中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན།
དུས་ཚོད།2020-07-24 10:33:20     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
  མཐུན་སྒྲིལ་ཞེས་པའི་མིང་ཚིག་འདི་ཐོས་འཛིན་གྱི་བུ་གར་རྒྱུ་དུས། ང་ཚོ་མི་མང་པོ་ཞིག་ལ་བག་ཆགས་ཟབ་མོ་ཞིག་ཡོད་རྒྱུ་རེད། ང་ལ་མཚོན་ནའང་དེ་ལས་མ་འདས་ཏེ། ང་དང་མཐུན་སྒྲིལ་གྱི་བར་ན་བརྗོད་མི་ཚར་བའི་གཏམ་རྒྱུད་མང་པོ་ཞིག་ཡོད།
    གོམ་པའི་འདེགས་འཇོག་ཀ་ཁའི་གླིང་ལ་ཐོག་མར་བསྒྱུར་དུས་ཀྱི་སྐབས་ནས་བཟུང་། དགེ་རྒན་དང་ཕ་མ་དྲིན་ཅན་ཚོས་བསླབ་བྱའི་དང་པོ་སློབ་གྲོགས་བར་མཐུན་སྒྲིལ་བྱེད་དགོས་ཚུལ་གནང་ལ་བསླབ་བྱ་སྩོལ་ཐེངས་རེ་ལ་ཡང་དང་ཡང་དུ་བཟློ་བས་གོམས་ལོབས་སུ་སོང་ཡོད། འོན་ཀྱང་བསམ་བློ་ནར་མ་སོན་པའི་དབང་གིས་ང་ཚོས་སློབ་གྲོགས་བར་ལ་རྡུང་རེས་མི་རྒྱག་པ་དང་རུམ་བྲོ་མཉམ་དུ་ཟོས་པ་ན་མཐུན་སྒྲིལ་བྱས་སོང་བ་ལ་ངོས་བཟུང་བ་ཡིན། དེ་ནས་ཅུང་ཟད་ནར་སོན་པ་ན་མཐུན་སྒྲིལ་ཞེས་པའི་མིང་ཚིག་དེ་སློབ་ཚན་ལས་ཁྲིད་ཅིང་དགེ་རྒན་རྣམས་ལ་བློར་ཡང་བཟུང་བས་སློབ་གྲྭ་དང་སློབ་ཁང་། མལ་ཁང་གི་གྲུ་ཟུར་རེ་རེ་ན་མཐུན་སྒྲིལ་གྱི་མིང་ཚིག་ཆེན་པོ་རེ་སྦྱར་ཡོད་པ་མཐོང་མྱོང་ལ། ལྷག་པར་དུ་ང་ཚོའི་མ་ཡུམ་སློབ་གྲྭའི་སློབ་གླུའི་མགོ་མ་ནི། སྤུན་ཟླ་བཞིན་དུ་བརྩེ་བའི།། ཕན་ཚུན་མཐུན་སྒྲིལ་བྱེད་ཅིང་།། ཞེས་པ་དེ་ཡིན་ལ། དེ་དག་ལ་བསམ་གཞིག་བྱེད་ཐེངས་རེར་མཐུན་སྒྲིལ་ནི་ང་རང་གིས་ངོས་བཟུང་བ་ལྟ་བུའི་ཁྱབ་ཁོངས་ཆུང་ངུ་ཞིག་མིན་པའང་ཐོལ་གྱིས་རྟོགས་བྱུང་།
    སློབ་གྲོགས་བར་རྡུང་རེས་མི་རྒྱག་པ་དང་རུམ་བྲོ་མཉམ་དུ་ཟ་བ་ནི་མཐུན་སྒྲིལ་གྱི་མཚོན་བྱེད་ཡིན་ཡང་དེ་ཁོ་ན་ཙམ་གྱིས་སྟོན་མི་ཐུབ་སྟེ། ཆུང་བ་བྱ་བྱིའུ་དང་འབུ་རིགས། རི་དྭགས་དང་གཅན་གཟན་སོགས་མི་མ་ཡིན་པའི་དབུགས་ལྡན་དག་ལ་མཐུན་སྒྲིལ་ལྡན་པ་མཐོང་ཐུབ་ལ་ང་ཚོ་མིའི་རིགས་ལ་ཡང་ཁྱིམ་ཚང་གི་མཐུན་སྒྲིལ། མི་རིགས་ཀྱི་མཐུན་སྒྲིལ། རྒྱལ་ཁབ་ཀྱི་མཐན་སྒྲིལ་སོགས་མདོར་ན་ཚོགས་པ་ཆེ་ཆུང་གང་ཡིན་རུང་མཐུན་སྒྲིལ་ལྡན་ན་སྟོབས་ཤུགས་ཆེ་ཆེར་རྒྱས་ལ་བདེ་སྐྱིད་ཀྱང་ཐོབ་སྲིད། དེ་ཡང་ས་སྐྱ་ལེགས་བཤད་ལས། མང་པོ་གཅིག་ཏུ་བློ་མཐུན་ན།། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།། སྲོག་ཆགས་གྲོག་མའི་ཚོགས་འདུས་པས།། སེང་གེའི་ཕྲུ་གུ་བསད་ཅེས་གྲགས།། ཞེས་པ་ཡང་མཐུན་སྒྲིལ་ལྡན་ན་སྟོབས་ཤུགས་ལྡན་པའི་གནས་ལུགས་གསལ་བར་བསྟན་པ་ཡིན།
