中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། སྐར་ཚོམ།
དུས་ཚོད།2019-01-08 10:25:37     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། པིན་ཞིན་གྱིས་བརྩམས། མཁའ་བྱམས་ཚེ་རིང་གིས་བསྒྱུར།    ཆུང་། | འབྲིང་། | ཆེ།
     ང་རང་ཟླ་འོད་ཡོད་པའི་མཚན་ལྗོངས་ལ་དགའ་ཞིང་། སྐར་ཚོམ་གྱིས་བརྒྱན་པའི་ནམ་མཁའ་ལ་དེ་བས་དུངས། སྔོན་ཆད་ཕ་ཡུལ་དུ་ཟླ་བདུན་པ་དང་བརྒྱད་པའི་མཚན་མོར་སྡོད་ཁང་གི་ར་སྐོར་ནང་དུ་བསིལ་ཐབས་བྱེད་སྐབས། ང་རང་གསལ་ལ་མི་གསལ་བའི་མཁའ་དབྱིངས་ཀྱི་སྐར་ཚོམ་ལ་བལྟ་བར་ཧ་ཅང་དགའ། སྐར་ཚོམ་ལ་བལྟ་དུས་ངའི་དྲན་འཛིན་གྱི་མདུད་རྒྱ་ཁེད་ཀྱིས་ལྷོད་ཞིང་། ཡུམ་ཆེན་གྱི་བྱམས་བརྩེ་ལྡན་པའི་པང་དུ་ལོག་པ་དང་གཉིས་སུ་མ་མཆིས།
    ལོ་གསུམ་གྱི་སྔོན་དུ་ང་རང་ནན་ཅིན་དུ་སྡོད་སའི་ཁང་བ་དེར་ལྟག་སྒོ་ཞིག་ཡོད་ལ། མཚན་མོ་རེ་རེར་ངས་ལྟག་སྒོ་ཕྱེ་དུས། ལྷིང་འཇགས་ཀྱི་མཚན་མོ་ཞིག་འདྲེན་བྱེད་ཀྱི་སྒོ་མོར་མངོན་པར་གསལ་ཞིང་། སྐར་ཚོམ་གྱིས་བརྟས་པའི་སྔོ་སང་སིང་གི་ནམ་མཁའི་ཐུ་འོག་ན་ཚོད་མ་སྣ་ཚོགས་ཀྱི་འབྲས་བཟང་འཁུར་གྱིས་དུད་པའི་ར་བ་དེའང་ཁུ་སིམ་མེར་གནས་ཡོད། སྐར་འོད་དེ་ང་ཚོའི་མིག་ལམ་དུ་ཆུང་ཆུང་དུ་སྣང་ཡང་ཁོ་ཚོའི་འོད་སྣང་དེ་གང་སར་ཁྱབ་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ཡོང་།
    སྐབས་དེར་ངས་ཏག་ཏག་གནམ་དཔྱད་རིག་པའི་སྐོར་གྱི་དཔེ་དེབ་འགའ་རོལ་མྱོང་བྱེད་བཞིན་ཡོད་ལ། སྐར་མའི་རིགས་ཁ་ཤས་ལ་ཡང་ཅུང་ཙམ་གསལ་ཆ་ཡོད། ཁོ་ཚོ་ནི་ངའི་གྲོགས་པོ་ཞིག་དང་འདྲ་བར་ནམ་རྒྱུན་ང་ལ་སེམས་ཀྱི་སྐད་ཆ་གློད་བཞིན་པ་དང་འདྲ།
    ད་ལྟ་མཚོ་མོའི་འགྲམ་ངོགས་ནས་ང་རང་མཚན་མོ་རེ་རེར་སྐར་ཚོམ་དང་ཁ་གཏད་དུ་ལངས་ནས་བསྡད་པས། ངས་ཁོ་ཚོ་ངོ་ཟིན་ཡོད། མཚོ་གྲུའི་སྟེང་དུ་གན་རྐྱལ་དུ་ལོག་ནས་མཁའ་དབྱིངས་ལ་རྒྱང་བལྟ་བྱེད་སྐབས། བགྲང་གིས་མི་ལང་བའི་སྐར་ཚོམ་གྱི་བཞིན་བཟང་ཡངས་བའི་ནམ་མཁའི་ཁྱོན་ནས་ཁེངས་སྐྱུང་གི་ཚུལ་དུ་སུ་ཞིག་ལ་རེ་བས་སྒུག་པ་བཞིན་མར་ལ་དཔྱངས་ནས་ཡོད། མཚོ་མོའི་རླབས་རྒྱུན་གྱིས་མཚོ་གྲུ་སྒུལ་ཞིང་མཚོའི་གྲུའི་འགུལ་འགྲོས་དང་བསྟུན་ནས་སྐར་ཚོམ་ཡང་འགུལ་བར་བྱེད་སྲིད།     ཁོ་ཚོ་སར་འགྱེལ་ལ་ཉེ་ཞིང་མཚོ་གྲུའི་གཡོ་འགུལ་གྱིས་ས་ལ་གཏོར་སྲིད་པ་ཡིན་ནམ། ཁེད་ཀྱིས་ངའི་མིག་ཟུང་མག་མོག་པོར་གྱུར་ཞིང་། སྲིན་འབུ་མེ་འཁྱེར་མང་པོས་ངའི་མཐའ་འཁོར་དུ་དགའ་བའི་སྟངས་སྟབས་བསྒྱུར་བཞིན་པ་སྣང་ཡོང་།
    མཚོ་མོའི་མཚན་ལྗོངས་ནི་རྨི་ལམ་གྱི་གཤིན་ས་ཞིག་སྟེ། ལྷིང་འཇགས་དང་ལྷོད་གཡེང་བྱེད་སའི་གནས་མལ་ཞིག་ཀྱང་ཡིན། ངས་གསལ་ཆ་ཡོད་པའི་སྐར་མ་དེ་དག་ལ་བལྟ་སྐབས། ཁོ་ཚོས་ང་ལ་བརྩེ་བའི་ཟུར་མིག་འཕེན་པ་དང་འདྲ་ལ། ཁོ་ཚོས་ཤུབ་ཤུབ་ཏུ་གློད་བཞིན་པའི་ཚིག་འབྲུ་རེ་འགའ་ཕལ་ཆེར་བདག་གིས་ཐོས་སྲིད།
    སྐབས་དེར། ངས་ཡོད་ཚད་བརྗེད་སྲིད། སྐར་ཚོམ་གྱི་པང་ནས་ང་རང་འཛུམ་དམུལ་ལེར་གཉིད་དུ་ཡུར་ནས་བསྡད་ཡོད། ངས་རང་ཉིད་བྱིས་པ་ཞིག་ཏུ་འཁྲུལ་ནས་ད་ལྟ་ཨ་མའི་པང་དུ་གཉིད་དུ་ཡུར་ཡོད་པར་འདོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།