中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། གངས་འདབས་ཀྱི་འབྲོག་མི།
དུས་ཚོད།2020-12-23 15:35:47     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། གངས་ཐིགས། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
༄༅།། གངས་འདབས་ཀྱི་འབྲོག་མི།
གངས་ཐིགས། [མཚོ་སྔོན]
    དྭངས་གཙང་གི་སེམས་འདུན་དྲོན་མོ་གངས་རི་དང་རྩྭ་ཐང་ལ་བཅོལ་ཡང་། བློ་ཕུགས་ཀྱི་ཁོག་རྒྱ་ཡངས་མོ་རྩྭ་ཐང་ལྟར་རྒྱ་ཆེ་བའི་གངས་འདབས་ཀྱི་འབྲོག་མི་རྣལ་མ། གསོན་ན་གངས་འདབས་ཀྱི་རུས་པ་དཀར་པོའི་འབྲོག་མི་ཚི་དྲེག་ཅན། ཤི་ན་གངས་འདབས་སུ་རུས་ཐལ་སྦར་བའི་འབྲོག་མི་རིགས་ཞེན་ཅན། མི་རབས་ཤིག་དང་མི་རབས་ཤིག་གི་རུས་རྐང་དུ་སིམ་པའི་ལོ་རྒྱུས་སྣུམ་པོ། ཁོ་ཚོ་མི་རིགས་ཤིག་གི་སྲོག་གི་གཟུངས་ཐག་ཏུ་འཇུས་ཡོད། གངས་འདབས་ཀྱི་འབྲོག་མི་རལ་བ་ཅན་ཚོ།
    གངས་འདབས་སུ་འཚོ་གནས་ཀྱི་གནས་མལ་ཚུགས་ཤིང་། མགོ་སྦྲ་མཐིང་སྨུག་གི་སྦྲ་གུར་ཕུབ་པའི་འབྲོག་མི་ཕྱུགས་ལྡན་དེ་ཚོས། ནས་འབྲུ་སྔོན་མོ་བཅུད་ཀྱིས་གཏམས་པའི་སྦྲང་དཀར་རྩམ་པ་ཁ་ཟས་སུ་བསྟེན་ནས། སྒོ་ཕྱུགས་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱས་པའི་མི་ཚེ་ཞིག་གི་གཏམ་རྒྱུད་གངས་འདབས་སུ་དཔར་ཞིང་། སྐྱིད་ལ་སྡུག་པའི་འཚོ་བ་གངས་རི་དང་རྩྭ་ཐང་ལ་བཅོལ་བའི་མི་གཤིས་སྒལ་ཚིགས་ཅན་ཚོ། ཁོ་ཚོ་ནི་བློ་བརྟན་འགྱུར་མེད་ཀྱི་རང་ཚུགས་གངས་རི་བཞིན་སྲ་ཞིང་བརྟན་ལ་བློ་ཁོག་རྩྭ་ཐང་བཞིན་རྒྱ་ཆེ་བའི་འབྲོག་པ་རྣམ་དག་ཅིག་ཡིན། ང་རང་གངས་འདབས་ཀྱི་འབྲོག་མི་རལ་བ་ཅན་དེ་ཚོར་དགའ་ལ་དེ་ཚོའི་རིགས་ཞེན་ལ་མོས། ང་རང་མི་ཚེ་འདིར་གངས་འདབས་ཀྱི་འབྲོག་མི་ཞིག་མིན་པར་ཡང་ཧ་ཅང་སྐྱོ་ལ། གངས་འདབས་ནས་འཚོ་བ་རོལ་ཡང་མི་ཚེ་གངས་འདབས་ལ་བསྟིམས་པའི་འབྲོག་མི་རིགས་ཞེན་ཅན་ཞིག་ཡིན་ན་ནི་ཅི་མ་རུང་འདོད།