    གྲོག་མ་མང་པོས་མཐུན་སྒྲིལ་བྱེད་པས་ངོ་མཚར་བའི་གྲོག་ཚང་བརྩིགས་པ་ཡིན་ལ། ཁྲུང་ཁྲུང་དང་རྔ་མོང་ལྷོ་སྣེ་མུ་ཁྱུད་ན་འཚོ་བ་སོགས་རང་རང་གི་ས་ན་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱིས་འཚོ་བ་རོལ་བཞིན་པ་རེད། དེ་ནི་མཐུན་སྒྲིལ་ཡིན་ལ་དེ་དག་གིས་བློ་སེམས་གཅིག་ཏུ་མཐུན་ནས་དགྲ་བོ་ལ་དོགས་ཟོན་དང་གཟན་འཚོལ་བ་སོགས་བྱེད་བཞིན་པ་རེད། བརྗིད་ཆགས་པའི་ཕོ་བྲང་པོ་ཏ་ལ་དང་། ལེ་དབར་སྟོང་ཕྲག་གིས་ཆོད་པའི་ལྕགས་རི་རིང་བོ་སོགས་མཐུན་སྒྲིལ་གྱི་དཔའ་སྤོབས་ལས་བསྐྲུན་པ་སོགས། མཐུན་སྒྲིལ་གྱི་འབྲས་བུ་ནམ་མཁའི་སྐར་ཚོགས་ལ་འགྲན།
    ཁྱད་པར་དུ་ལག་པའི་ཕྱི་ནང་ཤ་རེད། མཛུབ་མོ་ལྔ་བོ་སྤུན་རེད། མཛུབ་མོ་ལྔ་བཅངས་ཁུ་ཚུར་ཞེས་པ་བཞིན། ཉིས་སྟོང་ཉི་ཤུ་ལོར་མི་འདོད་བདུད་ཀྱི་ནད་དུག་ཅིག་གིས་གཡབ་མོ་བྱས་རྐྱེན་ཏོག་དབྱིབས་ནད་ཡམས་གློ་བུར་དུ་གང་སར་ཁྱབ་པས་མི་རྣམས་ཀྱི་བདེ་སྣང་ལ་འཇིགས་སྐུལ་ཞིང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་ཞིག་བཟོས་ཡོད་མོད། ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་རིགས་སོ་སོས་དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་ནད་དུག་ལ་རྒོལ་བ་དང་། རབ་དཀར་གོས་བཟང་བཀླུབས་པའི་ལྷ་རྗེ་ཡི་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་ནད་ཡམས་སྔོན་འགོག་ལ་བརྩོན་ཞིང་། གནས་ཚུལ་གྱི་ཚ་རླབས་དྲག་ཏུ་འཕྱུར་དུས་ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་དམངས་སོ་སོས་གོང་འགོ་ཁྲིད་ཀྱི་བཀའ་གསུང་ལག་ཏུ་བསྟར་ཏེ་རང་རང་གི་སྒྲུབ་དགོས་པའི་འོས་འགན་ལྷུར་བླངས་པས་རྒྱལ་ཁབ་གཞན་དག་དང་བསྡུར་ན་ང་ཚོའི་མ་ཡུམ་མེས་རྒྱལ་ནད་དུག་ལས་རྒྱལ་ཡོད་པས། མུ་ནས་མུ་རུ་མདུན་བསྐྱོད་ཀྱི་ལམ་ལ་ཆས་བཞིན་པ་ནི་མིག་མཐོང་ལག་ཟིན་དུ་སྣང་། 2010ལོའི་ཡུལ་ཤུལ་ས་འགུལ་ཁྲོད་དུའང་དེ་དང་འདྲ་སྟེ་དམངས་སེམས་གཅིག་ཏུ་སྒྲིལ་ལ་མ་སྐུལ་དང་བླངས་སྒོས་གནོད་ཐེབས་ས་ཁུལ་ལ་བྱམས་བརྩེ་ཡི་གཤོག་ཟུང་རིང་དུ་བརྐྱངས་ཏེ་གནོད་འཚེ་ལས་བསྐྱབས་ཏེ་བདེ་སྐྱིད་ཀྱི་ལམ་ལ་བཀོད་ཡོད་པ་ནི་མཐུན་སྒྲིལ་བྱས་པ་ལས་བྱུང་བ་གདོན་མི་ཟ།
    མདོར་ན། མཐུན་སྒྲིལ་ནི་དགོས་འདོད་སྐོང་བའི་ནོར་བུ་སྟེ། མཐུན་སྒྲིལ་ལས་སྟོབས་ཤུགས་འབྱུང་ལ། སྟོབས་ཤུགས་ལས་ང་ཚོས་སྐོམ་པས་ཆུ་འདོད་པ་ལྟར་རེ་བའི་རྒྱལ་ཁ་དང་བདེ་སྐྱིད་སོགས་ངང་གིས་འབྱུང་བས། ང་ཚོས་མཐུན་སྒྲིལ་གྱི་དར་ཆ་དགུང་དུ་འདེགས་ལ། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཀྱི་ཁྲོད་ཞབས་འདེགས་རྣལ་མ་ཞིག་ཞུ་བར་བརྩོན་པར་བྱའོ།། 
                                                                                                        (མཐོ་འབྲིང་གཉིས་པའི་འཛིན་གྲྭ་གསུམ་པའི་སློབ་མ་བསོད་ནམས་སྒྲོལ་མ།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།