中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། མེས་རྒྱལ་ང་ཡི་སེམས་ན་ཡོད།
དུས་ཚོད།2016-11-09 16:04:18     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
    མེས་རྒྱལ་ལགས།  ཁྱེད་ཀྱི་བྱུང་བས་ལོ་རྒྱུས་ཀྱི་ཟིན་ཐོ་རིང་བོ་ཞིག་ལ་རྨང་ནས་རྫོགས་ཚིག་གི་བདེ་མོ་བཞག་ཅིང་།  དུས་རབས་གསར་བ་ཞིག་གི་སྐྱ་རེངས་ཀྱི་འཛུམ་ཟེར་ལ་དབུ་ཁྱུད་ཀྱི་དར་ཆ་བསྒྲེངས་སོང་།  བཤད་གྲགས་ལྟར་ན། ཁྱེད་ནི་ཡབ་མེས་རྣམ་དཔྱོད་ཅན་ཚོའི་བློ་གྲོས་རྩལ་ལས་སྦྲུམ་པའི་དགོས་འདོད་ཀྱི་དཔག་བསམ་ལྗོན་བཟང་དེ་དང་།  སྔོན་བྱོན་དཔའ་བོ་ཁྲི་ཕྲག་གི་ཟུངས་ཁྲག་བཅུད་ལས་བྱུང་བའི་རྟག་བརྟན་གྱི་རྡོ་རིང་དམར་བོ་དེ་རེད། ཁྱེད་ཀྱི་འཁྲུངས་པ་ཡིས་སྲིད་པའི་ཁྱོན་འདིར་གནམ་ས་བླ་འོག་བསྒྱུར་འདྲའི་འཕོ་འགྱུར་གྱི་དབྱར་རྔ་བསྒྲགས་ཤིང་ས་ཆེན་པོ་ཀྲུང་གོའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྔར་བྱུང་མ་མྱོང་བའི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
    མེས་རྒྱལ་ཨ།  རྒྱལ་ཁའི་དུས་སུ་ཁེངས་དྲེགས་ཀྱི་མགོ་འཕང་མཐོན་པོར་བཏེགས་མ་མྱོང་ལ།  ཕམ་ཁའི་དུས་སུ་སྐྱོ་གདུང་གི་སྨྲེ་ངག་ཁ་རུ་གྱེར་མ་མྱོང་བའི་བདག་ཉིད་ཆེན་པོའི་རྣམ་ཐར་ལེགས་པར་གྲུབ་པའི་མེས་པོའི་རྒྱལ་ཁབ་ལགས། ཁྱེད་ཀྱིས་ནམ་ཡིན་ཡང་དཔའ་ངར་གྱིས་མདུན་བསྐྱོད་བྱས་པས།  ཕྱི་ཕྱོགས་བཙན་འཛུལ་གྱི་མདུང་རྩེ་ལ་རྒྱལ་ཁའི་ཕུབ་བཟང་ལེགས་པར་གཏད་ལ།  མི་ངན་རིགས་བཞིའི་སྦྱོར་ངན་རྡུལ་དུ་བརླག  ལོ་བཅུའི་གོད་ཆག་ཆེན་པོ་ཐབས་ཀྱིས་བརྒལ།  ཐོན་སྐྱེད་ཀྱི་ལོངས་སྤྱོད་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་དུ་བཅུག་པས། ཁྱེད་ཀྱི་འཕྲིན་ལས་ནི་རྨ་རྒྱལ་སྦོམ་ར་ལས་ཀྱང་གཏོས་ཆེ།
