中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > ལྷུག་རྩོམ། >
༄༅།། སྤྲིན་དཀར།
དུས་ཚོད།2016-11-16 14:19:29     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ། རེབ་གོང་རྡོ་རྗེ་མཁར།[པེ་ཅིན]    ཆུང་། | འབྲིང་། | ཆེ།
    ཁྱེད་ཀྱི་རྣ་བར་འཇེབས་པའི་གཏམ་རྒྱུད་དང་ངོ་མཚར་རྒྱ་ཆེར་སྟེར་བའི་ལྷ་སྒྲུང་དག་ངལ་གསོ་སྤུ་ཙམ་ཡང་མི་བྱེད་པར་མདུན་ཕྱོགས་སུ་སྐྱོད་པའི་ལོ་ཟླའི་ཕྲེང་བས་རྗེས་སུ་བསྐྱུར་བ་ན།  མི་རྣམས་ཀྱིས་ཁྱོད་ཀྱི་གཏམ་རྒྱུད་དལ་བུ་དལ་བུས་བརྗེད་པ་བདག་གིས་རྟོགས་ཤིང་།  ཁྱེད་ལ་ནམ་ཡང་བརྩེ་བ་མི་ལྷོད་པ་ནི་ང་མ་གཏོགས་གཅིག་ཀྱང་མེད་པ་དང་།  ཐ་ན་བདག་གི་ཐག་རིང་ཡུལ་གྱི་གྲོགས་པོས་ཀྱང་འཕྲིན་ཡིག་བསྐུར་ནས་ཁྱེད་ལ་མཚམས་འདྲི་བྱེད་བཞིན་མཆིས།  ནམ་རྒྱུན་ཁོ་བོ་རང་སྣང་འཕྲུལ་བའི་རྨི་ལམ་གྱི་འཇིག་རྟེན་དུ་ཁྱེད་ལ་འགྲོགས་ཏེ་ཉམས་ལྡན་སྟོང་གི་ཟློས་གར་བསྒྱུར་ཞིང་དབྱངས་བདུན་རྫོགས་པའི་གླུ་གཞས་ལེན་བཞིན་རྩེད་འཇོའི་དཔལ་ལ་རོལ་བར་བྲེལ།  ཨ་ཙི།  ཁྱེད་ནི་ནུས་མཐུའི་བདག་པོ་ཞིག་དང་མཚུངས་ཤིང་།  ཉིན་མོའི་མཐོན་མཐིང་གི་མཁའ་དབྱིངས་སུ་དལ་བུའི་འགྲོས་ཀྱིས་བགྲོད་པའི་རྟ་ལྗང་གི་འོད་སྟོང་དང་།  མཚན་མོའི་སྔོ་བསངས་ཀྱི་ནམ་མཁའི་མཐོངས་སུ་རྒྱུ་བའི་བསིལ་ཟེར་གྱི་འོད་དཀར་སོགས་འོད་ཀྱི་རིགས་སུ་གྱུར་བ་མཐའ་དག་སྒྲིབ་ཐུབ་པའི་མཐུ་སྟོབས་ཀྱི་བདག་པོ་ཞིག་ཡིན།  ཡིན་ན་ཡང་ཁྱེད་ཀྱིས་བསམ་བཞིན་དུ་མི་རྣམས་ཀྱིས་ཉི་ཟླ་ལ་བལྟ་བའི་མཐོང་བ་འགོག་ཅིང་།  འཇིག་རྟེན་དཀར་ངོགས་སུ་བསྒྱུར་བའི་ངོ་མཚར་གྱི་ལྟད་མོར་གཟིགས་འདོད་མེད་པ་དང་།  ཚ་བས་ཉེན་པའི་སྲོག་ཆགས་དང་སྐྱེ་དངོས་ལ་གྲིབ་བསིལ་སྣུམ་པོ་འགུགས་པའི་ལས་ཁོ་ནར་བྲེལ་བ་རེད།
    ཁྱེད་ལའང་ཁོང་ཁྲོའི་མེ་ལྕེ་འབར་བའི་དུས་ཀྱང་ཡོད་དེ།  འཐོར་རླུང་དྲག་པོས་ཁྱེད་ལ་མགོ་གནོན་གཏོང་བ་དང་།  ཉི་མའི་འོད་ཀྱིས་ཁྱེད་རང་ཁྱུར་མིད་བྱེད་པའི་ཚེ།  ཁོང་ཁྲོའི་རྦ་རླབས་ཨ་སྔོན་དགུང་དུ་འཕྱུར་ནས་ལུས་ཀྱི་མདོག་ཀྱང་ནག་པོ་སོལ་བ་ལྟར་གྱུར་ཏེ་འབྲུག་སྒྲའི་ང་རོ་དྲག་ཏུ་སྒྲོག་ཅིང་།  ཐོག་མདའ་ས་གཞིའི་སྟེང་དུ་འཕེན་པ་དང་།  སེར་བའི་མཚོན་ཆ་དཔག་མེད་བསྙིལ་བ་རེད།  སྐབས་རེར་ཁྱེད་ཀྱིས་རང་རློམ་གྱིས་རྣམ་འགྱུར་འཛེམ་མེད་དུ་སྟོན་བཞིན་མཐོ་ནས་མཐོ་རུ་འཕགས་ཏེ་ཀུན་གསལ་གྱི་ལམ་དུ་རྒྱུ་ཞིང་།  ཉི་མ་དང་ལྷན་ཅིག་ཏུ་རབ་དགའི་རྩེད་འཇོའི་དཔལ་ལ་ངོམས་མེད་དུ་རོལ་བཞིན་འདུག  དེ་དུས་ཀྱི་ཁྱེད་ནི་རྩེ་དགའ་ཆེ་ཞིང་སེམས་ཚེགས་མེད་པ་ཞིག་ཡིན་པས།  ངས་ཁྱེད་ཀྱི་དེ་འདྲའི་དགའ་སྤྲོ་ཉམས་མེད་ཡུན་རིང་གནས་པར་རེ་བ་བྱེད་བཞིན་ཡོད།
    མཚན་མོ་སླེབས་བྱུང་།  ངས་ཁྱེད་ལ་འབྲལ་ཕྱག་བགྱིས་ཏེ་འགྲོ་དགོས་ཀྱང་།  མཚན་མོའི་རྨི་ལམ་ནང་དུ་འུ་ཅག་གིས་གླེང་མོལ་ཡང་དང་ཡང་དུ་བྱེད་སྲིད། ཀ་ཡེ།  ཁ་རོག་ཏུ་སྡོད།  དེ་ནི་གསང་བ་ཡིན་ཞེས་བཤད་དོ།།
 རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།