中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། དགེ་རྒན་ཀླུ་སྒྲོན།
དུས་ཚོད།2020-04-22 11:40:25     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
དེ་རིང་ལས་ཚོགས་སུ་འགྲོ་མི་དགོས་པས་ཀླུ་སྒྲོན་གྱིས་འཆར་གཞི་ལྟར་རང་ལུས་ཀྱི་གྲིབ་མ་ལྟ་བུར་གྱུར་བའི་དཔེ་དེབ་མཐུག་པོ་དེ་དང་རྙིང་རལ་དུ་གྱུར་བའི་ཟིན་བྲིས་རྒྱབ་ཁུག་ཏུ་བཅུག་རྗེས་སྡོད་ཁང་ལས་སྒོར་བུད། དེ་རིང་གནམ་གཤིས་ཧ་ཅང་ཡག་པས་རང་འབབ་ཆུའི་མཐའ་འཁོར་དུ་བཅའ་སྡོད་སློབ་མ་དག་གིས་རུབ་འདུག ཁོ་ཚོས་གཟའ་འཁོར་གཅིག་གི་ཡུན་ལ་གྱོན་པའི་ཚི་དྲེག་ཅན་གྱི་ལྭ་བ་དང་གཟའ་འཁོར་གཅིག་གི་ཡུན་ལ་ཆུ་མ་རག་པས་རྫབ་རྫོབ་དུ་གྱུར་བའི་སྐྲ་ལོ་སོགས་ལ་གཙང་སྦྲ་བྱེད་གྱིན་གདའ། ཀླུ་སྒྲོན་གྱིས་ཧ་ཅང་རྒྱུས་ཡོད་ངང་རྣ་ནང་ལ་ཁ་པར་གྱི་རྣ་ཉན་བཙུགས་ཏེ་གླུ་མ་ཆོས་འཛོམས་ཀྱིས་བཏང་བའི་རྡུང་ལེན་ཞིག་ལ་ཉན་གྱིན་སློབ་རའི་རྒྱ་སྒོ་ལས་ཕྱི་རུ་བུད།
    ཀླུ་སྒྲོན་དང་བར་ཐག་སྤྱི་ལེ་འགའ་ཡིས་ཆོད་པའི་སྡེ་བའི་ནང་དུ་ཁྱི་འགའ་ཟུག་གིན་འདུག་ལ་སྡེ་དཀྱིལ་གྱི་མ་ཎི་ཁང་གི་སྒོ་འགྲམ་དུ་ཉི་མར་ལྡེ་བཞིན་ཁ་བརྡ་ལ་གཡེང་བའི་ལོ་ལོན་འགའ་ཡང་མཆིས། ཁོ་མོས་གཞས་ལ་ཉན་ཞོར་དང་རི་ལ་འགོ་ཞོར་བྱས་པས་ཡུད་ཙམ་གྱིས་རི་རྩེར་སླེབས་སོང་། ཁ་པར་གྱི་རང་བྱེད་ནུས་པར་བརྟེན་ནས་བོད་གླུ་དང་རྒྱ་གླུ་སྐོར་ཞིག་བཏང་བྱུང་ལ་ཁོ་མོས་མིག་རིག་རིག་གིས་རི་ཞོལ་གྱི་གྲོང་ཁང་སྐྱ་ལེབ་དེ་དག་དང་སློབ་རའི་རྩལ་སྦྱོང་ཐང་གི་རྩེད་འཇོ་ལ་རོལ་བའི་སློབ་མ་དག་ལ་བལྟས་འདུག ཀླུ་སྒྲོན་ནི་ལོ་ངོ་གཉིས་ཀྱི་སྔོན་དུ་གྲོང་སྡེའི་སློབ་ཆུང་དུ་ཡོང་བའི་སྐད་ཡིག་དགེ་རྒན་དཀྱུས་མ་ཞིག་ཡིན་ལ་དེ་རིང་ནི་ཏག་ཏག་མོ་རང་སློབ་ཆུང་འདིར་ཡོང་བའི་ཉིན་མོ་ཡིན་འདུག