    མེས་རྒྱལ་ལགས།  ས་པད་མ་འདབ་བརྒྱད་ཀྱི་གདན་ཐོག་དང་། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར་འོག་ན།  ཞི་བདེ་རྒྱ་མཚོའི་དོ་ཟླར་གྱུར་བའི་ས་ཆེན་པོ་ཀྲུང་གོའི་ཡུལ་གྲུ་འདིར།  ཏང་གི་ཉི་གཞོན་བཟང་བོའི་སྲིད་ཇུས་ཡང་དག་མི་དམངས་ཀྱི་པད་ཚལ་ལྡུམ་རར་ལྷམ་མེར་འཕྲོས་པས།  མི་དམངས་པད་མོའི་ཚོགས་ནི་གོང་འཕེལ་གྱི་འདབ་མ་ལྷུག་པོར་ཐོགས་ཤིང་འབྲས་བཟང་གི་ཟེའུ་འབྲུ་ཁྲོམ་སེ་ཆགས་ནས་དགའ་སྟོན་གྱི་སོ་ཕྲེང་འཛུམ་གྱིས་ངོམས་བཞིན་གདའ། མེས་རྒྱལ་ལགས།  ཁྱེད་ཀྱིས་རྨོངས་དད་དང་རྙིང་ཞེན་གྱི་བསམ་བློའི་བྲག་རི་ལ་ཚན་རིག་གི་འཕུར་མདེལ་གྱིས་དྲག་ཏུ་རྒོལ་བས།  རྗེས་ལུས་ཀྱི་མཁའ་དབུགས་སྟུག་པའི་ཀྲུང་གོའི་ས་ཆེན་རྨོངས་པའི་གཉིད་ལས་སད་ཅིང་།  བརྩོན་སེམས་ཀྱི་རྟ་ཕོར་བློ་གྲོས་ཀྱི་ཆས་ཀ་བརྫངས་ཞོར་ཚན་རིག་གི་བདེན་དོན་ལ་འཚོལ་སྙེག་གི་ལམ་སྣ་ཁྲིད་སྟབས།  ཚན་རྩལ་གསར་བརྗེ་ནི་ཨ་སྔོན་མཁའ་ལམ་ཡངས་པོར་གཉིས་སྐྱེས་ཀྱིས་གཤོག་རྩལ་འགྲན་པ་ཇི་བཞིན་གོང་འཕེལ་གྱི་ལམ་སྣེ་ཟིན་ཅིང་།  མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་དང་དབྱར་ཁའི་མཚོ་ལྟར་གོང་ནས་གོང་དུ་འཕེལ།  ཁྱེད་ལ་བསྟོད་པའི་སྙན་ཚོམ་གྱི་པོ་ཏི་བྲག་རི་ལྟར་བརྩིགས་ལ།  ཁྱེད་ལ་བསྔགས་པའི་མཐེ་བོང་དང་བསྟོད་དབྱངས་ནི་དབྱངས་ཅན་ལྷ་མོའི་རྒྱུད་མངས་ཇི་བཞིན་སོས་དལ་དུ་སྡོད་པའི་གོ་སྐབས་ཕྲ་མོ་ཙམ་ཡང་མི་མཆིས།  དེ་བས།  མེས་རྒྱལ་ལགས།  ཉམ་ཐག་གི་འགྲོ་བར་ཐུགས་ཁུར་ཟབ་བཞེས་གནང་བའི་ཁྱེད་ཀྱི་མཛད་པ་ནི་རང་རྒྱལ་གྱི་མ་ཡུམ་ཆུ་བོར་གྲགས་པའི་འབྲི་ཆུ་རིང་མོས་ཀྱང་འགྲན་པར་ག་ལ་སྤོབས།
    མེས་རྒྱལ་ལགས།  ཁྱེད་ཀྱི་མཛད་པ་ནི་འདི་འདྲའི་མི་སེམས་འགུལ་ཞིང་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་ས་ཞིག་ཡིན་པར་མ་ཟད། དེ་ལས་ཀྱང་ཁྱེད་ཀྱི་མངའ་ཐང་ནི་སྐྱེ་བོ་ཀུན་གྱི་མིག་གི་དགའ་སྟོན་དང་ཡིད་ཀྱི་མཆོད་པར་གྱུར་ཡོད་དེ།  མཐོ་ཞིང་བརྗིད་པའི་གངས་རི། དྲག་ཏུ་རྒྱུག་པའི་གཙང་བོ།  མུ་མཐའ་བྲལ་བའི་རྩྭ་ཐང་།  དྭངས་ཞིང་གཙང་བའི་མཚེའུ།  བདེ་ཞིང་སྙོམས་པའི་ས་ཞིང་།  མཐའ་ཀླས་པའི་རྒྱ་མཚོ།  གཞན་ཡང་།  རང་བྱུང་ཁམས་ན་བགྲང་གིས་མི་ལངས་པའི་ཞི་དལ་བག་ཕེབས་ཀྱིས་འཚོ་བའི་རྩྭ་གཟན་རྨིག་ཐོགས་དང་།  གཏུམ་དྲག་གི་ངར་སྐད་ལྷང་ ལྷང་སྒྲོག་པའི་མཆེ་ལྡན་གཅན་གཟན།  