中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། སེམས་ཀྱི་རླུང་འཕྲིན།
དུས་ཚོད།2020-04-22 11:28:57     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། ཁམས་པ་རབ་དབྱངས། [མཚོ་སྔོན]     ཆུང་། | འབྲིང་། | ཆེ།
ཁྱོད་རང་རླུང་བུ་ཇི་བཞིན། ང་ཡི་རྣམ་རྟོག་གི་བར་གསེང་བརྒྱུད་དེ། ལུས་སེམས་རླུང་དང་ངོ་བོ་གཅིག་ཏུ་གནས་ཏེ། ངས་ཡུན་རིང་བྲལ་བའི་མི་དེ་ལ་བརྩེ་སེམས་མཆོད་ཡོད། སེམས་པའི་གཏིང་རིམ་ན་ཡོད་པའི། དྲན་གདུང་གིས་ཁུར་བའི་བརྩེ་བའི་ཆང་མ། དུས་ཡུན་ག་ཙམ་རྫོགས་ཀྱང་། དྲན་པའི་གཏིང་རིམ་ན་ཉར་བའི་ནང་སེམས་ཀྱི་བླ་གཡུ་ཁྱེད་ནི། སྙན་ངག་གི་ཁ་དབུགས་ཁྲོད་ནས་རྙེད་སོང་།
    ངས་རང་གི་འདོད་མོས་དང་། ཆེས་དགའ་བའི་མི་ཞིག་ཡུན་རིང་བཙལ་ཏེ། ཡུན་རིང་སྒུག་པའི་མཐར། ཁྱེད་ནི་ནམ་ལངས་ཀྱི་ཉི་རྩེ་བཞིན། བདག་གི་སྤྱི་བོ་ནས་ངའི་མི་ཚེ་ལ་སྔར་བཞིན་འཆར་སོང་། དེ་ནས་བཟུང་སྟེ། སྐྱེ་བ་འདིའི་ཚེ་མཇུག་བར་དུ། འུ་གཉིས་ཆར་ཐིགས་གཉིས་དང་མཚུངས་པར། མི་ཚེ་དང་གཅིག་ཏུ་འདྲེས་ཚེ། ཁྱོད་དང་འུ་གཉིས་ཀྱི་ནང་སེམས་ཀྱི་དམ་ཚིག་ནི། སེམས་ཀྱི་བྲང་ཁོག་ནས་བཞུར་བའི་རླུང་བུ་ཞིག་ཡིན།
    བདག་གི་ནང་སེམས་ལ་རླུང་བུ་ཤུར་ཤུར་ལྡང་རྗེས། ལུས་སེམས་གཉིས་ཀར་འཐིམ་པའི་ཁྱེད་ནི་རླུང་བུ་ཇི་བཞིན་ཡུན་རིང་ལྡང་རྗེས། དྲན་གདུང་གི་སྐྱོ་བ་སློག་བྱེད་ཁྱེད་ཉིད་ཡིན། ཉི་མ་ནུབ་རྗེས། སླར་ཡང་རླུང་བུ་ལྡང་བྱུང་། ང་ཡང་ཁྱེད་འཁྲིས་སུ་མ་ཁུར། རྒྱང་རིང་གི་མཚོ་མཐའ་ལ་སྐྱེལ་འགྲོ། སེམས་ཀྱི་རླུང་བུ་གང་དུ་རྒྱུ་སོང་།