    དེ་རིང་ནི་སློབ་ཁྲིད་ཀྱི་འགོ་རྩོམ་པའི་ཉིན་མ་དང་པོ་ཡིན་ལ། ཁོ་མོ་སྔ་མོ་ནས་མལ་ལས་ལངས་ཤིང་ཁ་ལག་གཙང་མ་ཞིག་བཀྲུས་པ་དང་ལུས་ལ་ལྭ་བ་སོ་མ་ཞིག་གྱོན་ཏེ་མེ་ལོང་དུ་ལྟ་བཞིནཀླུ་སྒྲོན། རེམས་ཤིག”ཅེས་རང་ཉིད་ལ་སྐུལ་འདེབས་ཤིག་བྱས། སློབ་ཐུན་དང་པོའི་ཅོང་བརྡ་བརྒྱབ་པ་ན། ཁོ་མོས་ཁ་སང་ནས་གྲ་སྒྲིག་བྱས་ཡོད་པའི་སློབ་ཁྲིད་ཟིན་དེབ་དང་སློབ་དེབ་བཅས་བཟུང་སྟེ་སློབ་ཁང་གི་ཕྱོགས་སུ་སོང་། སློབ་ཁང་དང་བར་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་གློ་བུར་སེམས་ལ་འཚུབ་སྣང་ཞིག་བྱུང་སྟེ་སྙིང་གི་འཕར་ལྡིང་ཡང་ཇེ་མགྱོགས་སུ་ཕྱིན། ཚུབ་སྣང་དང་བཅས་སློབ་ཁང་དུ་འཛུལ་ཏེ་ཁྲིད་སྟེགས་སུ་བུད། ཁོ་མོས་སྔ་མོ་ནས་སློབ་མ་ཚོར་ཅི་ཞིག་བཤད་རྩིས་བྱས་ཡོད་པའི་སྐད་ཆ་དག་ཆར་རྗེས་ཀྱི་འཇའ་ཚོན་ཇི་བཞིན་ཡལ་སོང་ལ། ཁྲིད་སྟེགས་གཤམ་གྱི་སློབ་གྲོགས་ཚོས་དགེ་རྒན་གསར་བ་འདི་ལ་མཚར་སྣང་དང་བཅས་མིག་རིག་རིག་བྱེད་བཞིན་མོ་ལ་ཅེར་འདུག་སྟེ། དེ་ནི་ཁོ་མོ་ལ་ཅི་ཞིག་སློང་བའམ་ཁོ་ཚོ་ལ་ཅི་ཞིག་འཐོབ་འདོད་པ་དང་ཀུན་ནས་མཚུངས། དུས་ཡུན་ག་ཚོད་ཅིག་འདས་པ་མ་ཚོར་མོད། རྣ་ལམ་དུ“དགེ་རྒན་ལགས། སྐུ་ཁམས་བཟང་།”ཞེས་སྒྲ་ཞིག་གྲག་བྱུང་བས་ཁོ་མོས་ད་གཟོད་ཅི་ཞིག་ཚོར་བ་ལྟར་སློབ་གྲོགས་ཚོ། སྐུ་ཁམས་བཟང་། ཞེས་ལན་སྟབས་བདེ་ཞིག་བཏབ།
    ཨུན། ཐོག་མར་ངས་རང་ཉིད་མཚམས་སྦྱོར་ཞིག་བྱེད། ངའི་མིང་ལ་ཀླུ་སྒྲོན་ཟེར། སློབ་སྐབས་འདིར་ཁྱེད་ཅག་གི་སྐད་ཡིག་གི་དགེ་རྒན་ཡིན། ད་ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་ནས་སློབ་མཐར་ཕྱིན་པ་ཡིན། ངའི་ཕ་ཡུལ་རྔ་བ་མཛོད་དགེ་ནས་ཡིན། མོས་རང་ཉིད་མཚམས་སྦྱོར་སྟབས་བདེ་ཞིག་བྱས་རྗེས། ཡ། ཞོལ་ནས་སློབ་གྲོགས་ཚོས་རང་ཉིད་ངོ་སྤྲོད་ཅིག་བྱོས་དང་། གྲལ་ཤར་དང་བོ་ནས་འགོ་རྩོམས། ཡ། སློབ་གྲོགས་ཁྱོད་ཡིན། ངའི་མིང་ལ་ཚེ་མགོན་ཟེར།
ངའི་མིང་ལ་ཚེ་དབང་སྐྱིད་ཟེར།
དེའི་འཕྲོར། མུ་མཐུད་དུ།
ངའི་མིང་ལ་དངོས་གྲུབ་ཟེར།
