中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ཤེས་རྨོངས་ཀྱི་འཇིག་རྟེན་འདི
དུས་ཚོད།2020-07-24 10:40:25     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
 ཤེས་རྨོངས་ཀྱི་འཇིག་རྟེན་འདིར་ཤེས་བྱ་ཡི་འོད་སྣང་འདྲེན་མཁན། མ་འོངས་གངས་ལྗོངས་འཛུགས་སྐྲུན་བྱེད་པའི་མྱུག་གསར་དག་གི་བདེ་སྡུག་ཁྱེད་ལ་བཅོལ་ཡོད། ཁྱེད་ནི་དེ་ལྟར་ཏེ། མ་འོངས་མེས་རྒྱལ་གྱི་བདག་པོ་སྐྱོང་མཁན་ཡིན་པས། ཁྱེད་ཀྱི་བྱ་བཞག་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་།
    བདག་གི་མི་ཚེའི་ཁྲོད་གལ་འགངས་ཆེ་བའི་ཐོག་མའི་ལམ་ཁར་གོམ་སྟབས་བསྒྱུར་ཏུ་འཇུག་མཁན། ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་ཡོད་ཚད་སློབ་བུ་ང་ཚོའི་དོན་དུ་ཕུལ་ཡོད་ལ། དུས་ཚོད་ཀྱི་འགྲོས་ནི་ཆུ་བོའི་རྒྱུན་བཞིན་སྐད་ཅིག་སྐད་ཅིག་ཙམ་ལ་ཡལ་བས། ཤེས་མེད་ཚོར་མེད་ངང་སོ་དཀར་གྱི་ལང་ཚོ་ཇི་ལྟར་ཡལ་བ་དང་སྐྲ་དཀར་ཀྱི་ཕོ་ཉ་ཇི་ལྟར་སླེབས་པའང་མ་ཤེས། དཀའ་བའི་རྔུལ་ཆུ་ཅི་ཙམ་འདོན་དགོས་ཀྱང་ནམ་ཡང་ཕྱི་བཤོལ་བྱས་མ་མྱོང་། ཁྱེད་ལ་དེ་འདྲའི་ཞུམ་མེད་ཀྱི་སྙིང་སྟོབས་དང་སྤོབས་པས་ཁེངས་ཡོད། གལ་སྲིད་ང་རང་གསར་སྐྱེས་ཀྱི་མྱུ་གུ་ཞིག་ཡིན་ན་ཁྱེད་ནི་ང་རང་གསོ་སྐྱོང་མཛད་མཁན་གྱི་དྲོད་ལྡན་གྱི་ཉི་འོད་དང་གསོན་ཤུགས་སྩོལ་བའི་སྦྲང་ཆར་བསིལ་མ་དེ་མ་ཡིན། ཁྱེད་ནི་དྲི་ལྡན་གྱི་མེ་ཏོག་སེར་ཆེན་ཞིག་སྟེ། ང་ཚོ་ནི་སྦྲང་མ་མེ་ཏོག་ལ་འཁོར་བ་ཇི་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་འཕུར་འོངས་ཏེ། ཁྱེད་ཀྱི་ཤེས་རིག་གི་རྒྱ་མཚོའི་གླིང་འདིར་ཤེས་བྱ་ཡི་འོ་ཞོ་ལ་འཐིམ་ཡོད། ཁྱེད་ཀྱིས་ང་ཚོའི་རྨི་ལམ་ལ་མཛེས་སྡུག་གི་འཇའ་ཚོན་ཞིག་འཆར་བར་རེ་བས་སྒུག་ཡོད། ང་ཚོས་ཀྱང་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཤེས་རིག་གི་སློབ་གླིང་འདིར་འགྲན་རྩོད་ཀྱི་ཛ་དྲག་དང་བཅས་ཤེས་བྱའི་གནས་ལ་བརྩོན་བཞིན་མཆིས།
    བཤེས་གཉེན་ལགས། འོ་བརྒྱལ་མྱངས་སོང་། ཁྱེད་ཀྱི་ཆུ་བོ་བཞིན་དྭངས་ཤིང་གཙང་ལ་ནག་ནོག་གི་དྲི་མས་མ་གོས་པའི་སེམས་ཀྱི་མེ་ལོང་ངོས་སུ་སློབ་བུ་རྣམས་ཀྱི་སྐྱིད་སྡུག་གི་རི་མོ་བྲིས་ཡོད་ལ། མཛའ་བརྩེའི་མཛེས་སྡུག་གི་རི་མོ་དེའི་ཁྲོད་ན་བྱམས་དང་བརྩེ་བས་ཕྱུག་པའི་དྲོད་ཁོལ་ཞིག་ངང་གིས་འཁྱིལ་ཡོད། ཁྱེད་དང་ཁྱེད་ཀྱི་དགོད་སྒྲ། ཁྱེད་དང་ཁྱེད་ཀྱི་འོད་སྣང་གིས་ཁེངས་པའི་སྤྱན་འོག་ནས་སློབ་བུ་རང་དང་འདྲ་བའི་མཐར་ཕྱིན་སློབ་མ་ཅི་ཙམ་ཞིག་བསྐྱལ་མྱོང་ངམ། མི་ཡུལ་གྱི་མཛེས་སྡུག་ལ་བདག་ཡིད་ཀྱི་སྨོན་པ་འཆོར་བའི་འཇིག་རྟེན་གྱི་ཁམས་འདི་ན་ཁྱེད་དང་ཁྱེད་ལྟ་བུ་ཡོད་ཚད་གཞན་དོན་དུ་འབུལ་བའི་བཤེས་གཉེན་དག་ལ་སེམས་གཏིང་ནས་ཡིད་སྨོན་འཆོར་བཞིན་ཡོད།
    བཤེས་གཉེན་ལགས། ཁྱེད་ལྟ་བུའི་བྱ་བཞག་རླབས་ཆེན་གཉེར་མཁན་ཏེ་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་མཁན་གྱི་ལས་གནས་འདི་ལ་ཡིད་སྨོན་མི་འཆོར་བའི་མི་ཅི་ཙམ་ཞིག་ཡོད་དམ། ཁྱེད་ནི་མུན་ནག་གི་མཚན་ལྗོངས་སུ་སྦར་བའི་འོད་གསལ་གྱི་སྒྲོན་མེ་རྐང་གཅིག་ཡིན་ལ། མི་ཚེ་ཡི་ཁ་ཕྱོགས་སྟོན་པའི་མདུན་སྐྱོད་ཀྱི་ལམ་བུ་ཕྲ་མོ་དེ་ཡང་ཡིན། ཁྱེད་ཀྱི་རླབས་ཆེན་གྱི་བྱ་བཞག་རྣམས་སྨྲ་སྒོ་ལས་བརྗོད་མི་ཚར་ལ་པིར་རྩེ་ལས་བྲིས་མི་ཚར། གང་ལྟར་ངའི་མི་ཚེ་ལ་འོད་སྣང་སྦྱིན་མཁན་ཁྱེད་ཉིད་ཡིན་ལ། ཕུགས་བསམ་གྱི་རི་བོར་འཛེག་ཏུ་འཇུག་མཁན་ཡང་ཁྱེད་ཉིད་ཡིན། ཁྱེད་ནི་ངའི་མི་ཚེའི་ཁྲོད་བྱམས་དང་བརྩེ་བ་གནང་མཁན་གྱི་ཕ་མ་གཉིས་པ་ཡིན།། 
                                                                                                                                   (དམའ་གསུམ་བཅུ་བའི་སློབ་མ་སྒྲོལ་མ་ཚེ་རིང་ཆེ་བ།)
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།