    གངས་འདབས་ནས་འཚར་ལོངས་བྱུང་ཞིང་གངས་འདབས་ནས་རྒས་པའི་འབྲོག་མི་དེ་ཚོས་གངས་འདབས་ཀྱི་ལོ་རྒྱུས་ལ་གསོན་ཤུགས་སྤྲད་ཡོད་ལ་གངས་འདབས་ཀྱི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་གི་ཁ་དོག་ལ་བསྲེས་ལྷད་བཏང་མེད། དེ་ནི་ཁོ་ཚོའི་སྲ་འཐས་ཀྱི་དམ་ཚིག་བརྟན་པོ་དེ་ཡིན་ལ། སུས་ཀྱང་བསྒྱུར་དཀའ་བའི་མཁྲེགས་པོའི་རང་ཚུགས་སྣུམ་པོ་དེ་ཡིན། ཁོ་ཚོ་ངེས་པ་དོན་གྱི་འབྲོག་པ་རྣམ་དག་ཅིག་ཡིན་ལ་གངས་འདབས་འདིའི་བདག་པོ་ངོ་མ་དེ་ཡང་ཡིན། ཁོ་ཚོའི་ལུས་སྟེང་ན་ང་ཚོ་ལ་མཁོ་བའི་རིག་གནས་ཀྱི་ཆ་མང་པོ་ཞིག་འདུས་ཡོད་ལ་དེ་ནི་ཁོ་ཚོའི་གཟི་བརྗིད་ཡིན་ལ་ང་ཚོའི་རེ་བའང་ཡིན། ཁོ་ཚོ་ནི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩར་འཇུས་པའི་གངས་འདབས་ཀྱི་འབྲོག་མི་རྣལ་མ་དེ་ཚོ་ཡིན་ལ། དོན་གྱིས་ཁོ་ཚོ་ནི་རིག་གནས་ཤིག་ཀྱང་ཡིན།
    དུས་རབས་འདིའི་འགྱུར་ལྡོག་གི་ཆ་མང་པོ་ཞིག་གོང་འཕེལ་དུ་ཕྱིན་ནའང་ཁོ་ཚོའི་སྒམ་བརླིང་རང་བཞིན་གྱི་བསམ་བློར་འགྱུར་ལྡོག་ཏིལ་ཙམ་ཡང་མི་འདུག་སྟེ། ཁོ་ཚོ་ནི་རླུང་གིས་བདས་པའི་རྩྭ་སྐྱ་དེའི་རིགས་མིན་ལ་དེའི་ཕྱོགས་ལ་དགའ་མོས་བྱེད་མཁན་ཅན་དེའང་མིན། ཁོ་ཚོ་ལ་དབང་དགོས་པ་ནི་ར་རའི་དྲི་མས་མ་བསླད་པའི་གངས་རི་དང་རྩྭ་ཐང་ཡིན་པ་ལས་མི་ཚོགས་ཀྱི་འདུ་འཛི་རྒོད་པའི་གྲོང་ཁྱེར་དང་ཁང་བརྩེགས་མིན། ཁོ་ཚོས་རང་ལ་དབང་བའི་གངས་རི་དང་རྩྭ་ཐང་ལ་གྱེས་བརྡ་འཇོག་མི་སྲིད་ལ་གངས་རི་དང་རྩྭ་ཐང་ལ་བཅོལ་བའི་བརྩེ་སེམས་ལ་གཏོར་བཤིག་ཀྱང་གཏོང་མི་སྲིད་ལ། ཁོ་ཚོ་ནི་བློ་བརྟན་འགྱུར་མེད་ཀྱི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ་རང་ཚུགས་དང་རང་གཤིས་ཅན་གྱི་འབྲོག་པ་རྣམ་དག་ཅིག་ཡིན།
    མི་རབས་ཤིག་གི་རིག་གནས་ཀྱི་གཟུངས་ཐག་ལ་འཇུས་པའི་གངས་འདབས་ཀྱི་འབྲོག་པ་དེ་ཚོས། ཐོག་མའི་ངུ་ངག་གི་དབྱངས་རྟ་གངས་འདབས་ནས་གཏོར་ཞིང་མཐའ་མའི་སྡུག་བསྔལ་གྱི་མིག་ཆུ་གངས་ཆུ་ལ་བསྲེས། སྐྱིད་སྡུག་ལེགས་ཉེས་གང་བྱུང་གངས་རི་དང་རྩྭ་ཐང་ལ་བཅོལ། ཤི་ན་རུས་པ་དཀར་པོའི་འབྲོག་མི་དེ་ཚོ། གསོན་ན་སེམས་པ་དཀར་པོའི་འབྲོག་མི་དེ་ཚོ། ནམ་ཡང་ངའི་སེམས་ཀྱི་ཟབ་ས་ན་སྐུང་བའི་སྙིང་ཉེ་བའི་ནང་མི་དེ་ཚོ་ཡིན་ལགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།