༄༅།། བགྲང་བྱ་གསུམ་གྱི་ཕྱི་ནང་། - ལྷུག་རྩོམ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། བགྲང་བྱ་གསུམ་གྱི་ཕྱི་ནང་།
དུས་ཚོད།2020-07-24 10:42:14     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
  ལོ་ཟླ་ནི་སའི་གོ་ལའི་འཁོར་འགྲོས་དང་བསྟུན་ནས་ཕར་འདས་ལ། བགྲང་བྱ་གསུམ་གྱི་སློབ་འབྲིང་གི་འཚོ་བ་དེའང་མངར་སྐྱུར་འདྲེས་མའི་ངང་ནས་བཞུད་སོང་། དེ་རིང་ཡང་བདག་གིས་བརྩེ་བའི་གྲོགས་པོ་སྟེ་སྨྱུ་གུ་ཕྲ་མོ་ལག་ཏུ་བཟུང་ནས། དཀར་འཇམ་གྱི་ཤོག་ངོས་ནས་བདག་གི་བགྲང་བྱ་གསུམ་ལ་ཕྱིར་མིག་ཅིག་འཕེན་འདོད། བགྲང་བྱ་གསུམ། ཏག་ཏག་མཛུབ་མོ་ནང་དུ་བཀུག་པའི་བགྲང་བྱ་གསུམ་ནི་དྲག་ཏུ་འབབ་པའི་ཆུ་ཀླུང་ཞིག་དང་མཚུངས་པར་ཤུགས་ཀྱིས་མདུན་ཕྱོགས་སུ་རྒྱུག་པ་ལས་ཕྱིར་ལྡོག་ནི་མེད་པས། བགྲང་བྱ་གསུམ། རླུང་ནག་འཚུབ་མས་གསུབ་མི་ཐུབ་ཅིང་ཆར་རླུང་དྲག་པོས་འཇིག་མི་ནུས་པའི་ལོ་ཟླའི་ཁུག་པ་རིང་མོའི་ལྟེབས་ཁུགས་ནས་འདས་ཟིན་པའི་ལོ་རྒྱུས་རིང་མོ་ཞིག་བརྒྱབ་ཏུ་ཁུར་ཏེ། བསུ་བཞིན་པའི་སང་ཉིན་གྱི་ལོ་ཟླ་ལ་རེ་སྒུག་བྱེད་བཞིན་པའི་སྐབས་སུ། དེ་དང་དེ་ཡི་ལོ་ཟླའི་འཁོར་སྐྱོད་གསེབ་ན་གར་འགྲོ་གང་འདུག་གི་དམིགས་ཡུལ་མེད་པར་ལུས་འདུག་པ་ནི་ཤེས་རིག་སློབ་གླིང་གི་སྐྱེད་མོས་ཚལ་ན་ཅི་ཡང་ཐོབ་ཀྱིན་མེད་པའི་ང་ཚོ་སྟེ། རྣམ་ཤེས་བྲལ་བའི་བེམ་པོ་རྐྱང་རྐྱང་ཞིག་དང་ཀུན་ནས་མཚུངས།
    བགྲང་བྱ་གསུམ། ཕྱིར་ལོག་མེད་པའི་ལོ་ཟླ་འདི་དག་ལ། ཤེས་མེད་ཚོར་མེད་ཀྱི་ངང་ནས་ཤེས་བྱ་ཕྲན་ཙམ་ཡང་མ་ལོན་པའི་སློབ་གྲོགས་ནི་ང་རང་གཅིག་པུ་མ་ཡིན་ཏེ། སློབ་གྲོགས་ང་དང་ང་འདྲ་བ་འགའ་རེའང་ཡོད་སྙམ། བགྲང་བྱ་འདི་དག་གི་ཁྲོད། སློབ་གྲོགས་རེ་འགའ་སྐྱོ་མྱོང་ལ། སློབ་གྲོགས་རེ་འགའ་དགའ་ཡང་མྱོང་། སྐྱིད་སྡུག་འདྲེས་མའི་ཁྲོད་སློབ་གྲོགས་དང་སློབ་གྲོགས་བར་ལ་བརྩེ་བ་དང་། དགེ་རྒན་དང་སློབ་མ་གཉིས་ཀྱི་བརྩེ་སེམས་བཅས་མང་པོ་མང་པོ་ཞིག་ཐོབ་མྱོང་ལ་ཤོར་ཡང་མྱོང་། བརྩེ་བའི་གྲོགས་པོ་དང་ལྷན་དུ་སྙན་ངག་གྱེར་བའི་སྐད་གདངས་དང་དགའ་སྤྲོའི་དགོད་སྒྲ་བགྲང་བྱ་འདི་དག་དང་འདྲེས་ཡོད། བགྲང་བྱ་གསུམ། ཁྱེད་ཀྱིས་ང་ཚོར་ལ་མངར་སྐྱུར་གྱི་དོན་དག་མང་པོ་ཞིག་ཐོས་ཚོར་བྱུང་དུ་བཅུག་ལ། ཁྱེད་ཀྱིས་གྲོགས་པོ་སྟོང་ཕྲག་མང་པོ་ཞིག་ལ་སྐྱིད་སྡུག་གཉིས་མྱོང་རོལ་བྱེད་དུ་བཅུག ཁྱེད་ཀྱིས་འབྲོག་པ་མང་ཚོགས་དབྱར་གསུམ་གྱི་ཆར་ཆུ་དང་དགུན་གསུམ་གྱི་གྲང་ངར་མང་པོ་ཞིག་བརྒྱུད་དུ་བཅུག་མྱོང་།
