中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། ལོ་ཟླ་ལགས། དགོངས་པ་མི་ཚོམ་པར་ཞུ།
དུས་ཚོད།2021-01-30 09:57:49     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། མདའ་ཅང་ཤེས། རྩེ་ཁོག     ཆུང་། | འབྲིང་། | ཆེ།
    སེམས་ཀྱི་བར་སྟོང་དུ་བཅུག་པའི་གསང་བ་རེ་རེས་ཁྱོད་ལ་ཅི་ཡང་མ་ནུས་པ་བཞིན་དུ། ལོ་ཟླའི་གས་གསེབ་ལ་བསྟར་བའི་རྨི་ལམ་རེ་རེས་ཁྱོད་ལ་ཅི་ཡང་མ་བྱིན་པ་བཞིན་དུ། ཁྲག་དྲི་བྲོ་བའི་བྲང་ཁོག་ན་ཚེ་སྲོག་བཞིན་འབོར་ཐབས་མེད་པའི་ཚིག་འབྲུ་དེ་ཚོས་ཀྱང་ཁྱོད་ལ་ཅི་ཡང་སྟེར་མ་ཐུབ་པ་བཞིན་དུ།  ཅི་ཡང་མ་འགྲུབ་པའི་ལོ་ཟླ་འདི་ལ་ཅི་ཡང་མི་ནུས་པའི་དགོངས་དག་ཅིག་གིས་ཡང་ཡང་འཐུས་ཆོག་པར་ཞུ་དགོས་ཨང་།
   གྲངས་མཐའ་མེད་པའི་ལོ་དང་ཟླ་བའི་འཁོར་བསྐྱོད་ཀྱི་ཆུ་རྒྱུན་རིང་མོ་རྒྱང་རིང་ནས་རྒྱང་རིང་དུ་བཞུར་བས། ཟད་དུ་མེད་པའི་རྣམ་ཤེས་ཀྱི་བང་རིམ་ལ་བཏེགས་པའི་བརྩེ་བ་དང་ཞེན་ཆགས་ཀྱི་ཐག་པ་དམ་པོ་ཁྱེད་ཕྱོགས་སུ་བསྐྱངས་ཤིང་། བརྗེད་ཐབས་མེད་པའི་སྣང་བའི་མེ་ལོང་ནང་དུ་སེམས་པ་བཅུག་ནས་ཕ་མཐར་ཕྱོགས་པའི་ཁྱེད་དུངས་སེམས་ལ་རེ་ཞིང་སྒུག་པས། བརྩེ་བའི་རྨི་ལམ་དུ་བཏབ་པའི་སྨོན་འདུན་གྱི་ཁ་དོག་ཅི་བཞིན་ཤར་མ་ཐུབ་ནའང་།  ངའི་མགོ་ཐོག་ཏུ་ཤར་བའི་ཉི་ཟླ་གཉིས་ཀྱི་གོ་རིམ་འཆོལ་མ་མྱོང་ཞིང་། ངའི་མིག་ཟུང་ལ་འཚེར་བའི་མཚམས་སྤྲིན་གྱི་མཛེས་པ་རེ་རེའི་བཀྲག་མདངས་ཀྱང་ཡལ་མ་མྱོང་བས། ན་ཟུག་དང་ལག་པས་སྐྱོར་བའི་དྲན་གདུང་གི་དྭངས་མཐའ་རིང་མོ་འདི་ནམ་ཡང་ཡོད་མི་སྲིད་ནའང་། ངས་རང་ཉིད་བརྗེད་མ་ཐུབ།
    རྨ་ཆུའི་འགྲམ་ངོགས་སུ་ས་རྡུལ་དམར་པོ་ལ་སེམས་པ་བརླན་ཏེ་མི་ཡུལ་གྱི་ཞེན་ཆགས་ཡོད་ཚད་ལ་མཛུབ་མོ་བགྲང་ནས།  