中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། ཆོས་དཔོན་འཆི་བདག
དུས་ཚོད།2019-04-01 10:07:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཀུན་བཟང་སྒྲོལ་མས་བསྒྱུར།    ཆུང་། | འབྲིང་། | ཆེ།
    སྔོན་ཁྱིམ་ཚང་དབུལ་བོ་ཞིག་ལ་བྱིས་པ་བཅུ་གཉིས་ཡོད། ཁོས་ཉིན་མཚན་མེད་པར་ལས་ཀ་ལས་ན་ད་གཟོད་ཁོ་ཚོའི་ཁ་གསོ་ཐུབ་པ་ཙམ་ཡིན། ཁོའི་བྱིས་པ་བཅུ་གསུམ་པ་སྐྱེ་བའི་སྐབས་ལ་ཁྱིམ་ཚང་ཧ་ཅང་དབུལ་བོ་ཡིན་པས་ཐབས་ཟད་ནས་ལམ་དཀྱིལ་དུ་སོང་ནས་ཁོ་དང་འཕྲད་པའི་མི་དང་པོ་དེ་བྱིས་པའི་ཆོས་དཔོན་བྱེད་དུ་འཇུག་འདོད།
    ཁོར་འཕྲད་པའི་མི་དང་པོ་ནི་དཀོན་མཆོག་ཡིན་ལ། དཀོན་མཆོག་གིས་སྔ་མོ་ནས་ཁོའི་སེམས་ཁྲལ་མཁྱེན་ཡོད་པས “ཀྭ་ཡེ། ཉམ་ང་བའི་མི། ཁྱོད་སྙིང་རེ་རྗེ། ང་ཡིས་ཁྱོད་ཀྱི་བྱིས་པར་བྱབས་ཁྲུས་བྱེད་པ་དང་བདག་སྐྱོང་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག”ཅེས་བཤད་པར། དབུལ་བོས“ཁྱོད་ཀྱིས་བཟང་བོ་ཐམས་ཅད་ཕྱུག་པོར་བྱིན་ནས་དབུལ་བོ་དག་ལ་བཀྲེས་ལྟོགས་མྱངས་སུ་བཅུག” ཅེས་བཤད་ལ། རྒྱུ་མཚན་ཁོས་རྒྱུ་ནོར་དང་དབུལ་ཕོངས་ནི་དཀོན་མཆོག་གིས་བགོ་བཤའ་ཅི་འདྲའི་དྲང་སྙོམས་ལྡན་པ་ཞིག་བྱས་ཡོད་པ་ཤེས་ཀྱིན་མེད། དེ་བས་ཁོ་དཀོན་མཆོག་དང་བྲལ་ནས་བུད་སོང་།
    སྐབས་དེར་གདོན་འདྲེ་དབུལ་བོའི་གམ་ལ་ཡོང་ནས“གལ་ཏེ་ང་ཆོས་དཔོན་དུ་བསྟེན་ན། ངས་ཁོར་གསེར་དངུལ་མང་པོ་སྟེར་བ་མ་ཟད་འཇིག་རྟེན་སྟེང་གི་བདེ་སྐྱིད་ཚང་མ་ཁོ་ལ་སྟེར” ཞེས་བཤད། དབུལ་བོས“ཁྱོད་ཀྱིས་མི་ལ་མགོ་སྐོར་གཏོང་བ་མ་ཟད་མི་ལ་བསླུ་བྲིད་ཡང་གཏོང་སྲིད།” ཅེས་ལན་བཏབ་རྗེས་མུ་མཐུད་དུ་མདུན་ཕྱོགས་སུ་སོང་། སྐབས་འདིར། ཤ་མེད་ཀེང་རུས་ཅན་གྱི་འཆི་བདག་གོམས་སྟབས་མྱུར་མོས་ཁོའི་ཕྱོགས་སུ་ཡོང་ནསངས་མི་ཚང་མར་ཕྱོགས་རིས་དང་ཉེ་རིང་མི་འཛིན་པ་མ་ཟད། ཁྱོད་ཀྱི་བྱིས་པ་རྒྱུ་ཆེན་ཅན་དང་མིང་གྲགས་ལྡན་པ་ཅན་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ། སུས་ང་དང་གྲོགས་སྒྲིག་ན་ངས་དེར་གྱོང་གཏོང་མི་སྲིད་པས་ང་ཆོས་དཔོན་དུ་བསྟེན་ན་ཅི་འདྲ་རེད།” ཅེས་དྲིས་པར། དབུལ་བོས“ཁྱོད་ངོ་མ་འཚམ་པོ་རེད། ཁྱོད་ཀྱིས་ཕྱུག་པོ་ཁྲིད་འགྲོ་ལ་དབུལ་བོ་ཡང་ཁྲིད་འགྲོ་བས་ཕྱོགས་རིས་གཏོང་མི་སྲིད”ཅེས་བཤད་ནས་འཆི་བདག་དངོས་སུ་བྱིས་པའི་ཆོས་དཔོན་དུ་བསྟེན།
    བྱིས་པ་ནར་སོན་སོང་། ཉིན་ཞིག་ལ། འཆི་བདག་གིས་བྱིས་པ་དེ་ནགས་ཚལ་དུ་ཁྲིད་ནས་དེ་གར་སྐྱེས་ཡོད་པའི་རྩྭ་ཞིག་བསྟན་ནས“ཁྱོད་ཀྱིས་ནད་པར་སྨན་བཅོས་བྱེད་སྐབས་རྒྱུན་པར་ང་རང་མཐོང་ཐུབ། གལ་ཏེ་ང་རང་ནད་པའི་མགོ་བོའི་འགྲམ་དུ་ལངས་ཡོད་ཚེ་ཁྱོད་ཀྱིས་ཡིད་ཆེས་ལྡན་པའི་ངང་ཁྱོད་ཀྱིས་ནད་པའི་ནད་གཞི་སངས་དྲག་ཏུ་གཏོང་ཐུབ་ཅེས་ཁོ་ལ་རྩྭ་སྨན་འདི་ཅུང་ཙམ་སྦྱིན་ན་ཁོ་རང་སངས་དྲག་ཏུ་འགྱུར་སྲིད། གལ་ཏེ་ང་རང་ནད་པའི་རྐང་འགྲམ་དུ་ལངས་ན་མི་འདི་ནི་ང་ལ་དབང་བ་ཡིན་པས་ཁྱོད་ལ་ཐབས་ཅི་ཡང་མེད་དེ། འཇིག་རྟེན་སྟེང་ཁོ་རང་སྐྱོབ་ཐུབ་པའི་སྨན་པ་གཅིག་ཀྱང་མེད་ཅེས་བཤད་དགོས། འོན་ཀྱང་ཁྱོད་ཀྱིས་ང་ཡི་འདོད་བློ་དང་རྒྱབ་འགལ་བྱས་ནས་གང་འདོད་དུ་རྩྭ་སྨན་འདི་བཀོལ་སྤྱོད་བྱས་ན་ཁྱོད་ལ་ཆགས་སྒོ་འབྱུང་སྲིད།” ཅེས་བཤད།
   ཅང་མ་འགོར་བར། ན་གཞོན་དེ་འཛམ་གླིང་སྟེང་ཆེས་མིང་གྲགས་ཆེ་བའི་སྨན་པར་གྱུར། མི་མང་པོས་ནད་པར་སྨན་བཅོས་བྱེད་པར་གདན་འདྲེན་བྱས་ནས་ཁོ་ལ་གསེར་སྲང་མང་པོ་བྱིན་པས་ཁོ་རང་ཕྱུག་བདག་ཆེན་པོར་གྱུར། ཐེངས་ཤིག་ལ། རྒྱལ་བོར་ནད་ཕོག་ནས་ཁོ་རང་ནད་བཅོས་བྱེད་དུ་བོས། ཁོ་རྒྱལ་བོའི་ཉལ་ཁྲིའི་གམ་དུ་ཡོང་བ་ན་འཆི་བདག་ནད་པའི་རྐང་འགྲམ་དུ་ལངས་ཡོད་པས་ནད་པ་འཆི་རྒྱུ་ཁོ་ཐག་ཡིན་པ་ཤེས་མོད།“ང་ཡིས་འཆི་བདག་ལ་མགོ་སྐོར་གཏོང་ན་ཁོ་ཁོང་ཁྲོ་ལངས་ཁོ་ཐག་ཡིན། འོན་ཀྱང་ང་ནི་ཁོ་ཡི་སློབ་བུ་ཡིན་པས་ཁོ་ཡིས་ཤེས་ཀྱང་མ་ཤེས་ཁུལ་བྱེད་སྲིད།” ཅེས་བསམ་ཞོར་དུ་ཁོས་ནད་པ་པང་དུ་བླངས་ནས་ནད་པའི་རྐང་བ་ནས་ཡར་བཀྱགས་པ་ན་འཆི་བདག་ནི་ནད་པའི་མགོ་བོའི་འགྲམ་དུ་ཡོད། ཁོས་རྒྱལ་བོར་སྨན་རྩྭ་ཅུང་ཟད་བྱིན་པ་དང་རྒྱལ་བོས་སྨན་རྩྭ་འཐུང་ནས་བཅུད་སྦྱོར་ལུས་གསོ་བྱས་པ་བརྒྱུད་ནས་ནད་གཞི་སངས་དྲག་ཏུ་གྱུར། འཆི་བདག་དེ་མ་ཐག་སྨན་པའི་གམ་ལ་ཡོང་ནས་ངོ་མདོག་ནག་ཅིང་གཏུམ་རྔམ་ཆེན་པོས་ཁོ་ལ་མཛུབ་མོ་ཀེར་ནས“ད་ཐེངས་ངས་ཁྱོད་གུ་ཡངས་གཏོང་བ་ཡིན། རྒྱུ་མཚན་ཁྱོད་ནི་ང་ཡི་སློབ་བུ་ཡིན། འོན་ཀྱང་། ཁྱོད་ཀྱིས་ད་རུང་ང་ལ་མགོ་སྐོར་གཏོང་ན་ཁྱོད་ཀྱི་སྲོག་ཡང་ཐར་ས་མེད།”ཅེས་འཇིགས་སྣང་སྐུལ།
    ཡུན་རིང་མ་འགོར་བར། རྒྱལ་བོའི་སྲས་མོ་ལ་ནད་གཞི་ལྕི་མོ་ཞིག་ཕོག རྒྱལ་བོས་སུ་ཞིག་གིས་སྲས་མོ་ཡི་ནད་བཅོས་ཐུབ་ན་དེ་སྲས་མོའི་ཁྱོ་ག་ཡིན་པར་མ་ཟད་རྒྱལ་རྒྱུད་ཤུལ་འཛིན་བྱེད་དུ་འཇུག་རྒྱུ་ཡིན་པའི་བཀའ་སྒྲོག སྨན་པ་སྲས་མོའི་ཉལ་ཁྲིའི་མདུན་དུ་ཡོང་བ་ན་འཆི་བདག་སྲས་མོའི་རྐང་འགྲམ་དུ་ཡོད་པ་མཐོང་། སྲས་མོ་ཡི་སྐྱེ་འབྲས་ལེགས་པོ་དང་རྒྱལ་རྒྱུད་ཤུལ་འཛིན་བྱེད་རྒྱུ་དེ་ཡིས་ཁོ་ཡི་མགོ་ཐོམ་པར་བྱས་པས། ཁོས་འཆི་བདག་གིས་ཁོ་ལ་རྫིག་ཉམས་ཀྱིས་ལྟ་བའི་མིག་མདངས་དང་འཇིགས་སྐུལ་ཆེད་དུ་མཐོན་པོར་བཀྱགས་པའི་ཁུ་ཚུར་སྐྱ་ལྡང་དེར་ལྟ་དབང་མེད་པར་སྲས་མོ་པང་དུ་བཟུང་། མོའི་མགོ་བོ་སྔར་ཡོད་ཀྱི་རྐང་བ་འཇོག་སའི་གནས་སུ་བཞག་ནས་མོ་ལ་སྨན་རྩྭ་ཅུང་ཟད་བྱིན་པས་སྲས་མོའི་གསོན་པའི་མེ་ལྕེ་ཡང་བསྐྱར་འབར། འཆི་བདག་གིས་ཁོང་ཁྲོ་ཆེན་པོས་སྨན