    ང་རང་སེར་ཆེན་མེ་ཏོག་གི་འདབ་མ་སྐྱོར་མཁན་གྱི་སྦྲང་ཆུང་ཞིག་དང་ཀུན་ནས་མཚུངས་པས། བགྲང་བྱ་གསུམ་ནི་ཇི་ལྟར་འགོར་བའང་མ་ཤེས། ངས་མེ་ཏོག་སེར་ཆེན་དེར་སྤྲོ་དགའ་ཞིག་བསླངས་པ་དང་ལྷན་ཟེའུ་འབྲུ་ཞིག་བླངས་པ་ཙམ་གྱི་དུས་ཚོད་མ་གཏོགས་མ་བྱུང་། བགྲང་བྱ་གསུམ་ནི་འདི་ལྟར་འགོར་སོང་། བགྲང་བྱ་གསུམ། ན་ནིང་ད་མཚམས་ང་རང་ཧ་ཅང་སྐྱོ་མྱོང་། འོན་ཀྱང་ད་ལོ་ཡང་དེ་ལས་ལྷག་པའི་སྐྱོ་གདུང་གིས་མནར་འདུག  ད་ནི་གཞོན་ནུར་གྱུར་སོང་། རང་གིས་རང་ལ་བདག་པོ་བརྒྱག་དགོས། ཆུང་ཆུང་བྱིས་པ་འདྲ་ཞིག་མིན་པས་རང་གི་ཕ་མ་རྣམས་ལ་དཀའ་སྡུག་མ་ཕུད། རང་གཅུན་ཐུབ་ཏུ་ཆུགས་དང་སློབ་འབྲིང་སློབ་མ། གཞོན་ནུ་ཚོ། ལོ་ངོ་གསུམ་གྱི་ཡར་སྔོན་གྱི་ད་མཚམས་ཤིག་ལ་ང་རང་ཧ་ཅང་ཆུང་། ཡིན་ཡང་། ད་ལོ་ངས་བལྟས་ན་ང་རང་ནར་སོན་འདུག  ནར་སོན་པ་ནི་ང་རང་གཅིག་པུ་མ་ཡིན་ཏེ། སློབ་གྲོགས་ཚང་མ་ཡིན་རྒྱུ་རེད། བགྲང་བྱ་གསུམ་ནི་ཤེས་མེད་ཚོར་མེད་ཀྱིས་སོང་ཟིན། སློབ་གྲོགས་ཚོ། དུས་ཚོད་ནི་ཧ་ཅང་མགྱོགས་པས་ཁྱོད་ཚོས་ཤུགས་སྣོན་བྱོས་དང་། བགྲང་བྱ་གསུམ་པོའི་རིང་ལ་ཤེས་བྱ་ཏོག་ཙམ་ཡང་ལོན་མེད་པས། སློབ་གྲོགས་ཚོ་མདུན་དུ་སྐྱོད་དང་། རེ་བ་ཅིའི་ཕྱིར་མེད། མདུན་དུ་སྐྱོད་དང་། བགྲང་བྱ་གསུམ། སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན་ཁྱེད་ནི་འགག་སྒོ་ཞིག་དང་གཉིས་སུ་མེད། མི་འགྱང་བར་མཐོ་འབྲིང་ལ་རྒྱུགས་སྤྲོད་དགོས། ངའི་སྙིང་གི་སློབ་གྲོགས་རྣམས། རྨོངས་གཉིད་ལས་སད་རོགས། ད་ནི་གཉིད་ལས་སད་རན་འདུག  དུས་ཚོད་ནི་རྟ་ཕོ་རྐྱང་རྒོད་ཀྱི་འགྲོས་དང་བསྟུན་ནས་ཤོར་སོང་བས་རྒྱུགས་ཡ། མྱུར་དུ་སློབ་གླིང་གི་སྐྱེད་མོས་ཚལ་འདི་ནས་ཤེས་རིག་གི་ཟེའུ་འབྲུ་ཕྲན་བུ་རེ་ལོངས་དང་། བགྲང་བྱ་གསུམ་ནི་འདས་ལ་ཉེ་བས་ང་ཚོར་དུས་ཚོད་སྐར་ཆ་ཙམ་རེའང་ཤིན་ཏུ་མཁོ།
    འདི་ནི་བླུན་པོ་ངས་སློབ་གྲོགས་ཚོར་བཤད་འདོད་པའི་སྙིང་གཏམ་དང་གྱེས་ཁའི་བདེན་གཏམ་དེ་ཡིན་པར་སྨོན་ནོ།།
                                                                                                                 (དམའ་གསུམ་ལྔ་བའི་སློབ་མ་བསྟན་འཛིན་ཆོས་ལྡན་ཆུང་བ།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།