རྒྱུ་སྐར་གྱི་འཁོར་ཚོགས་ལ་འཁུ་བར་བྱེད་པའི་རྒྱ་མཚོའི་སྲོག་ཆགས་སོགས་གྲངས་ཀྱིས་གཞལ་དཀའ་བའི་རྒྱུ་འབྱོར་ཕུན་སུམ་ཚོགས་པ་ལྡན་པའི་ཁར་གཡུ་དང་།  བྱུ་རུ།  མུ་ཏིག  གསེར། དངུལ། ཟངས། ལྕགས་སོགས་རིན་པོ་ཆེའི་གཏེར་ཁས་ ཡོངས་སུ་ཕྱུག་པས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གང་གི་ཐད་ནས་ཀྱང་མི་ནོར་གཞན་ལ་སྨོན་མི་དགོས་པ་ཡོད་པས་མཐོ་རིས་སུམ་རྩེན་གྱི་གནས་ལ་འང་འཁུ་བར་བྱེད་དོ།
    མེས་རྒྱལ་ལགས།  ཁྱེད་ཀྱི་བྱམས་བརྩེའི་ཉི་གཞོན་འཇམ་པོའི་སྐུ་དྲིན་འོག་སྣ་མང་མི་རིགས་སོ་སོས་འཕེལ་རྒྱས་དང་སྔོན་ཐོན་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ཤིང་།  ལུང་བ་རེ་ལ་ཆུ་མགོ་རེ༎  ས་ཆ་རེ་ལ་གོམས་སྲོལ་རེ༎  ཞེས་པའི་དཔེ་ལྟར་རང་རང་གི་ས་ནས་རིག་པའི་སློབ་གླིང་ལྷའི་དགའ་ཚལ་འདྲ་བ་གཅིག་རྗེས་གཉིས་མཐུད་དུ་བཞེངས་སྐྲུན་བྱས་ནས།  སྦྱངས་བརྩོན་གྱི་གོ་ཆ་ལུས་སུ་བགོས་ནས་རིག་པའི་གནས་ལ་ལྷུར་ལེན་ཡང་ཡང་བྱས་ཤིང་།  གཙུག་ལག་གི་བདུད་རྩིའི་ཆབ་རྒྱུན་ལ་སྤྲོ་བས་བརྟས་བཞིན་ལོངས་སུ་སྤྱད་པས།  དུད་འགྲོ་ཀླ་ཀློའི་བརྟུལ་ཞུགས་མངའ་བའི་མི་རིགས་དེ་ཚོའི་རྨོངས་མུན་གྱི་བློ་ངོར་ཤེས་རིག་གི་ཉི་ཟེར་ཡུན་གྱིས་འཕྲོས་ནས་རྗེས་ལུས་ཀྱི་སྤྲིན་ནག་དལ་གྱིས་འཐོར་ཞིག་ཏུ་བཏང་སོང་།  མེས་རྒྱལ་ལགས།  ཁྱེད་ཀྱིས་ད་དུང་རྒྱལ་ཁབ་ཀྱི་མྱུག་གཞོན་དག་ལ་ལོ་དགུའི་འགན་བབས་སློབ་གསོའི་བྱ་བཞག་རླབས་ཆེན་འདི་བསྐྲུན་པས།  ཁྱེད་ཀྱི་རེ་བའི་རྐང་འཛིན་པ་དག་གིས་སློབ་གསོའི་ཆུ་གཏེར་ཆེན་པོ་བརྩོན་པའི་ཧུབ་ཀྱིས་འཐུང་བཞིན་ཡོད། དེ་བས་མེས་རྒྱལ་ལགས། འདས་མ་ད་གསུམ་ལ་ང་ཚོས་ལུས་ངག་ཡིད་གསུམ་གྱིས་ཁྱེད་ལ་དགའ་ཞེན་དང་མོས་གུས་བྱེད་བཞིན་ཡོད། ཀྲུང་གོའི་དར་རྒུད་དང་འཕེལ་འགྲིབ་ཐུགས་ཀྱིས་དགོངས་པའི་མེས་རྒྱལ་ལགས།