མཚན་མོའི་དགུ་ཚིགས་ཀློང་གི་སྐར་ཚོགས་བཞིན་གཡོ་བའི་མི་ཚོགས་ཀྱི་ཧྲག་བར་རེ་རེ་ནས་སེམས་ཀྱི་ཟབ་སར་སྦས་པའི་སྡུག་བསྔལ་གྱི་མིག་ཆུ་དེའང་སུ་ལ་བཤད་མ་ཐུབ་པར། ཁེར་རྐྱང་གི་སེམས་པའི་ནང་དུ་སྟོང་འདང་གི་ན་བུན་སྲབ་མོས་ཡོངས་སུ་སྒྲིབ་ནས་རྒྱང་ཐག་རིང་བའི་ཕ་ཡུལ་གྱི་འཁྲུལ་སྣང་དེ་དག་ཞེ་ལ་གཉོར་ཏེ་ཡུན་རིང་ལུས་པས། ད་ལྟ། ངས་རང་ཉིད་ལ་བཏབ་པའི་ཁ་ཆད་ཀྱི་ལྷག་རོ་དེ་ཚོའང་རླུང་གིས་འཁུར་ནས་འཇིག་རྟེན་གྱི་མངའ་ཐང་ན་ཁྱི་ལྡོམ་བཞིན་འཁྱམས་ནས་འགྲོ་དུས། ལོ་ཟླ་ལགས། དགོངས་པ་མི་ཚོམ་པར་ཞུ། ངས་རང་ཉིད་ལ་ཅི་ཡང་སྒྲུབ་མ་ཐུབ།
     ཕ་ཡུལ་གྱི་ཁ་བ་དང་གྲང་ངར་བཞིན་ལྡོག་ཐབས་མེད་པའི་ལས་དབང་གི་བསྐོས་ཐེངས་ཕྲ་མོ་ཞིག་གིས། ཞེན་ཆགས་དང་རྨི་ལམ་གྱི་པང་ཁུད་ན་བཞད་པའི་མ་འོངས་པའི་ལས་འཕྲོ་དེ་ཚོ། སྐབས་རེར་འཛུམ་ཞིང་། སྐབས་རེར་ངུ་བའི་སེམས་པ་དེ་ལ་ཅི་ཞིག་གིས་ཀྱང་སྐྱོང་ཐབས་མེད་པ་ཤེས་ནའང་། ངས་རང་ཉིད་ལ་ཨུ་ཚུགས་ཀྱིས་ངོ་རྒོལ་བྱས་ཤིང་། ཉེ་འགྲམ་ན་རླུང་གིས་དེད་པའི་གོས་ཁྲ་དེ་ཚོར་བློས་བཏང་ཅི་ཙམ་བྱས་ནའང་།  ཆོས་ཉིད་ཀྱིས་བཏེགས་པའི་འདུས་བྱས་ཀྱི་རུམ་ཁ་དེད་དེ། མཚོ་ཁ་སྟོང་བ་ཞིག་ནས་ཁེར་རྐྱང་གི་མིག་ཟུང་གཉིས་ཀས་ཅི་ཡང་མ་མཐོང་བ་བཞིན་དུ།  ཅི་ཡང་མ་ཐོས་པ་བཞིན་དུ། ཐ་ན། ཅི་ཡང་མ་ཚོར་བ་བཞིན་དུ་རང་ཉིད་ལ་ཀུ་རེ་རྩེས་ཏེ་ཡུན་རིང་འགོར་བས།  ལོ་ཟླ་ལགས། དགོངས་པ་མི་ཚོམ་པར་ཞུ།
      སྤྲིན་པ་དཀར་པོ་དག་ཕ་རོལ་ནས་ཕ་རོལ་འགྲིམས་ཤིང་། ལོ་ཟླ་ནག་པོ་དག་སེམས་པའི་ནང་རོལ་ཏུ་དུག་ཆུ་ཡང་ཡང་གདུ་ནའང་། ནམ་མཁའ་དང་སེམས་པ་སྟོང་བ།  མིག་ཟུང་དང་རྨི་ལམ་སྟོང་བ། ངས་འདས་ཟིན་པ་ཡོད་ཚད་ལ་འཁང་ར་བྱེད་མ་ཕོད་པར།  སྙན་ངག་གི་ཚིག་འབྲུ་རེ་རེ་མཐེབ་གཞོངས་ལ་བཅོལ་ཏེ་སྔས་འགྲམ་ན་བརྩིགས་པའི་དཔེ་དེབ་རེ་རེར་སེམས་བརླན་ནས།   ཞེན་ཆགས་ཀྱི་སྣེ་མོ་རྒྱབ་གཟུགས་ལ་བསྟིམས་ཤིང་ཚེ་རབས་ལས་འཕྲོ་རེ་རེ་རྒྱང་རིང་ལ་གཏད་ནས། ཕ་མཐའ་མེད་པའི་ཚེ་སྲོག་གི་གོ་རིམ་ཧྲིལ་བོར་ང་རང་འདི་ལྟར་འདིར་ལུས་ཤིང་། ཡང་ཡང་འདི་ལྟར་ལུས་འགྲོ་ན་ལོ་ཟླ་ལགས། དགོངས་པ་མི་ཚོམ་པར་ཞུ།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།