་པ་ལ“ད་ཁྱོད་ཚར་སོང་། ད་ཁྱོད་ཤི་རན་རེད།”ཅེས་བཤད་ཞོར་འཁྱགས་ཤུར་ཤུར་གྱི་ལག་པས་སྨན་པ་དམ་པོར་འཇུས་ནས་དམྱལ་ཁམས་སུ་ཁྲིད། དམྱལ་ཁམས་ནས་ཁོ་ཡིས་བགྲང་གིས་མི་ལང་བའི་མར་མེ་གྲལ་དུ་བསྟར་ཡོད་པ་མཐོང་། མེ་ལྕེ་ལ་ལ་ཧ་ཅང་ཆེན་པོར་འདུག་ལ། ཁ་ཤས་ནི་ཧ་ཅང་ཆུང་། དུས་དང་རྣམ་པ་ཀུན་ཏུ་མེ་ལྕེ་ལ་ལ་ཞི་བཞིན་ཡོད་པ་དང་། མེ་ལྕེ་ལ་ལ་སླར་གསོ་བྱེད་བཞིན་ཡོད།
    འཆི་བདག་གིས“ཁྱོད་ཀྱིས་ལྟོས། འདི་ནི་ཚེ་སྲོག་གི་མེ་ལྕེ་ཡིན་ཏེ། འོད་ཆེན་པོ་དག་ནི་བྱིས་པ་ཚོར་དབང་བ་དང་འོད་ཆུང་བ་དག་ནི་མགོ་དཀར་བགྲེས་སོང་དག་ལ་དབང་བ་ཡིན།”ཞེས་བཤད། སྨན་པས“ང་ལ་དབང་བའི་མར་མེ་གང་རེད།”ཅེས་སེམས་སུ་རང་གི་ཚེ་སྲོག་གི་མེ་ལྕེ་ད་དུང་ཧ་ཅང་ཆེན་པོ་འདུག་བསམ་མོད། འཆི་བདག་གིས་འབར་ཚར་ལ་ཉེ་བའི་མར་མེ་དུམ་བུ་ཐུང་ཐུང་ཞིག་ལ་བསྟན་ནས“ལྟོས་དང་། འདི་ཡིན།”ཞེས་བཤད། “ཆོས་དཔོན་ལགས། ངས་ཁྱེད་ལ་ཞུ་བ་བྱེད། ཁྱོད་ཀྱིས་ང་ལ་མར་མེ་གསར་བ་ཞིག་སྒྲོན་རོགས།”ཞེས་དངངས་སྐྲག་ཆེན་པོ་སྐྱེས་ཞོར་ཞུ་བ་བྱས། “ངས་དེ་འདྲ་བྱེད་མི་ཐུབ། སྔོན་ལ་མར་མེ་རྐང་གཅིག་ཞི་ན་ད་གཟོད་གསར་བ་རྐང་གཅིག་སྒྲོན་ཆོག”ཅེས་ལན་བཏབ།
    སྨན་པས“དེ་ན་མར་མེ་རྙིང་བ་དེ་གསར་བའི་སྟེང་ལ་མཐུད་ན། རྙིང་བ་སྦར་ཚར་རྗེས་གསར་བ་ད་དུང་མུ་མཐུད་དུ་སྦར་ཆོག”ཅེས་ཞུ་བ་བྱས། འཆི་བདག་གིས་ཁོའི་རེ་འདོད་ལྟར་སྒྲུབ་པའི་ཚུལ་སྟོན་བཞིན་མར་མེ་གསར་བ་རྐང་གཅིག་ཁྱེར་ཡོང་ནས་མེར་སྒྲོན། འོན་ཀྱང་ཁོས་ཕྱིར་འཁོན་ལན་སློག་ཆེད་མར་མེ་མཐུད་པའི་སྐབས་སུ་བསམ་བཞིན་དུ་མར་མེའི་མགོ་ཐུར་ལྷུང་དུ་བཅུག་ནས་མེ་ལྕེ་ཞི་བར་གྱུར་བས། སྨན་པ་དེ་མ་ཐག་ས་ལ་འགྱེལ་བ་དང་ཁོ་རང་འཆི་བདག་གིས་ཁྲིད་ནས་བུད་སོང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།