    སློབ་མ་ཚང་མས་རེ་རེ་བཞིན་རང་ཉིད་ངོ་སྤྲོད་བྱས་ཚར་རྗེས་ཁོ་མོས་སློབ་ཚན་གྱི་ཁ་བྱང་སྒོ་སམ་དུ་བྲིས་ཏེ་སློབ་ཁྲིད་བྱེད་འགོ་བརྩམས། སློབ་ཁྲིད་དེ་ནི་ཁོ་མོའི་མི་ཚེ་འདིའི་སློབ་ཁྲིད་ཐོག་མ་ཡིན་ལ། ཁོ་མོས་ཡུན་རིང་རེ་སྒུག་བྱས་པའི་སློབ་ཁྲིད་ཐོག་མ་དེའང་ཡིན།  སློབ་ཁྲིད་གྲོལ་ནས་ཕྱིར་གཞུང་སྒྲུབ་ཁང་དུ་བསླེབས་རྗེས། འདུག་གནས་སུ་བསྡད་དེ་ཐོད་པར་དགུ་མདུད་ཅིག་བརྒྱབ་ནས་ཞིབ་འདང་ཞིག་བརྒྱབ་པ་ན། སློབ་ཐུན་དེར་སློབ་གྲོགས་ཚོ་ལ་དངོས་གནས་སློབ་ཁྲིད་ཅི་ཞིག་བྱས་ཡོད་པ་ཁོ་མོ་ལའང་བཤད་རྒྱུ་མི་འདུག ཡིན་ནའང་ཁོ་མོས་རང་སེམས་གསོ་བའི་ཚུལ་གྱིས་རང་ཉིད་ལ་སྤྱིར་དགེ་རྒན་གྱི་ལས་ཀ་འདི་དཀའ་ཚེགས་ཆེ་ནའང་འབད་བརྩོན་ལྷོད་མེད་བྱས་ན་འབྱུང་འགྱུར་སློབ་ཁྲིད་ཡག་པོ་ཞིག་བྱ་ཐུབ་ངེས་ཅེས་ཁེར་ལབ་བརྒྱབ།
    ཟླ་གསུམ་གྱི་དུས་ཚོད་དེ་ཤིན་ཏུ་མགྱོགས་ལ་མིག་རྡེབ་དབང་ཙམ་གྱིས་ད་ནི་དབྱར་གནང་གི་དུས་ཚོད་ལ་ཉེ་འདུག དེ་རིང་གི་སློབ་ཁྲིད་ནི་སློབ་སྐབས་འདིའི་མཐའ་མཇུག་གི་སློབ་ཁྲིད་ཡིན་ལ། ཁོ་མོས་ཡུན་རིང་གྲ་སྒྲིག་བྱས་པའི་སློབ་ཁྲིད་དེའང་ཡིན།
    དགེ་རྒན་ལགས་སྐུ་ཁམས་བཟང་།
    སློབ་གྲོགས་ཚོ་སྐུ་ཁམས་བཟང་།
    དེ་རིང་མུ་མཐུད་དུ་སློབ་ཚན་ཉེར་ལྔ་བ་སློབ་ཁྲིད་བྱེད། སློབ་གྲོགས་ཚོས་སློབ་ཚན་འདིར་སྔོན་སྦྱང་མ་བྱས་མཁན་ཨེ་ཡོད། དགེ་རྒན་ཀླུ་སྒྲོན་གྱིས་དེ་ལྟར་དྲིས་ཀྱང་སློབ་མ་ཚོས་ཕན་ཚུན་བར་མིག་བརྡ་རེ་འཕེན་བཞིན་འཇམ་ཅག་གེར་ཁ་ཅི་ཡང་མ་གྲགས་པར་རང་གནས་སུ་བསྡད། མོས་སློབ་ཚན་ཁྲོད་ཀྱི་ལེགས་བཤད་ཚན་བཤུས་ཤིག་སྒོ་སམ་སྟེང་དུ་བྲིས་ཏེ་སློབ་མ་ཚོར་ཀློག་ཏུ་བཅུག སློབ་མ་ཚོས་མིག་རིག་རིག་གིས་སྒོ་སམ་དུ་ཅེར་བཞིན་སྐད་གསང་མཐོན་པོའི་ངང་ཀློག་འགོ་བརྩམས། དགེ་རྒན་ཀླུ་སྒྲོན་ཁྲིད་སྟེགས་ཀྱི་ཟུར་དུ་བསྡད་དེ་སློབ་མ་ཚོས་ཚིག་གི་གཅོད་མཚམས་དང་ཁ་ལྕེ་དག་མིན་སོགས་ལ་དཔྱད་བཞིན་བསྡད་འདུག
