中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། སྦྲ་ནག་ངའི་གཞིས་ཁྱིམ་སྨུག་པོ།
དུས་ཚོད།2020-07-24 10:41:40     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
   སྦྲ་ནག་ལགས། ངའི་གཞིས་ཁྱིམ་སྨུག་པོ། ཁྱེད་ནི་ཡབ་མེས་ཚོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཤེས་རབ་ཀྱི་ཉིང་བཅུད་དང་། ང་རང་ཚོ་འཚར་ལོངས་འབྱུང་སའི་གཞིས་ཁྱིམ་དྲོན་མོ་སྟེ། དྲིན་ཕ་མས་ང་ཚོ་བུ་ཕྲུག་རྣམས་ལ་འགྲོ་འདུག་སྤྱོད་གསུམ་དང་ལེགས་ཉེས་བླང་དོར་སོགས་མི་ཆོས་ཀྱི་གནས་ལུགས་ཐོག་མར་སློབ་སའི་སློབ་གྲྭའང་ཡིན།
    སྦྲ་ནག་ལགས། ངའི་གཞིས་ཁྱིམ་དྲོན་མོ། མདོ་དབུས་མཐོ་སྒང་དུ་འཚོ་བའི་འབྲོག་མི་ཞིག་ལ་མཚོན་ན་སྦྲ་ནག་གི་ཐུ་འོག་ལས་ནར་སོན་པས། སྦྲ་ནག་ལ་རྒྱུས་མངའ་ཆེ་ཞིང་སྦྲ་ནག་གི་དྲོད་ཁོལ་ཀྱང་ཚོར་ངེས།
    སྦྲ་ནག་ནི་ནོར་ནག་གི་ཞོལ་རྩིད་ལས་ཚེ་སྲོག་རྙེད་དེ་མཐོ་སྒང་གི་ཉི་འོད་ཀྱིས་བསྐྱངས་ནས་ནར་སོན་པའི་མེ་ཏོག་བཞིན་སྤང་སྔོན་མོས་བརྒྱན་པའི་མཛེས་སྡུག་ཅིག་དང་། བོད་གདོང་དམར་བརྟེན་སའི་གཞིས་ཁྱིམ་དྲོན་མོ་ཞིག  དེ་ནི་ང་ཚོའི་མེས་པོ་ཚོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཁྱད་ནོར་ཏེ། ང་ཚོར་གནང་བའི་རྟེན་སྐལ་དང་འུ་ཅག་འབྲོག་མི་ཚོའི་བགོ་སྐལ་དང་མཚོན་རྟགས་ཤིག་ཀྱང་ཅི་ལ་མིན།
    སྦྲ་ནག་ནི་ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་གི་གསར་གཏོད་ཅིག་ཡིན་ལ། དེ་ནི་ང་ཚོའི་མི་རིགས་འདིའི་མེས་པོ་གོང་མ་དག་གིས་བློ་གྲོས་རྩལ་དུ་སྤྲུགས་ཤིང་། ཤེས་འཇོན་ནུས་གསུམ་རྩལ་དུ་བཏོན་ནས་ཕུབ་པ་ལགས། ད་ལྟ་དུས་ཚོད་ཀྱི་དབང་གིས་མགོ་སྦྲ་སྨུག་པོ་འདི་ཡང་མེས་པོ་ཚོའི་རྐང་རྗེས་བཞིན་འཇིག་རྟེན་འདིར་གོ་མེད་ཚོར་མེད་ངང་དལ་བ་དལ་བུར་རིང་དུ་གྱེས་བཞིན་གདའ། དེ་ནི་བུ་རབས་ཚ་རྒྱུད་དག་གིས་དུས་རབས་གསར་བའི་རྗེས་འབྲངས་ནས་གནའ་དུས་ཀྱི་བོད་མིའི་ལུགས་སྲོལ་དག་རྩ་བ་ནས་བརྗེད་དེ། མེས་པོ་ཚོའི་བློ་གྲོས་ཀྱི་ཉིང་བཅུད་ལས་ཐོན་པའི་སྦྲ་ནག་རྩིས་མེད་དུ་རྩྭ་བཞིན་དོར་ནས། དེང་རབས་ཁང་མིག་དག་ལ་ཞེན་ཆགས་ལྕི་བའི་ཨ་གསར་གྱི་མཚོན་རྟགས་ཤིག་ཅི་ལ་མིན།
    དེང་གི་དུས་འདིར་སྤང་སྔོན་མོའི་ཁུག་སོ་ན་སྦྲ་སྨུག་པོས་ཆོན་ཐག་ཕྱོགས་བཞིར་བསྲིངས་ཤིང་ཀྲོང་ངེར་འགྱིང་བའི་བརྗིད་ཉམས་དང་། སྦྲ་མཐའ་རྟ་ནོར་ལུག་གསུམ་གྱིས་སྐར་ཚོགས་བཞིན་མཛེས་པར་སྤུད་པའི་ངང་ཚུལ་འདི་རིམ་གྱིས་ཡལ་བཞིན་གདའ།
   དུས་རབས་ཀྱི་འཕེལ་རྒྱས་དང་ཁོར་ཡུག་གི་འགྱུར་ལྡོག་ལས། སྦྲ་ནག་རྣམས་རིམ་བཞིན་ལོ་རྒྱུས་ཀྱི་རྟེན་མཛོད་དུ་འགྱུར་ཉེན་ཆེ་བའི་དུས་འདིར། རས་གུར་དང་རྡོ་ཁང་གྲུ་བཞི་སྦྲ་ནག་གི་ཚབ་ཏུ་ཕུབ་པས། ང་ཚོ་སྦྲ་ནག་ཏུ་འདུག་པའི་གོ་སྐབས་ཇེ་ཉུང་དང་ཐ་ན་མཐོང་བའི་སྐལ་བ་ཙམ་ཡང་ཕྲ་བར་གྱུར་པས། སྦྲ་ནག་རིམ་གྱིས་ང་ཚོ་དང་ཁ་གྱེས་དང་འགྱེ་བཞིན་མཆིས།
    སྦྲ་ནག་ལགས། ཁྱེད་ནི་ངའི་བདེ་སྐྱིད་ཀྱི་དགོད་སྒྲ་འཕུར་སའི་རྟེན་གཞི་དང་། ང་རང་འཇིག་རྟེན་འདིར་སླེབས་མ་ཐག་པའི་ཆེས་ཐོག་མའི་ངུ་ངག་གི་དབྱངས་རྟ་གྱེར་སའི་གཞིས་ཁྱིམ་སྨུག་པོ་དེ་ཡང་ཡིན།
    ཁྱེད་ནི་ངའི་བྱམས་ལྡན་གྱི་མེས་པོ་དག་གི་བརྩོན་འགྲུས་ཀྱི་ས་བོན་འཁྲུངས་ས་ཡིན་ལ་ཤེས་རབ་ཀྱི་གཟི་འོད་འབར་སའང་ཡིན། མདོར་ན། ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན། དེའི་ཕྱིར། སྦྲ་ནག་ལགས། ང་ནི་དུས་གཏན་དུ་ཁྱེད་ལ་དགའ་ཞིང་ཁྱེད་ལ་འཁྲེང་ཡོད།།   
                                                                                                                                              (དམའ་གཉིས་དགུ་བའི་སློབ་མ་མཚོ་ལས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།