中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། དགུན་གྱི་ལྷ་ས།
དུས་ཚོད།2020-12-02 11:39:28     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། མཁའ་དབྱིངས། [གཙོས]    ཆུང་། | འབྲིང་། | ཆེ།
༄༅།། དགུན་གྱི་ལྷ་ས།
མཁའ་དབྱིངས། [གཙོས]
    ད་ལྟ་དགུན་དུས་སླེབས་ནས་དགུན་དཀྱིལ་ཡང་ཡོལ་ཟིན།
    ཡུལ་སྐོར་བ་ཇེ་ཉུང་དུ་འགྲོ་སོང་བས་སྐོར་དང་སྐོར་བྱས་ནས་གང་སར་འདུར་གྱིན་པ་དེ་ཚོ་མཐོང་རྒྱུ་མི་འདུག ཡིན་ན་ཡང་། འདི་ཙམ་གྱིས་ལྷ་སའི་བར་སྐོར་དང་ཕོ་བྲང་མཐའ་རུ་སྐོར་བ་རྒྱུགས་བཞིན་པའི་མི་ཚོགས་ཀྱི་འཚང་ཁ་ཇེ་ཆུང་དུ་བཏང་མེད་པ་རེད། ད་དུང་གཙུག་ལག་ཁང་གི་མདུན་དུ་བརྐྱངས་ཕྱག་འཚལ་བཞིན་པ་དེ་དག རེད་ཡ། དགུན་ཁའི་ལྷ་ས་ནི་ད་གཟོད་ལྷིང་འཇགས་ཀྱི་གྲོང་ཁྱེར་ཅིག་ཡིན་པར་གསལ།
   ལྷ་སར་ཡོད་པའི་དགུན་ཁ་འདིར་ང་རང་ཕོ་བྲང་གི་མཐའ་འམ། མང་ཆེ་བར་བར་སྐོར་གྱི་མི་ཚོགས་ཁྲོད་འཚང་ཁའི་ངང་རྒྱུ་བར་དགའ། སྐབས་རེར་ངས་རེ་བ་མངོན་འགྱུར་གྱི་ཆེད་གསོལ་བ་འདེབས་ཀྱིན་ཡོད་ལ། མི་ཚོས་ཀྱང་གསོལ་བ་རྩེ་གཅིག་ཏུ་འདེབས། བར་སྐོར་དུ་བོད་མི་མཇལ་སྐོར་བ་ཆེས་མང་ཞིང་། བོད་ཀྱི་ཐུན་མིན་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག
    རླུང་བུ་ཆུང་ཆུང་ཞིག་ལྡིང་གིན་པར་དབྱར་ཁའི་བསིལ་རླུང་གི་གདངས་ཡལ་སོང་བ་མ་གཏོགས། དགུན་དུས་ཀྱི་ལྷགས་ངར་མི་ཚོར་ལ། སྟོན་ཁའི་རྡུལ་འཚུབ་ཀྱི་སྣང་བརྙན་ཡང་མེད། ཡིད་སྐྱོ་བ་ཞིག་ལ་ལྷ་སའི་དགུན་ཁར་ཁ་བ་མི་འབབ་པ་འདྲ། འོན་ཀྱང་དགུན་ཁ་འདི་ཡིད་གར་འོང་བ་ཞིག་མ་རེད་ཅེས་ངས་བཤད་མི་ཕོད།
    ང་ཡི་སྐྱོ་གདུང་གི་མུན་པ་ཤིན་ཏུ་མཐུག་སྟེ། ལྷ་སའི་དགུན་ཁ་འདིར་སྟོན་རླུང་གིས་འཁུར་མ་ནུས་པའི་སྡོང་ལོ་དག་རེ་རེ་བཞིན་ས་ལ་ལྷུང་བར། ངའི་རྣམ་ཤེས་ཀྱི་རྒྱུ་བ་སྡོང་ལོ་ནང་བཞིན་ས་ལ་གཡོས་ཤིང་། ཡར་འགྲོ་མར་འོང་གི་ཆ་མེད་རྒྱུས་མེད་ཀྱི་མི་དེ་ཚོས་རྐང་བརྫིས་བྱེད་སྐབས། ངས་ང་རང་ཏག་ཏག་ཁ་བའི་འདབ་མ་ལྟར་རང་དབང་གིས་ལྡིང་སྐོར་ཐེངས་གཅིག་རྒྱག་ཐུབ་པར་སྨོན་ལམ་ཞུས་ཡོད།
    ལྷ་སའི་དགུན་ཁ། དབྱར་རྔ་ད་རུང་མ་སྦས་ཤིང་། དཔྱིད་མགོ་ད་རུང་མ་ཟིན་པའི་བར་དེ་ཙམ་དེ། ཉི་མ་སྔར་བཞིན་ཚ་ལ། གནམ་ཁ་སྔར་བཞིན་སྔོ། སད་ཀྱིས་མ་བཅོམ་པའི་མེ་ཏོག་ཀྱང་ཡོད་པའི་དུས་སམ། སྔ་དགོང་ཅུང་ཟད་ཇེ་འཁྱག་ཏུ་སོང་བའི་ཉིན་གཅིག་གི་ཡུན་འདིའོ།
    གལ་ཏེ་གྲོང་ཁྱེར་འདི་ང་རང་འགྲོ་སའི་སྲང་ལམ་ཆེས་མཐའ་མ་དེ་ཡིན་ཚེ། བདག་གི་བདེ་སྐྱིད་ཀྱི་སྣང་བ་ཤིན་ཏུ་ཐུང་བས། ང་རང་བར་སྐོར་གྱི་སྲང་ལམ་རེ་རེར་འགྲོ་ངེས་ཤིང་། ཁ་བ་འབབ་བཞིན་པའི་ཞོགས་པ་དེར་ངའི་གྲོགས་པོ་དག་འདིར་འདུས་པས། ང་སྲང་ལམ་འདིར་བསྐྱོད་ཅིང་། མི་ཚོགས་ཀྱི་ཁྲོད་ཕྲག་ཐུག་རྒྱག་གིན་འགྲོ་བར། ངའི་བློ་ངོར་དཔུང་བ་མཉམ་གཤིབ་ཀྱི་སྐྱིད་སྣང་དེ་ཤར་ཡོང་།
    དགོངས་དག་ཞུ། ངས་ལྷ་ས་ལ་མི་གཙང་བའི་ཁ་དབུགས་ཁོ་ན་ལས་ཅི་ཡང་འཇོག་མ་ཐུབ། འོན་ཏེ་ང་འདི་གའི་དགུན་ཁ་ལ་དགའ་དྲག་པས། ད་དུང་གྱེས་གྲབས་མིན། ཡིན་ཡང་འདི་གའི་བཅོས་འཛུམ་གྱི་རྣམ་ཐར་ཤིན་ཏུ་རྒོད་རྐྱེན། ངའི་ནང་སེམས་ཀྱི་རེ་བ་ལ་གས་ཆག་ཤོར་མོད། ང་ལ་ཨུ་ཚུགས་བྱེད་པའི་སྙིང་སྟོབས་ཆུང་ཆུང་ཞིག་ད་དུང་འདུག
    བཟོད་གསོལ་ཞུ། ངས་ཆེད་དུ་རང་ཚུགས་ཡོད་མདོག་གིས་ཁྱེད་ཅག་དང་བར་ཐག་འཛིན་པ་མིན་ཡང་། ང་རང་ཁྱེད་ཅག་གི་ཚུལ་འཆོས་ལྟར་མཛེས་ལ་ཞེ་ཚིག་གིས་བསླུས་པའི་གུས་པ་ལ་ཤིན་ཏུ་སྐྲག
    བདག་རི་ཀླུང་ཡོངས་མཛེས་སྡུག་གིས་བརྒྱན་པའི་དབྱར་དུས་སུ་ལྷ་སར་སླེབས་པ་ཡིན། ཡིན་ཡང་། ངའི་རྨི་ལམ་ནི་ལྷ་སའི་དགུན་ཁ་འདིར་ཕོ་བྲང་ཁ་བས་གཡོགས་ཡོད་པ་དེར་ཐེངས་གཅིག་མཇལ་བ་དེ་ཡིན་ལ། དེས་ང་ཚོའི་ནང་སེམས་ལ་སྨྲ་བསམ་བརྗོད་འདས་ཀྱི་སྐྱིད་སྣང་ཞིག་སྟེར་སྲིད་པས་ང་རང་དེ་ལ་ཤིན་ཏུ་དགའ།
    དགུན་ཁ་འདིར་ང་འདི་ལྟར་ཁེར་རྐྱང་ངང་འཁྱམ་དགོས་ཚེ། ངའི་བདེ་སྐྱིད་ཀྱི་སྣང་བ་ཤིན་ཏུ་ཆུང་ཞིང་། མཛེས་སྡུག་གི་རྨི་ལམ་རུམ་པའི་ཕུགས་བསམ་ཞིག་བསྐྲུན་མི་ཐུབ། ཡིན་ཡང་། ངས་ཧུར་བརྩོན་བྱེད་ཆོག ང་ཁྱེད་ཚོ་ལྟར་ལྷ་ས་བ་ཞིག་ཏུ་འགྱུར་མི་ཐུབ་ཀྱང་། ང་ནི་ང་རང་བྱས་ཆོག་པའི་རེ་བ་ཞུས་པ་ཡིན།
    ལྷ་ས་རུ་བདག་འདི་ལྟར་ཁེར་རྐྱང་ངང་ཕམ་དགོས་ཚེ། ངའི་འདས་པ་ནི་དེ་འདྲའི་ལྷིང་འཇགས་དང་གླེང་རིན་མེད་པ་ཞིག་རེད་ཨང་། གལ་ཏེ་ང་ནི་ང་རང་གི་ཚུལ་དུ་བསྡད་ནས། རང་ཉིད་ལེགས་པོ་ཞིག་ཀྱང་འཁྲབ་མ་ཐུབ་ཚེ། ལྷ་ས་ལགས། ཁྱེད་ཀྱིས་ང་ལ་འཕྱ་དམོད་མི་གནང་རོགས། འོན་ཀྱང་ང་ལ་གུ་ཡངས་གནང་མི་དགོས།
    གལ་ཏེ་དེའང་མི་ཆོག་ན། ང་ལ་བར་སྐོར་གྱི་སྲང་ལམ་ནས་ལྷ་སར་མཇལ་ཆོག་པའི་དབང་ཆ་ཞིག་གནང་རོགས། གལ་ཏེ་ཁྱེད་ཀྱིས་དེའང་མི་ནུས་ཚེ། ངའི་བེམ་པོ་འདི་བར་སྐོར་ནས་རུལ་ཆོག་པའི་དབང་ཆ་ཞིག་གནང་རོགས། བདག་ཁ་བ་རུ་སྤྲུལ་ནས་ཕྱིར་ལྷ་ས་རུ་འབབ་འདོད་ལ། ལོ་རེ་བཞིན་རླུང་འུར་དང་འགྲོགས་ནས་ལྷ་ས་བའི་གདོང་བ་རློན་པ་རུ་གཏང་ཆོག། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།