༄༅།། མོའི་གྲོང་རྡལ། མོའི་སྲིང་བལ། - བསྒྱུར་རྩོམ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། མོའི་གྲོང་རྡལ། མོའི་སྲིང་བལ།
དུས་ཚོད།2019-07-12 11:50:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཚུན་ཧྲང་ཁྲུན་ཧྲུའུ་ཡིས་བརྩམས། བཀྲ་ཤིས་གཡང་མཚོས་བསྒྱུར།    ཆུང་། | འབྲིང་། | ཆེ།
   ཀྲ་ཧོང་ནས་ད་ལོའི་ཁ་བ་ཐེངས་དང་པོ་བབས་བྱུང་། ཆར་དེ་ཁ་བ་རུ་གྱུར། ཁ་བ་ཡང་ཆར་དུ་གྱུར། ཀྲ་ཧོང་དུ་ཁ་བ་ནི་འཆར་ཡན་གྱི་དངོས་པོ་མིན་པར། སྤྱིའི་ཆ་ནས་བཤད་ན་མཚན་སྙན་བཟང་རྒྱུ་མེད་པའི་ཤ་ཉེ་ངན་པ་ཞིག་དང་མཚུངས།
    ཟླ་བཅུ་བའི་ཚེས་བཅུ་གསུམ་གྱི་གཟའ་པ་སངས་ཉིན།
    ཏུང་ཅིང་ནས་ཁ་བྲལ་དུས་སྟོད་ཐུང་མ་གཏོགས་གོན་མེད། ཡུས་ཐེན་ནས་འཁོར་རྟགས 757ལ་བསྡད་དེ་ནམ་རྒྱུན་ཉན་བཞིན་པའི་སྒྲ་སྡེར་སྐར་མ་དགུ་བཅུ་ཅན་དེར་ཉན་མ་ཚར་གོང་། ང་ཁ་བའི་ཁྲོད་དུ་འཐིམ་བྱུང་།
    “འདི་འདྲ་རེད།” ངའི་གྲོགས་པོས་བཤད་རྒྱུར། “ལོ་རེ་རེར་དུས་སྐབས་འདི་ལ་ཐེངས་དང་པོར་བབས་པའི་ཁ་བ་དང་འགྲོགས་ནས་དགུན་ཟླ་རིང་མོ་ཡང་སླེབས་ངེས།”
    “ཅི་འདྲའི་གྲང་བ་ལ་ཨང་།”
    དོན་དངོས་ཐོག་དགུན་འདི་ལས་གྲང་། ལྷག་ཏུ་གྲང་། གྲང་བ་རྒྱུན་ལྡན་ཞིག་མིན།
    ང་ཚོ་ནི་ལྷ་ཁང་ཉེ་འགྲམ་གྱི་ཧ་ཅང་ཆུང་ཞིང་ལྷིང་འཇགས་ཡིན་པའི་གྲོང་ཁྱེར་ཆུང་ཆུང་ཞིག་ནས་འཚར་ལོངས་བྱུང་བ་ཡིན། ཁྱིམ་གཉིས་ཀྱི་བར་ལ་སྨི་ལྔ་བཅུ་ལྷག་ཡོད་པ་དང་། དམའ་འབྲིང་དང་མཐོ་འབྲིང་ཚང་མ་སློབ་གྲྭ་གཅིག་ནས་མཐར་ཕྱིན་པ་ཡིན། མཉམ་དུ་ཡུལ་སྐོར་བྱས་ལ་དགའ་སར་ཐུག་འཕྲད་ཀྱང་ལྷན་དུ་ཕྱིན་པ་ཡིན། ཐེངས་ཤིག་ངེད་གཉིས་བཟི་དྲགས་པས་གླ་གཏོང་རླངས་འཁོར་ལས་མར་ལྷུང་བ་ཡིན། མཐོ་འབྲིང་མཐར་ཕྱིན་རྗེས། ངས་ཏུང་ཅིང་གི་