中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། མ་ཡུམ་སློབ་གྲྭས་ཞེ་ལ་སྐྱོ་བ་བསླངས།
དུས་ཚོད།2020-07-24 10:37:56     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། གཏེར་ལུང་དཔལ་ལྡན། [བསང་ཆུ]     ཆུང་། | འབྲིང་། | ཆེ།
   དེ་རིང་སྟེས་དབང་གིས་མ་ཡུམ་སློབ་གྲྭའི་ར་སྐོར་ལ་ཐེངས་གཅིག་འགྲོ་བའི་གོ་སྐབས་བྱུང་། གོ་སྐབས་འདིས་ཆེད་དུ་བདག་ལ་མི་རྟག་པའི་ཆོས་སྐོར་ཐེངས་ཤིག་དམར་ཁྲིད་བྱེད་པ་འམ། བསམ་གཟས་ནས་སྐྱོ་བའི་ན་ཟུག་ཅིག་བསླངས་བྱུང་། སྤྱིར་བཏང་མ་ཡུམ་སློབ་གྲྭའི་ནང་ལ་སླེབས་པ་ནི་དགའ་འོས་པ་ཞིག་ཡིན་ཀྱང་། ངས་ནི་ཞེ་སྐྱོ་བའི་དངན་པ་དགུ་བརྩེགས་སུ་འཐེན་དགོས་བྱུང་། རང་ཉིད་སློབ་གྲྭ་ཞེས་པའི་སྒོ་ཐེམ་ལ་གོམ་པ་ཐོག་མར་སྤོ་ས་ནི་ཨ་ཛིའི་སློབ་ཆུང་འདི་ཡིན། དགེ་རྒན་གྱིས་སློབ་གྲྭ་ཡོད་ས་འདི“གནས་བཟང་བ་དང་ས་བཟང་བ”ཡིན་ཞེས་ལན་དུ་མར་སྨྲས་པ་གོ་ཐོས་བྱུང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ།། ལེགས་པར་རྙེད་དང་གནས་བཟང་དང་།། ས་བཟང་བ་དང་གྲོགས་བཟང་དང་།། རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན།། ཞེས་གསུངས་པ་ལྟར་མཐུན་རྐྱེན་རྙེད་སླ་བའི་ལེགས་པར་རྙེད་པ་དང་། དགྲ་དང་གཅན་གཟན་སོགས་ཀྱིས་འཚེ་བ་མེད་པའི་གནས་བཟང་བ་དང་། ནད་མི་སྐྱེད་པའི་ས་བཟང་བ་དང་། ཆོས་ལྡན་གྱི་གྲོགས་བཟང་བ་དང་། འདུ་འཛི་དང་ཀུ་ཅོའི་སྒྲ་སོགས་མེད་པར་ཏིང་ངེ་འཛིན་སྐྱེ་བ་དང་མཐུན་པའི་རྣལ་འབྱོར་བདེ་བའི་ཡོ་བྱད་དང་ལྡན་པ་སྟེ་ཁྱད་པར་ལྔ་ལྡན་གྱི་གནས་སུ། དགེ་བའི་བྱ་བ་གང་ཡང་འགྲུབ་པའི་ཁྱད་པར་ཡོད་ཚུལ་གཞུང་ནས་གསུངས། ས་བཟང་བའི་རྐྱེན་ཡིན་ནམ་གང་ལྟར། སྐབས་དེར་སློབ་གྲྭའི་དགེ་རྒན་གྱི་ཆ་རྐྱེན་དང་འཛུགས་སྐྲུན་སོགས་འཛོམས་པོ་མིན་ཡང་དགེ་སློབ་ཚོའི་སེམས་ཁམས་སྤྲོ་སྣང་གིས་ཁེངས་ཡོད། བཅུ་ཕྲག་རིག་གནས་ཀྱི་རྩ་བ་ནི་སྐད་དང་ཡི་གེ་ཡིན་ལ། སློབ་ཆུང་འདིས་ང་ལ་སྐད་ཡིག་གཉིས་ཀྱི་ཆེས་རྩ་བའི་རྨང་གཞི་བཏིངས། རྒྱ་ཡིག་གི་སྦྱོར་ཀློག་ལ་ཅུང་ཟད་བྱང་བ་འདི་ཡང་རྒྱ་ཡིག་དགེ་རྒན་རུས་ཝང་ཅན་གྱི་དགེ་རྒན་དེའི་ཞལ་སྒོ་ནས་ཐོན་པ་ཤ་སྟག་ཡིན། དགེ་རྒན་གཉིས་ཀྱི་གཟུགས་བྱད་དང་རྣམ་འགྱུར། གཤིས་ཀ་སོགས་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་ཡིད་ལ་འཇགས། རྒྱ་ཡིག་དགེ་རྒན་དེ་ཧ་ཅང་བཙན་པོ་ཞིག་ཡིན་པས་དེ་འདྲའི་དགའ་བོ་མི་བྱེད་ཀྱང་། ཕྱིར་འདང་ཞིག་བརྒྱབ་ཚེ་དགེ་རྒན་དེ་ཡང་དྲིན་གྱི་རྩ་བར་མཐོང་། མ་མཐའ་ཡང་རྒྱ་ཡིག་མིང་ཚིག་བརྒྱ་ཕྲག་ཁ་ཤས་བསླབ། སློབ་མ་ཡིན་པའི་སྐབས་དེར། ངའི་ངོས་ནས་བརྗོད་ན་ཆེས་སྐྱིད་པའི་དུས་སྐབས་ཤིག་ཡིན་མོད། ཆེས་དཀའ་ཚེགས་ཆེ་བའི་དུས་སྐབས་ཤིག་ཀྱང་ཡིན། སྐབས་དེར་སློབ་མ་བཅུ་ཕྲག་ལས་གྲུབ་པའི་འཛིན་གྲྭའི་ནང་གི་སློབ་མ་ཕལ་ཆེར་སློབ་སྦྱོང་ལ་དགའ་བ་རྐྱང་རྐྱང་རེད། ང་ཚོ་ནང་མི་ལྟ་བུའི་གྲོགས་སུ་གྱུར། ཉིན་དཀར་སློབ་སྦྱོང་བྱས་རྗེས་ལེ་བར་ལྔ་དྲུག་གི་ལམ་ཐག་བརྒྱུད་དེ་ཡུལ་ལ་ལོག་དགོས་ཤིང་། ནངས་སྔ་ལངས་ཀྱིས་ཕྱིར་སློབ་གྲྭ་རུ་བསྐྱོད་དགོས། མཚམས་མཚམས་སུ་སྔ་དྲགས་པས་སྐར་མའི་གྲངས་ཀ་བརྩིས་ནས་བསྡད་པའང་ཉུང་ཉུང་ག་ལ་ཡིན། ཀུན་པོ་བྱིས་པའི་རྣམ་གཡེང་དང་འགྲོགས་པས་དཀའ་སྣང་ཞིག་རྩ་བ་ནས་འབྱུང་མི་སྲིད། ང་ཚོས་རང་གི་ཕུགས་བསམ་གླེང་ནས་སྐབས་ལ་ལར་རྒྱལ་བོ་དང་བློན་པོ་བྱེད་སྲིད་ལ། སྐབས་ལ་ལར་སྒྱུ་རྩལ་བ་དང་སྐར་ཆེན་ཞིག་བྱེད་ངེས་པའི་སྐད་ཆ་རྫིག་པོ་དེ་དག་དྲན་ན་ངོ་གདོང་ཡོངས་ཚ་ལམ་ལམ་དུ་གྱུར་འགྲོ། ཡིན་ན་ཡང་རང་གི་མི་ཚེའི་ཐོག་མའི་དམ་བཅའ་ལས་གཡོལ་མེད་པ་བསམ་ན་རང་ལའང་བྱ་དགའ་རེ་འབབ་པའི་འཁྲུལ་ཤེས་རེ་སྐྱེས། ཁོ་ཚོ་ཕལ་ཆེར་ཁུལ་ཡོངས་ཀྱི་སློབ་མ་རྩེ་གྲ་ལ་གདམས་པ་སོགས་ལྟོས་འཇོག་གིས་བཤད་ན་རང་ལས་ལྡབ་འགྱུར་གྱིས་ལྷག་པ་ཡོད། ད་སྐབས་རང་རང་གི་ལས་སྣེ་རུ་མི་ཕམ་པའི་གནས་སུ་ལངས་ནས་ཡོད། འདི་དག་ཐམས་ཅད་དགེ་རྒན་ཞིག་གི་སྙིང་སྟོབས་དང་དད་མོས་ལས་བྱུང་བར་སྙམ་སྟེ། དགེ་རྒན་ཁོང་ནི་གཙོས་མི་རིགས་སློབ་གྲྭ་རུ་བླ་མ་རིན་པོ་ཆེའི་སློབ་མར་གྱུར་བ་དང་། རིམ་གྱིས་བླ་མའི་བཀའ་གསུང་སྲོག་ལས་གཅེས་པར་འཛིན་པའི་སྣོད་ལྡན་གྱི་སློབ་མ་ཞིག་ཏུ་གྱུར། སློབ་གྲྭ་འདིར་ཡོང་བ་ཡང་བླ་མའི་བཀའ་དང་དུ་བླངས་པ་ཡིན་པ་རྗེས་སོར་ཤེས། ཁོང་གི་ལྷག་བསམ་དང་བརྩོན་འགྲུས་ལ་ས་ཆ་ཡུལ་ཕྱོགས་ཀྱིས་གདེང་འཇོག་དཔེ་མེད་པ་བྱེད། ཁོང་ནི་སློབ་གྲྭ་འདིའི་མགོ་རྣ་འཛིན་མཁན་ཡིན། དེ་རིང་སློབ་གྲྭ་སྟོང་ལྷང་ལྷང་དུ་སོང་བའི་ཤུལ་ན་རུ་ཁག་ལྟེ་གནས་བཙུགས། རྒྱ་མི་ཁ་ཤས་ཀྱིས་ཡིད་ལ་སྐྱོ་བ་དགུ་སྤྲུགས་སུ་སྟེར། ངའི་སློབ་གྲོགས་ཚོའི་གཞོན་ནུའི་རྐང་རྗེས་དག་གསལ་ལ་མི་གསལ་བའི་ཚུལ་དུ་གནས། དགེ་རྒན་གྱིས་རྒྱུན་དུ་རྡུང་མྱོང་བའི་ཅོང་རྙིང་དེ་ད་ལྟ་གང་ན་ཡོད་དམ། ཅོང་རྙིང་དེས་མི་མང་བོ་ཞིག་རྨོངས་པ་ལས་སད་དུ་བཅུག་ཡོད། དེ་བཞིན་དགེ་རྒན་བཞུགས་མྱོང་པའི་ཁང་བ་དང་། ང་ཚོས་ཀ་ཁའི་གླུ་དབྱངས་ལེན་སའི་སློབ་ཁང་། སུ་དང་གང་ཞིག་གི་ཧམ་སེམས་ཀྱི་ལག་པས་དྲལ་སོང་ངམ། མི་ལོ་བཞིའི་རིང་གི་སྦྱངས་འབྲས་འཁྱེར་ནས་གཙོས་བོད་འབྲིང་ལ་ཤར་བསྐྱོད་བྱེད་དུས། དགེ་རྒན་གྱིས་ངའི་སློབ་བུ་ཚོས་རྒྱུག་མ་འཕྲོད་ན་ཟླ་ཕོགས་མི་དགོས་ཞེས་བྲང་ཁ་ལག་པས་བརྡུངས་པའི་དཔའ་སྐད་དེ་ཡང་ལྷང་ལྷང་དུ་ཡིད་ལ་འཁོར་ཡོང་། དད་པས་ལུས་ངག་ཡིད་གསུམ་བརླན་པའི་དགེ་རྒན་ལགས། ཁྱེད་ཀྱིས་བླ་མའི་བཀའ་བརྩིས་ཏེ་ས་འདིའི་མི་མང་བོ་ཞིག་ཤེས་རིག་གི་ལམ་ཁར་བཞག ལས་འཁྱུར་ངལ་གསོའི་སྐབས་སུའང་གདན་ས་རང་དུ་ཡོང་ནས་དགོན་པའི་སྔོན་འགྲོའི་འཛིན་གྲྭ་རུ་དཀའ་བ་ཁྱད་དུ་བསད་ནས་བན་ཕྲུག་ཚོར་གསེར་ཁུ་དངུལ་ཁུ་བླུད། ཐ་ན་ཁྱེད་ཀྱིས་དཀོར་ཟས་གོ་རེ་གཅིག་ཀྱང་ཟས་མ་མྱོང་། རྒྱལ་ཁབ་ཀྱི་དཀོར་གྱི་སྟེང་ལ་དགོན་པའི་དཀོར་ཟ་ག་ལ་ཉན་ཞེས་ང་ལ་གོ་རྒྱུ་ཅན་མང་དུ་གསུངས། དེ་ལྟར་ངལ་བརྒྱའི་སྦུབས་སུ་བལྟས་བལྟས་རིག་རིག་ལ་སྐུ་ཉམས་དམས་སུ་གྱུར། མཐའ་དད་པའི་སྟོབས་ཀྱིས་རྐྱང་ཕྱག་ཏག་ཏག་གིས་བདེ་ཐང་ཡལ་བར་དོར་ཏེ་རང་ཉིད་མལ་སར་འཕངས། ཤ་ཟད་རུས་ལ་ཐུག་པའི་སྐུ་ལུས་དེ་མི་རྟག་གཡར་མ་ཉིད་དུ་གསུངས་དུས་ངས་རང་ཉིད་གྲྭ་བ་ཞིག་གི་ཚད་ཀྱིས་ལན་ཡག་པོ་ཞིག་ཞུ་རྒྱུ་ཡང་མ་རྙེད། སྟོབས་བཞིས་གཤགས་སྡོམ་ཞིག་ཤོད་ཟེར་བའི་རེ་བཞག་དེ་ཡང་ཞེ་ཚིམ་པ་ཞིག་ཤོད་ཡོད་མེད་ཅི་ཆ། གང་ལྟར་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ཏེ་ཕྱི་མ་རང་ཁྱིམ་ལ་འགྲིམ་པ་ལྟ་བུའི་སྤོབས་པས་ཕྱིན་སོང་ངོ་།
    དཀའ་བས་བསགས་པའི་རྒྱུ་ནོར་ལྷག་མ་དེས་ཀྱང་བླ་མའི་གདན་ས་ལ་མ་ཎི་ཞིག་བསྐོར་ཟེར་བའི་གཏམ་དེས་ཡོད་ཚད་མཚོན་ཡོད། གཏན་ཚིགས་ཀྱི་རབ་ཁ་ནས་ཁྱིམ་མི་དང་སློབ་བུ་ཚོས་ཁྱེད་ཀྱི་བདེ་ཐང་བསམ་པའི་སྐད་ཆ་དེ་དག་རྣ་རྒྱབ་ཀྱི་རླུང་ལ་བསྐུར་སོང་། བླ་མའི་བཀའ་གསུང་སྣ་གཅིག་ཀྱང་ཚོགས་བསགས་ཀྱི་ཡུལ་དུ་སྒོམ་ནས་སྲོག་བསྡོས་བྱེད་པ་ནི་ཀུན་ལ་མཐུན་དུ་གྲུབ། དད་པ་དམ་ཚིག་གཙང་བའི་གཤིས་ཀ་དེས་སློབ་བུ་ཚོའི་སེམས་ལའང་གཏན་ཚིགས་ཀྱི་རྡོ་རིང་གཏན་པོ་བསླངས། དེ་བས་ཁོང་ནི་ངའི་མི་ཚེའི་ཁྲོད་ཆེས་ཤུགས་རྐྱེན་ཆེ་བའི་དགེ་རྒན་ཞིག་ཡིན། དགུང་ལོ་བགྲེས་རྒྱུ་མེད་ན་ཡང་། དཀའ་བ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག་གིས་སློབ་བུ་མང་བོ་ཞིག་མི་ཡུལ་གྱི་ཟས་རིན་དུ་བཞག་ནས་ང་རྒྱལ་ངང་ཕེབས་སོང་། སྐུ་འདའ་ཁ་མའི་ཞལ་ཆེམས་དེས་ཁྱེད་རང་བདེ་ལྡན་དག་པའི་ཞིང་ཁམས་སུ་ཆོས་ཀྱི་ཉམས་ལེན་ལ་གནས་ཡོད་པར་ཐེ་མི་ཚོམ་ཨང་། ཡིན་ཡང་ངས་དེ་རིང་ང་ཚོའི་སློབ་གྲྭའི་ར་སྐོར་ན་སྐྱོ་བ་སྒུམ་བཞིན་ཁྱེད་རང་དྲན་ཞིང་ཁྱེད་ཉིད་སྒོམ་བཞིན་ཡོད། ཞི་དུལ་གྱི་ཉམས་དང་། བྱམས་བརྩེས་ཁེངས་པའི་ཞལ་སྐྱིན་གྱིས་རང་གི་ཡིད་ལ་ངལ་གསོ་ཞིག་ཐོབ་པར་སྙིང་ནས་རེ། རང་ཉིད་ཀྱིས་ཁྱེད་ཀྱི་ལྷག་བསམ་དང་བརྩོན་འགྲུས་ཀྱི་རྒྱུན་སྐྱོང་ཐུབ་ཀྱིན་མེད་པ་བསམ་ན་དགེ་རྒན་ཁྱེད་རང་དྲན་མི་བཟོད་པ་ཞིག་ཀྱང་རེད་ཨང་། མཚན་བརྗོད་པར་དཀའ་བ་དགེ་རྒན་རིན་པོ་ཆེ་རིན་ཆེན་རྒྱལ་ལགས།།  
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།