    མེས་རྒྱལ་ལགས།  ང་ཚོའི་རྒྱབ་ཕྱོགས་སུ་ཀེ་རེར་འགྲེང་བའི་རྒྱབ་རི་བརྟན་པོ།  ང་ཚོའི་མདུན་ཕྱོགས་ན་དལ་གྱིས་འབབ་པའི་ཉལ་འགྲོ་བུ་མོའི་གཤིས་སུ་གྲུབ་པའི་ཚེ་སྲོག་གི་གཟུང་ཐག  སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད་དུས་ང་ཚོས་ཁྱེད་ཀྱི་བྱུང་རིམ་གྱི་ལོ་རྒྱུས་ནི་ཅི་འདྲའི་གྱ་གྱུ་ལྡན་པ་རྟོགས་འོངས་ལ།  རྔམ་ཞིང་བརྗིད་པའི་རྒྱལ་གླུའི་དབྱངས་རྟ་ང་ཚོའི་མཁའ་དབྱིངས་སུ་བསྐྱོམས་དུས། ང་ཚོས་ཁྱེད་ཀྱི་སྙིང་སྟོབས་དང་ངར་ཤུགས་དྲན་པ་མ་ཟད།  ཁྱེད་ཀྱི་སྐུལ་བརྡ་དང་བསླབ་བྱའང་ཆབས་ཅིག་ཏུ་དྲན་འོངས།  མེས་རྒྱལ་ལགས།  མི་རིགས་ང་དྲུག་གི་ཁྱིམ་གཞི་ཆེན་མོ།  རྒྱུ་དང་འབྱོར་བས་ཕྱུག་ཅིང་སྟོབས་འབྱོར་མངའ་ཐང་ལྡན་ པའི་ང་ཚོའི་རྒྱལ་ཁབ།  མི་རིགས་ང་དྲུག་གི་མཐུན་སྒྲིལ་གསེར་གྱི་ཨ་ལོང་དམ་དུ་སྦྲེལ་བའི་གསེར་གྱི་ཟམ་པ།  དུས་རྟག་ཏུ་ང་ཚོར་རྒྱབ་སྐྱོར་བླ་མེད་བགྱི་ཞིང་ཐུགས་ཁུར་ཟབ་བཞེས་གནང་བའི་མེས་རྒྱལ་ལགས།  ཁྱེད་ནི་ཅི་འདྲའི་གཟི་བརྗིད་ཆེ་ཞིང་བྱམས་བརྩེ་ལྡན། ཁྱེད་ཡོད་པས་ང་ཚོས་བདེ་སྐྱིད་སྐལ་བཟང་གི་འཚོ་བ་འདི་ལོངས་སུ་སྤྱོད་ཐུབ་པ་རེད་ཨང་། ཁྱེད་ཡོད་པས་ང་ཚོར་ལྔ་རིག་ཤེས་བྱ་ལ་སྦྱངས་བརྩོན་བྱེད་པའི་སྐལ་བཟང་འདི་ལྡན་པ་རེད་ཨང་།
    མེས་རྒྱལ་ལགས།  ཁྱེད་ཀྱི་སྐུ་དྲིན་རྒྱ་མཚོ་ལས་ཟབ་པས། ང་ཚོ་ནི་ཁྱེད་ཀྱི་མ་འོངས་པ་དང་ཁྱེད་ཀྱི་རྐང་འཛིན་པ། ཁྱེད་ཀྱི་གདུང་འདེགས་ཀྱི་བློ་གསལ་ཁྱུ་ཞིག་ཡིན། ཁྱེད་ཉིད་ནམ་ཡང་ང་ཚོའི་ཡིད་ཀྱི་ལྡིང་ཁང་ན་གཟི་མེར་གནས་ཡོད།  མེས་རྒྱལ་ལགས།  འབྱུང་འགྱུར་གྱི་ལོ་ཟླ་རེས་སུ་འཁོར་བའི་དུས་བཟང་ནང་ཁྱེད་ཉིད་བྲག་རི་ལས་ཀྱང་གཞོམ་གཞིག་བྲལ་ཞིང་།  ཉིན་བྱེད་དབང་བོ་ལས་ཀྱང་འཕྲིན་ལས་ཀྱི་རྣམ་ཐར་གསལ་བ།  ཆུ་ཤེལ་དཀྱིལ་འཁོར་ལས་ཀྱང་རྒྱལ་ཁབ་རྒྱུ་སྐར་ཚོགས་ཀྱི་དབུས་སུ་ལྷམ་མེར་བཀྲ་བའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུའོ།
མེས་རྒྱལ་གྲགས་པ་འབར་བས་དབྱར་སྐྱེས་རྔ།།
ཀུན་ལ་བདེ་སྐྱིད་བསྐྲུན་པས་སྲིད་པའི་མིག།
ཉིན་བཞིན་གོང་དུ་འཕེལ་བས་ཡར་ངོའི་ཟླ།།
སྟོབས་འབྱོར་མངའ་ཐང་རྒྱས་པས་ཀླུ་ཡི་མཛོད༎
      གཙོས་བོད་རིགས་སློབ་འབྲིང་གི་དམའ་གསུམ་འཛིན་གྲྭ་བཞི་བ།  རིན་ཆེན་སྒྲོལ་མ། ཛུབ་སྟོན་དགེ་རྒན་བཀྲ་ཤིས་འཚོ།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།