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་པ་དང་། ཁོས་པེ་ཧའེ་ཏའོ་ལ་རྒྱུགས་འཕྲོད། ང་ཏུང་ཅིང་ནས་འཚར་ལོངས་བྱུང་བའི་འཛིན་གྲྭ་གཅིག་ཡིན་པའི་བུད་མེད་ཅིག་ལ་གཉེན་བསྒྲིགས་པ་དང་། ཁོ་ནི་ཞོ་ཙོན་ནས་འཛིན་གྲྭ་གཅིག་ཡིན་པའི་བུད་མེད་ཅིག་དང་གཉེན་བསྒྲིགས། མི་ཚེ་ཟེར་བ་དེ་འདྲ་རེད། རྩི་ཤིང་གི་ས་བོན་ནམ་འོང་མི་ཤེས་པའི་རླུང་གིས་ཁུར་འགྲོ་བ་བཞིན། ང་རང་ཚོ་སྟེས་དབང་གི་ས་གཞིའི་སྟེང་གར་འགྲོ་འདི་འགྲོ་མི་ཤེས་པར་གྱུར།
    གལ་ཏེ་ཁོས་ཏུང་ཅིང་གི་སློབ་ཆེན་ལ་རྒྱུགས་འཕྲོད་ཅིང་། ངས་པེ་ཧའེ་ཏའོ་ལ་རྒྱུགས་སྤྲད་ཡོད་ན། ངེད་གཉིས་ཀྱི་མི་ཚེ་ལ་འགྱུར་ལྡོག་མི་འདྲ་བ་འབྱུང་སྲིད་པ་སྨོས་མ་དགོས། ངས་ཀྲ་ཧོང་གི་ཡུལ་སྐོར་ལས་ཁུངས་ན་བྱ་བ་སྒྲུབ་བཞིན་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་འདུར་གྱིན་ཡོད་ཀྱང་སྲིད། ཁོ་ཡང་ཏུང་ཅིང་ནས་རྩོམ་པ་པོ་ཞིག་ཏུ་གྱུར་ཡོད་ཀྱང་ངེས། “སྟེས་དབང་”གི་མ་ལོ་འདིའི་མཛུབ་སྟོན་འོག ངས་བརྩམས་སྒྲུང་གི་བྱ་བ་གཉེར་དགོས་པ་དང་། ཁོས་ཡུལ་སྐོར་ལས་ཁུངས་ནས་བྱ་བ་བསྒྲུབ་དགོས་བྱུང། མ་ཟད། རྔོན་པའི་སྐར་མ་ད་བར་དུ་འོད་ཆེམ་ཆེམ་ཡིན།
    ཁོ་ལ་ལོ་ན་དྲུག་ཡིན་པའི་བུ་ཞིག་ཡོད། ལག་ཁུག་ནང་དུ་བསྡོམས་པས་འདྲ་པར་གསུམ་ཡོད། དེ་ནི་ཡོན་ཧྲན་གྱི་སྲོག་ཆགས་གླིང་ག་ནས་ལུག་དང་མཉམ་དུ་རྩེད་འཇོ་ལ་རོལ་བའི་སྐར་མ་སྨེ་བདུན་དང་། ལུས་ཡོངས་དར་ཚོན་སྣ་ལྔས་གཡོགས་པའི་སྐར་མ་སྨེ་བདུན། སྤྲོ་གསེང་གླིང་གི་མེ་ཤུགས་འཕུར་མདའ་ལ་བསྡད་པའི་སྐར་མ་སྨེ་བདུན་བཅས་གསུམ་ཡིན། ངས་འདྲ་པར་དེ་སོ་སོར་ཐེངས་གསུམ་ལ་བལྟས་རྗེས། ཁོ་ལ་བྱིན་ཏེ་མུ་མཐུད་དུ་ཆང་འཐུང་ཞོར་འཁྱག་སུབ་སུབ་ཀྱི་ཀུའེ་ཉ་ཟོས།
    “འོ་རེད། Pཅི་འདྲ་རེད།”
    “བསམ་དོན་ལྷུན་གྱིས་འགྲུབ་ནས་དགའ་བའི་དཔལ་ལ་རོལ།” ཁོས་ལན་འདེབས་རྒྱུར། “ཉེ་ལམ་ལམ་བར་ནས་གློ་བུར་ཏུ་འཕྲད་བྱུང་། ཆུང་མ་དང་འཐོར་ནས། ད་ལྟ་ལོ་ན་ཕྲ་བའི་བུད་མེད་ཅིག་ལ་འགྲོགས་ཡོད་ཟེར།”
    “Qཅི་འདྲ་རེད།”
    “མཚམས་སྦྱོར་བརྡ་ཁྱབ་ཀྱི་ལས་ཚབ་བྱ་བ་བསྒྲུབས་བཞིན་ཡོད། མཚམས་སྦྱོར་བརྡ་ཡིག་བྲིས་པ་ཤིན་ཏུ་ཡིད་སྐྱོ་བོ་རེད།”
    “དེར་བལྟས་ན་ཤེས།”
    དེ་ལྟ་བུའི་དོན་དག་ཧ་ཅང་མང་།
    ང་ཚོས་སྒོར་རྩིས་བརྒྱབ་སྟེ། ཕྱི་རུ་ཐོན། ཁ་བ་སྔར་བཞིན་ལྷབ་ལྷུབ་ཏུ་འབབ་བཞིན་ཡོད།
    “ཅི་འདྲ་རེད། ཉེ་ལམ་ཧྲིན་ཧའོ་ལ་ཨེ་སོང་།”ཞེས་ངས་དེ་ལྟར་དྲིས།
    “གང་།” ཁོས་མགོ་བོ་གཡུག་གཡུག་བྱས་ཏེ། “ཐག་ཧ་ཅང་རིང་། ཁྱོད།”
    “མ་སོང་། ཡུལ་ལ་འགྲོ་བའི་སེམས་ཁམས་མེད།”
    “འོ”
    “འགྱུར་ལྡོག་ཕལ་ཆེར་ཅང་ཡོད་རྒྱུ་མ་རེད།”
    “ཨིན།”
    ཀྲ་ཧོང་གི་སྲང་ལམ་ནས་གོམ་པ་འཁྱར་འཁྱོར་ངང་སྐར་མ་བཅུ་མ་འགོར་བར། ངེད་གཉིས་ཀྱི་སྐད་ཆའི་གླེང་གཞི་སྟོང་བར་གྱུར། ང་མགྲོན་ཁང་ལ་ཕྱིར་ལོག་པ་དང་། ཁོ་ཡང་སྡོད་ཁང་དུ་ཕྱིར་བུད་སོང་།
    “ཡ། ད་བདེ་མོ་བྱོས།”
    “ཨིན། བདེ་མོ་བྱོས།”
    ལོ་འགའ་འགོར་རྗེས། ངེད་གཉིས་སྔར་བཞིན་རང་རང་སར་བུད་སོང་། སང་ཉིན་ནས་བཟུང་ངེད་གཉིས་ཀྱིས་བར་ཐག་སྤྱི་ལེ་ལྔ་བརྒྱས་ཆོད་པའི་གྲོང་ཁྱེར་གཉིས་ནས་སོ་སོའི་སྤྲོ་སྣང་མེད་པའི་ལས་ལ་དམིགས་ཡུལ་མེད་པར་མུ་མཐུད་དུ་འཐབ་རྩོད་བྱ་རྩིས་ཡིན།
    མགྲོན་ཁང་གི་བརྙན་འཕྲིན་ནང་ས་གནས་ཀྱི་ལེ་ཚན་གཏོང་བཞིན་ཡོད། ངས་ལྷམ་ཡང་མ་ཕུད་པར་ཉལ་ཁྲིའི་སྟེང་ལོག་པ་ཡིན། ཕྱོགས་གཅིག་ནས་མགྲོན་ཁང་ནས་བྱིན་པའི་སན་མིང་ཙའེ་བག་ལེབ་དེ་ལ་སོ་འདེབས་ཞོར་ཆང་གིས་མིད་པའི་གཏིང་ལ་དེད། ཕྱོགས་གཅིག་ནས་ས་གནས་ཀྱི་ལེ་ཚན་གཏོང་བའི་བརྙན་རིས་ངོས་ལ་ཅེར།
    བརྙན་རིས་ཁྲོད་དུ་ལུས་ལ་སྨད་གཡོག་སྔོ་ནག་གྱོན་པའི་སྐྱེས་མ་ཞིག་ལངས་ཡོད། བརྙན་ཕབ་འཕྲུལ་ཆས་ཀྱིས་གཅན་གཟན་ལྟར་རྙིང་ཞེན་མཁྲེགས་བཟུང་གི་མིག་སྣེ་གཡོ་འགུལ་ཅི་ཡང་མེད་པར་མོའི་སྐེད་པའི་ཡན་བཟུང་ཡོད། དེའི་ཕབ་ཕྱོགས་མི་བརྗེ་བ་མ་ཟད། མདུན་དང་རྒྱབ་ཕྱོགས་གང་ལ་ཡང་སྤོ་འགུལ་མི་བྱ། འདིས་ལོ་འགའི་སྔོན་གྱི་ཧ་ཅང་དར་ཁྱབ་ཆེ་བའི་གློག་བརྙན་ཞིག་དང་འདྲ་བའི་ཚོར་བ་སྟེར།
    “ངསRགྲོང་རྡལ་སྲིད་གཞུང་དྲིལ་བསྒྲགས་ཚན་ཁག་ནས་བྱ་བ་སྒྲུབ་བཞིན་ཡོད།”མོས་དེ་ལྟར་བཤད། སྐད་ལ་ཉན་ན་མང་པོ་ཞིག་ས་གནས་ཀྱི་བྲོ་བ་རེད། ད་དུང་འཚབ་ནས་འདར་སིག་སིག་བྱེད་བཞིན་འདུག Rགྲོང་རྡལ་ནི་མི་འབོར་བདུན་སྟོང་ལྔ་བརྒྱ་ཅན་གྱི་སྡེ་བ་ཆུང་ཆུང་ཞིག་ཡིན་ལ་སྙན་གྲགས་ཅི་ཡང་མེད་པས་ཚང་མས་མི་ཤེས་ཀྱང་སྲིད།
    “ཡིད་སྐྱོ་བ་ཞིག་རེད།”ངས་དེ་ལྟར་བཤད།
    “གྲོང་རྡལ་འདིའི་ཐོན་ལས་ནི་ཞིང་ཕྱུགས་ལས་རིགས་ཡིན་ལ་ཆུ་འབྲས་འདེབས་འཛུགས་ནི་རྨོན་ལས་གཙོ་བོ་ཡིན། འོན་ཀྱང་ཉེ་བའི་ལོ་ལ་སྲིད་ཇུས་ཀྱིས་སྐུལ་འདེད་ཇེ་ཉུང་སོང་བ་དང་བསྟུན་ནས། གྲོ་དང་སྔོ་ཚོད་འདེབས་འཛུགས་ལ་སྒྱུར་བཞིན་ཡོད། ད་དུང་། གྲོང་རྡལ་དང་ཅུང་ཐག་རིང་བའི་ས་ཆ་ཞིག་ན་གྲོང་རྡལ་གྱིས་བཙུགས་པའི་ཞིང་ར་ཞིག་ཡོད། དེ་ན་ནོར་ཉིས་བརྒྱ་དང་རྟ་བརྒྱ་ལྷག་གསོས་ཡོད་པ་མ་ཟད། ལུག་བརྒྱ་ལྷག་ཀྱང་གསོས་ཡོད། ཅང་མི་འགོར་བར་གྲོང་རྡལ་རིམ་གྱིས་ཕྱུགས་ལས་ཕྱོགས་སུ་རྒྱ་ཆེར་གཏོང་བཞིན་ཡོད། ལོ་གསུམ་འགོར་རྗེས། གྲངས་ཀ་དེ་ལྡབ་འགྱུར་གྱིས་ཇེ་མང་འགྲོ་བ་ཡིན།”