    དྲན་གདུང་གི་སྨག་རིམ་འཐིབ་རྗེས། མཚན་མོའི་སྐར་མས་ཁྱེད་རང་སྒུག་བཞིན་འདུག སྐར་མའི་ཆ་ཤས་ཀྱི་མཛེས་སྡུག་རེ་ལ། མི་སེམས་ཀྱི་ཉམས་སྣང་ཤོར་ས་ཞིག་རེད་ཨང་། འཁྱག་ཤུར་ཤུར་དུ་བཞུར་བའི་དགུན་ཟླ་དེ་ནས། ཡིད་བརྙན་ངོས་ལ་ཁྱེད་རང་གི་གཅེས་མིང་འབྲི་བཞིན་རེ་སྒུག་གི་མཚན་མོ་ཞིག་བསླེབ་སོང་། ཁྱེད་ཀྱིས་ང་ཡི་ཡིད་བརྙན་མཐའ་དག ཉི་ངོགས་སུ་ཕྱུང་སྟེ། ཐ་སྙད་རེ་རེ་ཐང་མ་བཞིན་དུ། ཡང་ནས་ཡང་དུ། བསྐྱར་ནས་བསྐྱར་དུ་བཀྲམས། བསམ་བློ་བཏང་རྗེས། སེམས་བསྐྱེད་ཅི་ཞིག་རྙེད་སོང་།
    ཡུན་རིང་རྗེས་ཀྱི་ཕྱི་དྲོ་ཞིག་ལ། ང་རང་དུས་ཚོད་ཀྱིས་ཁྲིད་དེ། ཁྱེད་ཀྱི་ཉེ་འགྲམ་དུ་བཅར་ཡང་། དུས་ཚོད་ཀྱི་དབང་གིས། ཁྱེད་རང་དུས་ཚོད་ཀྱིས་བོར་བ་ལྟར།  ཉི་ནུབ་རྗེས་ཀྱི་འཁྲེང་སེམས་ལ་སྙིང་པོ་ཅི་ཡང་མ་ཡོད། འཁྲེང་སེམས་དེའི་དབང་གིས་མི་ཚོགས་རྣམས་རང་སར་ལོག འཁྱག་ཤུར་ཤུར་དུ་བཞུར་བའི་དུས་ཚོད་ཀྱི་ངོས་ནས་ལུས་སེམས་ལ་བཅར་ཚེ། ང་ནི་ཕྱི་སྟོང་ནང་སྟོང་གི་ཁེར་རྐྱང་ཞིག་ཡིན། དགུན་རླུང་དང་མཉམ་དུ་འཕུར་རན་སོང་།
    འཁྱག་གྲང་འཐབ་པའི་ལུས་ངག་དག དབུགས་ཀྱི་འབྱིན་རྔུབ་བར་ནས་འགྱུར་སོང་། དགུན་ཁ་འདི་ནས། ངས་ཁ་བ་འབབ་ཚུལ་དང་རླུང་བུ་ལྡང་ཚུལ་ལ་བསམ་ན། ཁྱེད་རང་འདི་ནས་ཁུར་གྱིན་ཡོད་པའམ། ཡང་ན་འབབ་ཀྱིན་ཡོད་ན་སྙམ་པའི་ཚིག་དུམ་འགའ་རྙེད་སོང་།
    ལས་ཀྱི་རླུང་བུ་འདི། སེམས་ཀྱི་རླུང་བུ་ཡིན། དམ་ཚིག་གི་རླུང་བུ་ཡིན། ཚེ་གཅིག་གི་ལུས་ངག་འདི་མཇུག་རྫོགས་ན། གལ་ཏེ། སེམས་ཀྱི་རླུང་བུ་འདིས་ང་ལ་ཅི་ཞིག་གིས་འགྲེལ་བརྗོད་བྱེད། སྐྱེ་འཆི་ཡི་འཇིག་རྟེན་འདིའི་རྒྱུ་བ་ཆད་ན། གལ་ཏེ། ང་ལ་དམ་ཚིག་གི་རླུང་བུ་འདི་ཅི་ལྟར་གཡོ་སྲིད། གལ་ཏེ། ཡོད་ཚད་ཁྱེད་ལ་བསྡུས་བརྗོད་བྱས་རྗེས། དྲན་པས་གདུང་བའི་མི་དེས་ཅི་ཞིག་སྨྲ་སྲིད། ལས་ཀྱི་རླུང་བུ།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།