་ཚོད།2020-02-08 22:57:32     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ། ཆས་པ་རྟ་མགྲིན་ཚེ་རིང་།༿ ཀན་ལྷོ༾    ཆུང་། | འབྲིང་། | ཆེ།
       དོ་ནུབ་གནམ་གུང་ལ་གློ་བུར་གཉིད་ལས་སད་ཅིང་།དུས་ཚོད་ལ་བལྟས་པ་ན་མཚན་གཞུང་གི་དུས་ཚོད་གསུམ་རེད།བཙན་གྱིས་གཉིད་ཐབས་བྱས་ཏེ་མིག་ཟུང་བཙུམ་ཡང་།གཉིད་ཀྱི་བྱེད་པོ་དེ་གར་སོང་ཆ་མེད་དུ་ཡལ།
       ཁ་པར་ལས་ཁ་སང་དེ་རིང་གི་གསར་འགྱུར་དང་བརྡ་འཕྲིན་ལ་བལྟས་པ་ན།མང་ཆེ་བ་ཏོག་དབྱིབས་ནད་དུག་གསར་བའི་ཛ་དྲག་གི་གནས་ཚུལ་སྐོར་རེད།སེམས་སུ་ཅུང་དངངས་འཚབ་བྱུང་བ་དང་མཉམ་དུ་ས་ཕྱོགས་གང་སར་ཡོད་པའི་བཟའ་ཟླ་དང་བུ་ཚ།མནའ་མ་བཅས་ཀྱི་བྱ་བ་དང་འཚོ་བའི་ཕྱོགས་སུ་སེམས་ཀྱི་རྟ་རྒོད་དེ་རང་དབང་མེད་པར་ཤོར།དེའང་ལོས་ཡིན་ཏེ།ཁྱིམ་ཚང་གི་བྱ་བ་ཆེ་ཆུང་ཚང་མའི་འོས་འགན་ཕྲག་ལ་བབས་པའི་བདག་ལ་མཚོན་ན་འདང་རྒྱག་ས་ཧ་ཅང་མང་ངོ… …
       ད་ལོའི་དཔྱིད་སར་དུས་ཆེན་ལ་ཕ་ཡུལ་ནས་ལོ་ན་བགྲེས་པའི་ཕ་མ་དང་མཉམ་དུ་ལོ་སར་ལ་རོལ་ཆེད།སྤྱི་ཟླ༡༢པའི་ཚེས༢༧ལ།བུ་དང་ཚ་བོ།མནའ་མ་བཅས་གཙོས་གྲོང་ནས་འཚབ་འཚུབ་ངང་ལམ་ལ་བུད་དེ་ཆས་པའི་གཤིས་བརྒྱ་མཆེད་སྡེ་བར་འཛོམས།དེ་ནས་ཉིན་གཉིས་གསུམ་ཙམ་ལ་ཚ་ཚ་འུར་འུར་གྱིས་གྲ་སྒྲིག་བྱས་ཤིང་།པྲ་ཚགས་ཆེ་བའི་ན་ཆུང་ཚ་བོའམ་ཡང་ཚ་དག་གི་རྩེད་དགའ་དང་།ལོ་ལོན་ཚོའི་ལྷག་བསམ་ཁྲོད་ཅི་དྲན་འདི་དྲན་མེད་པར་རྒྱ་ལོའི་ཚེས་གཅིག་དེ་ཐོན་བྱུང… …
       རང་རྒྱལ་གྱི་ཝུའུ་ཧན་གྲོང་ཁྱེར་དུ་ནད་ཡམས་གསར་བ་ཞིག་བྱུང་བའི་གནས་ཚུལ་ཞིག་གང་སར་ཁྱབ།
       ཚེས་གཅིག་གི་ཕྱི་དྲོ་ནས་ཐོག་མར་བུ་གཉིས་ཀྱི་ལས་ཁུངས་ནས་སོ་སོར་ཁ་པར་གྱི་ལམ་ནས་མྱུར་དུ་ལས་གནས་སུ་ཡོང་རྒྱུའི་བརྡ་བཏང་།དེ་ནས་མནའ་མ་གཉིས་ཀྱི་ལས་ཁུངས་ནས་ཀྱང་དེ་བཞིན་དུ་བརྡ་འབྱོར།དེའི་རྗེས་བདག་ལའང་རང་ཉིད་ཡོད་ས་ནས་གང་དུའང་འགྲོ་མི་ཆོག་པ་དང་གོང་རིམ་གྱི་བཀོད་སྒྲིག་ལ་སྒུགས་ནས་འདུག་རྒྱུར་གདམས།བཟའ་མི་ཚང་མར་ལྷོད་ཡང་ངང་ཟ་དབང་འཐུང་དབང་མ་བྱུང་བར་སླར་ཡང་ཕྱིར་ལོག་རྒྱུའི་འཚབ་འཚུབ་ཀྱི་གནས་སུ་གྱར་།རྒྱུ་མཚན་ནི་བུ་ཆེ་བས་ཅོ་ནེ་རྫོང་གི་སྨན་ཁང་ག་གེ་མོར་བྱ་བ་གཉེར་བ་དང་།བུ་ཆུང་བས་གཙོས་གྲོང་ཁྱེར་གྱི་གཞི་རིམ་གྱི་སྨན་ཁང་ག་གེ་མོར་བྱ་བ་གཉེར་བའི་རྐྱེན་གྱིས་ཛ་དྲག་གི་དུས་འདིར་ནད་ཡམས་ལ་འཐབ་འཛིང་བགྱིད་པའི་འཐབ་ར་དང་པོར་ཞུགས་པའི་ལས་འགན་དེ་རང་དབང་མེད་པར་ཁོ་ཚོའི་ཕྲག་སྟེང་དུ་བབས།