    མོ་སྐྱེས་གཟུགས་དེ་འདྲ་ཡག་རྒྱུ་མེད། ཕལ་ཆེར་མོ་ལོ་ཉི་ཤུ་ཙམ་ཡིན། མིག་ཤེལ་ཞིག་གྱོན་ཏེ་མཆུ་འགྲམ་ནས་ཆག་སྐྱོན་ཤོར་བའི་འཁྱགས་སྒམ་ལྟར་ཨུ་ཚུགས་ཀྱི་འཛུམ་མདངས་ཤིག་མངོན་འདུག ཡིན་ཡང་། མོ་ཧ་ཅང་ཡིད་དབང་འཕྲོག དར་ཁྱབ་ཆེ་བའི་བརྙན་ཆས་ཀྱིས་མོའི་ཡིད་དུ་འོང་བའི་ཉམས་དེ་དམར་རྗེན་དུ་མངོན་པར་བྱས། གལ་ཏེ་ང་ཚོ་མི་རེ་རེས་བརྙན་ཆས་མདུན་ནས་སྐར་མ་བཅུ་ལ་སྐད་ཆ་ཞིག་བཤད་ཐུབ་ན། འཇིག་རྟེན་དེ་དངོས་གནས་དགའ་ཐག་ཆོད་པ་ཞིག་ཡིན་ངེས་རེད། ངས་དེ་ལྟར་བསམས།
    “མིང་ཀྲིའི་དུས་དཀྱིལ་ལ།  Rགྲོང་རྡལ་ནས་བཞུར་བའི Rཆུ་བོའི་རྒྱུད་དུ་གསེར་རྙེད་པ་དང་། གཏེར་ཁ་ཡང་ཐོན། འོན་ཀྱང་གསེར་བརྐོས་ཚར་རྗེས་གཏེར་ཁ་ཡང་མེད་པར་གྱུར། ལྷག་ཡོད་པ་ནི་ཞིག་རལ་དུ་སོང་བའི་ཁང་ཆག་འགའ་དང་རི་འགོར་འཐེན་པའི་ལམ་བུ་དེ་ཡིན། དེ་དག་ལ་བལྟས་ན་སྔོན་ཆད་ཀྱི་མཛེས་ལྗོངས་ལ་ཕྱིར་དྲན་ཐེངས་རེ་བྱ་ཐུབ།”
    ངས་ཚར་ལ་ཉེ་བའི་སན་མིང་ཙའེ་བག་ལེབ་དེ་ཟོས་ནས། ལྷག་ཡོད་པའི་ཆང་ཚང་མ་ཧུབ་གཅིག་གིས་འཐུང་ཚར།
    “གྲོང་རྡལ། ཤུ། གྲོང་རྡལ་གྱི་མི་འབོར་ལོ་འགའི་སྔོན་ལ་ཁྲི་གཅིག་ལས་བརྒལ་མྱོང་། རྗེས་ནས་ཞིང་ལས་བཞག་སྟེ་ཕྱི་ལ་སོང་བས་མི་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་། ན་གཞོན་ཚོ་གྲོང་རྡལ་ནས་གྲོང་ཁྱེར་དུ་སོང་བ་འདི་ནི་གནད་དོན་ཞིག་ཏུ་གྱུར་ཡོད། ངའི་སློབ་གྲོགས་ནང་ནས་ཀྱང་མང་ཕྱོགས་གྲོང་རྡལ་ནས་བུད་སོང་། གཏན་སྡོད་བྱེད་མཁན་ཡོད་པའང་སྨོས་མ་དགོས།”
    མོས་འབྱུང་འགྱུར་མེ་ལོང་ལ་ལྐོག་ལྟ་བྱས་པ་ལྟར་བརྙན་ཕབ་འཕྲུལ་ཆས་སུ་བྱིང་སྟེ་བར་མེད་དུ་བཤད་ཀྱིན་ཡོད། མོའི་མིག་གཉིས་བརྙན་འཕྲིན་གྱི་བརྙན་སྟོན་ཤེལ་སྦུག་བརྒྱུད་ནས་བློ་རྩེ་གཅིག་གིས་ང་ལ་ཅེར་འདུག ངས་འཁྱགས་སྒམ་ནས་ཡང་བསྐྱར་ཆང་ཕོར་གཅིག་བླངས་ཏེ་ཧུབ་གང་འཐུང་།
    མོའི་གྲོང་རྡལ།
