中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། དཔའ་རྒོད།
དུས་ཚོད།2016-11-25 18:12:29     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཐེ་གོར། རྭ་ཅོ་ནག་པོས་བསྒྱུར།    ཆུང་། | འབྲིང་། | ཆེ།
   ཨ་མ།  འུ་ཚོ་ཉེན་ཁས་ཀུན་ནས་བསྐོར་བའི་རྒྱུས་མེད་ཀྱི་ཡུལ་གྲུ་ཞིག་ཏུ་ཆས་སོང་།  ཁྱོད་ནི་འདེགས་འཁོར་དུ་བསྡད་ཅིང་།  ང་ཆིབས་རྟ་རྐྱང་རྐྱང་ཞིག་ལ་ཞོན་ཏེ་འདུར་མ་རྒྱུག་གིས་ཕྱིན་སོང་།  ཉིན་བྱེད་རི་རྒྱབ་ཏུ་ཤོར་སོང་།  མྱ་ངམ་གྱི་ཐང་སྟོང་ཆེན་མོ་ཡེ་ར་ཏི་ཟི་ནི་རབ་རིབ་དང་སྐྱོ་གདུང་གི་ཚུལ་གྱིས་འདི་ཕྱོགས་སུ་བརྐྱངས་ཡོང་།  ས་ཆེན་ནི་སྔར་བཞིན་ཁུ་སིམ་དང་སྐྱོ་གདུང་གི་ངོགས་སུ་དཔྱངས་ཡོད།  ཁྱོད་ལ་སྐྲག་སྣང་ཐན་ཐུན་ཞིག་སྐྱེས་ཡོང་བས།  ད་ནི་གང་ཞིག་ཏུ་བསླེབས་ཡོད་སྙམ།  ཨ་མ།  སྐྲག་མི་དགོས།  ངས་དེ་ལྟར་སྨྲས།
   རྩྭ་གསེབ་ཏུ་ཁབ་ལྟར་རྣོ་བའི་ཚེར་ཕུང་སྐྱེས་ཡོད།  ཚེར་ཕུང་གི་གསེབ་ཏུ་གྱ་གྱུར་འཐེན་པའི་ལམ་ཕྲན་དོག་མོ་ཞིག་སྣང་ཡོང་།  མཐའ་ཡས་པའི་རྩྭ་ཐང་དུ་བ་གླང་ཅི་ཡང་མི་སྣང་ལ།  ད་ནི་ཕྱིར་རང་ཁྱིམ་དུ་དེད་ནས་ནོར་ལྷས་སུ་བཅུག་ཡོད་ཤག་རེད།  ས་ཆེན་དང་བར་སྣང་གི་ཁ་དོག་རབ་རིབ་མག་མོག་ཅིག་ཏུ་གྱུར་ཅིང་། ང་ཚོ་གང་ཞིག་ཏུ་ཆས་བཞིན་པའང་མི་ཤེས། གློ་བུར་དུ།  ཁྱོད་ཀྱིས་ང་རང་བོས་སོང་ལ།  སྐད་མགོ་ཇེ་དམའ་རུ་བཏང་ནས་ན་རེ།  གཙང་འགྲམ་གྱི་ཉེ་ལོགས་ནས་མེ་ཕུང་ལྟ་བུ་ཞིག་མཐོང་ངམ་ཟེར།
   སྐབས་དེར།  སྙིང་ལ་གཟན་པའི་ང་རོ་ཞིག་མཆེད་ཡོང་།  སུ་ཞིག་གི་གྲིབ་གཟུགས་ལྟ་བུ་ཞིག་འདི་ཕྱོགས་སུ་བརྒྱུགས་ཡོང་།  ཁྱོད་ནི་འདེགས་འཁོར་དུ་འཁུམས་ཏེ་ཡང་ཡང་སྐྱབས་མགོན་གྱི་མིང་ནས་བོས་ཤིང་གསོལ་བ་བཏབ། འདེགས་འཁོར་བ་ཚོ་སྐྲག་ནས་ཧད་འདར་རྒྱག་ཅིང་།  ཚེར་ཕུང་གི་གསེབ་ཏུ་བསྐུངས།  ཨ་མ།  ཁྱོད་ཀྱི་བུ་ཆུང་ཡོད་པས།  སྐྲག་ག་ལ་དགོས།