        དེ་ལྟར་བུ་དང་མནའ་མ་བཅས་རང་རང་གི་ལས་གནས་སུ་ལོག
        ད་ནི་དཔྱིད་སར་དུས་ཆེན་གྱི་ཚེས་པ་བཅུ་བཞིའི་གནམ་ལངས་ཁ་རེད།བདག་གི་སེམས་སུ་འདས་པའི་དོན་དག་གང་མང་དང་ད་ལྟའི་གནས་ཚུལ་མང་པོ།མ་འོངས་པའི་སྟོང་འདང་རབ་དང་རིམ་པ་ཞིག་ཤར་དང་འཆར་བའི་མོད།དྲན་འཆར་གྱི་རྣམ་ཤེས་དེ་གཤོག་པ་ཐོགས་པའི་རྒོད་པོ་བཞིན་་རྒྱང་ནས་རྒྱང་དུ་བཞུད།དེ་བས་ཁ་པར་གྱི་ཤེལ་ལབ་ངོས་སུ་མུ་མཐུད་དུ་རང་སྣང་གང་དྲན་གྱི་ཡིག་ཚོགས་འགའ་འབྲི་བའི་འགོ་བརྩམས།
         བདག་ད་དུང་ཆས་པའི་གཤིས་བརྒྱ་མཆེད་སྡེ་བ་སྟེ་ཕ་ཡུལ་དུ་ཕ་མ་དང་མཉམ་དུ་ཡོད་ལ།ལས་ཁུངས་ཀྱི་བཀའམ་བཀོད་སྒྲིག་ལ་སྒུགས་ཏེ་ལུས།བདག་གི་བཟའ་ཟླས་ཚ་བོ་ཆེ་བ་གཉོར་གྱིན་ཀླུ་ཆུ་རྫོང་རང་འབབ་ཆུ་སྤྲོད་ཀུང་སིར་ལས་རེས་བྱེད་ཅིང་།བུ་ཆེ་བ་ཅོ་ནེ་རྫོང་གི་ནད་ཡམས་སྔོན་འགོག་གི་ལས་གནས་སུ་ཡོད་པ་དང་།བུ་ཆུང་བ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཞང་གི་ནད་ཡམས་སྔོན་འགོག་གི་ལས་གནས་སུ་ཡོད།དེ་བཞིན་མནའ་མ་གཅིག་ཚ་བོ་དང་མཉམ་དུ་བསང་ཆུ་རྫོང་གི་ཞང་ག་གེ་མོར་ཡོད་ལ།མནའ་མ་གཅིག་གཙོས་གྲོང་ཁྱེར་གྱི་ཞང་ག་གེ་མོར་ཡོད།ཚང་མས་ནད་ཡམས་སྔོན་འགོག་གི་ལས་ཀ་གཉེར་གྱིན་ཡོད།
        ད་དུང་སྐྱེས་ནས་ཟླ་ལྔ་ལ་བུད་མ་ཐག་པའི་ཚ་བོ་ཞིག་ཀྱང་གཙོས་གྲོང་ཁྱེར་དུ་མནའ་མའི་ཨ་མས་གཉོར་གྱིན་ཡོད་ལ།ད་དེའང་མ་མཐོང་བར་དུས་ཚོད་ཡུན་རིང་འགོར… …
       དབང་ཕྱོགས་ཀྱི་གནམ་སའི་མཚམས་ལས་གནམ་ལངས་ཁའི་སྐྱ་རེངས་དང་པོ་དེ་ཡུན་གྱིས་བཀྱགས།དེ་ནི་ཡངས་པའི་རྒྱལ་ཁམས་འདི་ནད་ཡམས་ཀྱི་འཇིགས་པ་ལས་ཐར་བའི་རྒྱལ་ཁའི་སྐྱ་མདའ་དེ་ཅིས་མ་ཡིན༎
             ༢༠༢༠ལོའི་དཔྱིད་སར་གྱི་ཚེས་པ༡༤གནམ་ལངས་ཁར་བརྒྱ་མཆེད་དུ་བྲིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།