    སློབ་མ་རྣམས་ལ་དབྱར་གནང་བྱིན་ནས་གཟའ་འཁོར་གཅིག་ལྷག་འགོར་སོང་བས་སློབ་གྲྭ་རུ་ཕྱི་ཡོང་དགེ་རྒན་འགའ་དང་ཨ་ཁུ་སྒོ་སྲུང་བཅས་ལས་མི་འདུག་པས། སློབ་གྲྭའི་ཁོར་ཡུག་འདི་ལྷིང་འཇགས་སེར་གནས་འདུག སང་ཉིན་དགེ་རྒན་ཀླུ་སྒྲོན་ཡང་ཡུན་རིང་གྱེས་པའི་ཕ་ཡུལ་གྱི་པང་དུ་ལོག་འཆར་ཡོད་པས། དེ་སྔོན་སློབ་གྲྭ་འདིར་ཡོང་སྐབས་འཁྱེར་ཡོང་བའི་རྩམ་པ་ལྷག་པ་དེ་དང་ཀ་ར་བཅས་བཟུང་སྟེ་ཨ་ཁུ་སྒོ་སྲུང་གི་ཁྱིམ་ཕྱོགས་སུ་སོང་། ཁྱོད་ཐོན་པ་འགྲིག་སོང་། ངས་ད་སོ་མ་དྲོས་ཇ་ཞིག་འཐུང་རྩིས་ཡིན། ང་སང་ཉིན་ཡུལ་ལ་འགྲོ་རྩིས་ཡོད། ངས་ཁྱེད་ལ་རྩམ་པ་ལྷག་པ་ཞིག་དང་ཀ་ར་རེ་འཁྱེར་ཡོང་ཡོད། དགེ་རྒན་ཀླུ་སྒྲོན་གྱིས་དེ་ལྟར་ཟེར་བཞིན་རྩམ་པ་བཅུག་ཡོད་པའི་འགྱིག་ཁུག་དེ་དང་ཀ་ར་ཁོའི་ལག་ཏུ་བཞག ཨ་ཁུ་སྒོ་སྲུང་ནི་ལོ་ན་བདུན་ཅུ་ལྷག་ལོན་པའི་རྒན་པོ་ལོ་ལོན་ཞིག་ཡིན་ལ། ནམ་རྒྱུན་སློབ་ཁྲིད་སོགས་ལས་ཀ་མེད་དུས་དགེ་རྒན་ཀླུ་སྒྲོན་ཨ་ཁུ་སྒོ་སྲུང་གི་སར་སོང་ནས་ཉི་མ་ལྡེ་ཞོར་ཁ་བརྡ་བྱེད་པ་དང་ཨ་ཁུ་སྒོ་སྲུང་གི་ལྭ་བ་སོགས་བཀྲུ་བ་ཡིན་ལ། ཁོ་མོར་མཚོན་ན་ཨ་ཁུ་སྒོ་སྲུང་ལ་རང་གི་ཨ་མྱེ་ལྟ་བུའི་བརྩེ་བ་ཆགས་ཡོད།
    ཞོགས་པར་སློབ་གྲྭ་དང་འབྲལ་སྐབས་ཨ་ཁུ་སྒོ་སྲུང་ལམ་གྱི་བཞི་མདོ་དེར་ཁོ་མོ་སྐྱེལ་མ་བྱེད་དུ་འོངས། ཁོ་མོ་སློབ་གྲྭ་དང་འབྲལ་བའི་སྐབས་འདིར། རླངས་འཁོར་གྱི་ཕྱི་རོལ་ནས་ཨ་ཁུ་སྒོ་སྲུང་གིས་བློ་སེམས་རྣམ་དག་གིས་གྱེས་བརྡ་གཏོང་བའི་རྣམ་པ་དེ་མཐོང་དུས། ཁོ་མོ་སློབ་གྲྭ་དང་འབྲལ་མི་ཐུབ་པའི་སྣང་བ་ཞིག་བྱུང་། རླངས་འཁོར་གྱི་འགྲོས་དང་བསྟུན་ནས་ཨ་ཁུ་སྒོ་སྲུང་གི་གཟུགས་བརྙན་རིམ་གྱིས་རྒྱབ་ཕྱོགས་སུ་བསྐྱུར་བ་དང་། མོས་རླངས་འཁོར་ཕྱི་རོལ་གྱི་ཨ་ཁུ་སྒོ་སྲུང་དང་སློབ་གྲྭར་ལྟ་ཞོར་སླར་ཡང་མཇལ། ཞེས་རིང་དུ་ཆས་སོང་ངོ་།། (རྔ་བ་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་མ་མགར་སྲས་མོ།) 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།