   དེ་ཚོའི་ལག་ཏུ་དབྱུག་རིང་རེ་ཐོགས་ཤིང་།  མགོ་སྐྲ་གཟེང་ངེར།  ང་ཚོ་དང་ཉེ་རུ་ཐོན་ཡོང་།
   མཉམ་ཞོག  ཁྱི་སྐྱག་ཚོ།  མདུན་དུ་གོམ་གང་སྤོས་དང་།  སྲོག་ཐོག་ཏུ་གཏོང་ངེས།  དེ་ཚོས་ཡང་བསྐྱར་འཇིགས་རུང་གི་ང་རོ་སྒྲོག་གིན་འདི་ཕྱོགས་སུ་བརྒྱུགས་ཡོང་།  ཁྱོད་ཀྱིས་ང་ཡི་ལག་མགོ་ནས་བཟུང་སྟེ།  བུ་ཆུང་།  ཁོ་ཚོ་དང་འབྱོལ་རོགས།  གནམ་རྒན་མས་མཁྱེན་ཟེར།  ང་ལ་བལྟ་རོགས།  ཨ་མ།  ངས་དེ་ལྟར་བཤད།  དེ་ནས་ང་ཡིས་རྟ་མཆོག་ལ་ལྕག་གིས་སྐུལ་བཞིན་གཡུལ་ནང་དུ་བསྲེས་སོང་ལ།  མདུང་ཕུབ་འཐབ་པའི་སིང་སྒྲ་ཞིག་བར་སྣང་དུ་མཆེད་ཡོང་། ཛ་དྲག་གིས་ཁེངས་པའི་འཐབ་འཛིང་ཐེངས་འདི།  གལ་ཏེ་ཨ་མ་ཁྱོད་ཀྱིས་འདེགས་འཁོར་ལས་ཚུལ་འདི་མཐོང་ཡོད་ཚེ།  སྐྲག་འདར་རིང་མོ་ཞིག་རྒྱག་ངེས།  དེ་ཚོའི་ཁྲོད་ཀྱི་མང་པོ་ཞིག་ཝ་བྲོས་བརྒྱབ་ཅིང་།  གང་མང་ཞིག་ལྔ་ལམ་དུ་བརྫངས་སོང་། ཁྱོད་རང་དེ་གར་ཧད་དེ་ད་ནི་རང་གི་ཤ་ལས་ཆད་པའི་བུ་ཆུང་རང་ཉིད་དང་གཏན་དུ་བྲལ་སོང་སྙམ།  ལུས་ཡོངས་ཁྲག་དམར་གྱིས་སྦགས་པའི་ང་ནི་ཁྱོད་མདུན་དུ་ལྷགས་ནས་ན་རེ།  ཨ་མ།  ད་ནི་ཛ་དྲག་གི་གཡུལ་འགྱེད་འདི་ཡོངས་སུ་མཇུག་རྫོགས་པ་ཡིན།  ཁྱོད་ནི་འདེགས་འཁོར་ལས་བརྒྱུགས་ཡོང་སྟེ་ང་རང་བྲང་གཞུང་དུ་བསྡམས་ཏེ་ཡང་ཡང་འོ་བྱས་ཤིང་།  ཤབ་ཤུབ་ལྟ་བུ་ཞིག་བྱས་ཏེ་ན་རེ།  གལ་སྲིད།  བུ་ཆུང་གི་སྐྱེལ་མ་མེད་ཚེ།  ངས་ཅི་ཞིག་བྱེད་དགོས། རྟག་ཏུ་དོན་མེད་ཀྱི་བྱ་གཞག་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་།  ཅིའི་ཕྱིར་དོན་དག་འདི་ཐོག་རྒྱག་གིས་མངོན་དུ་མ་གྱུར་པ་ཡིན་ནམ།  དེ་ནི་དཔེ་དེབ་ཁྲོད་ཀྱི་གཏམ་རྒྱུད་ཅིག་དང་མཚུངས།  དཔེ་མི་སྲིད།  ང་ཡིས་ནི་རྟག་ཏུ་ཁོ་རང་ཉམ་ཆུང་ནུས་མེད་ཅིག་ཏུ་བགྲང་ཡོད།  ཕུ་བོས་དེ་ལྟར་བཤད།  སྡེ་མི་རྣམས་ཡ་མཚར་བའི་ངང་ན་རེ།  སྐབས་དེར།  བུ་ཆུང་ཨ་མ་དང་ལྷན་དུ་ཡོད་པ་དེ་འགྲིག་སོང་བ་མིན་ནམ་ཟེར།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།