    ངས་མོའི་གྲོང་རྡལ་གྱི་སྣང་ཚུལ་བློ་ཡུལ་ལ་འཆར་དུ་འཇུག་ཐུབ། ཉིན་གཅིག་ལ་ཐེངས་བརྒྱད་མ་གཏོགས་མི་འདུག་པའི་མེ་འཁོར། མེ་ཐབ་ཡོད་པའི་མེ་འཁོར་སྒུག་ཁང་། འཁྱག་བསིལ་བསིལ་གྱི་འགྲིམ་འགྲུལ་གླིང་ཕྲན། གསལ་ལ་མི་གསལ་བའི་གྲོང་རྡལ་གྱི་མཛུབ་སྟོན་ཡུལ་སྐོར་ས་ཁྲ། ཚེ་རིང་ལུག་མིག་མེ་ཏོག་གི་རྫ་མ་དང་ལམ་འགྲམ་གྱི་ཡོབ་གླིང་ཧྭ་ཆིའུ་ཧྲུའུ་མེ་ཏོག ཕོ་བའི་དོན་དུ་ཤུགས་ཀྱིས་འདུར་བའི་རྫབ་རྫོབ་ཅན་གྱི་ཁྱི་རྒན། ཡངས་ཤིང་རྒྱ་ཆེ་བའི་སྟོང་སང་ངེར་གནས་པའི་ལམ་ཕྲན། རང་སྲུང་རུ་ཁག་བསྡུ་བའི་དྲིལ་བསྒྲགས་རི་མོ། ཐོག་བརྩེགས་གསུམ་ཅན་གྱི་ཚོང་ཁང་། སློབ་ལྭ་དང་མགོ་སྨན་གྱི་མཚམས་སྦྱོར་བརྡ་ཁྱབ། མགྲོན་ཁང་ཆུང་ཆུང་ཞིག ཞིང་ལས་མཉམ་འབྲེལ་ལྷན་ཚོགས་དང་ནགས་ལས་ལྟེ་གནས། ཕྱུགས་ལས་ཐོན་རྫས་འཕེལ་རྒྱས་ལས་ཚོགས་ཀྱི་གཞུང་སྒྲུབ་ཐོག་ཁང་། རྔམས་འཐུག་པའི་དུ་བ་རྐང་གཅིག་གིས་སྐྱ་ཐང་ཐིང་གི་ནམ་མཁའི་ཁྲུས་རྫིང་བརྟོལ། སྲང་ལམ་མཐའ་ནས་གཡོན་ཕྱོགས་སུ་ད་དུང་ལམ་གཉིས་བརྒྱུད་རྗེས་ཀྱི་གནས་ན་གྲོང་རྡལ་གྱི་སྲིད་གཞུང་ཡོད། མོ་དྲིལ་བསྒྲགས་སྡེ་ཁུལ་ན་བསྡད་ཡོད། ཉམས་དང་འགྱུར་བ་མེད་པའི་གྲོང་རྡལ་ཆུང་ཆུང་། ལོ་གཅིག་གི་ནང་ལོ་ཕྱེད་ཀ་ཞིག་ལ་ཁ་བས་གཡོགས་ཡོད། མོས་དུས་རྒྱུན་མེད་པར་སྡེ་བ་འདི་ལ་སྤྱི་བསྒྲགས་ཡི་གེ་འབྲི་བཞིན་ཡོད་དེ། འོས་འཚམ་གྱི་ཟླ་ཞིག་དང་ཉིན་ཞིག་ལ་སྲིང་བལ་དུག་སེལ་རྫས་བགོས་སྤྲོད་བྱ་རྒྱུ་ཡིན་པས། མཁོ་མཁན་ཡོད་ན་འོས་འཚམ་གྱི་ཟླ་ཞིག་དང་ཉིན་ཞིག་ལ་རེ་ཞུ་ཡི་གེའི་སྟེང་ལ་མིང་ཐོ་འགོད་རོགས།
    ཀྲ་ཧོང་མགྲོན་ཁང་གི་ཁང་བ་ཆུང་ཆུང་ཞིག་ནས། ང་མོའི་མི་ཚེ་དང་བྱ་རྡོ་ལམ་འཕྲད་བྱུང་སོང་། འོན་ཀྱང་བར་དུ་གང་ཞིག་ཆད་ཡོད། མགྲོན་ཁང་གི་ཉལ་ཁྲིའི་སྟེང་ནས། དུས་ཚོད་དེ་ངོ་མ་གཡར་ཡོང་བའི་ནུབ་ལྭ་ཞིག་དང་འདྲ་བར། ལུས་ལ་ཏག་ཏག་འོས་འཚམ་ཞིག་མིན། ལྗིད་ཏིག་ཏིག་གི་བུད་ཤིང་གཏུབ་བྱེད་དེས་ངའི་རྐང་འོག་གི་ཐག་པ་གཙབ་བཞིན་ཡོད། ཐག་པ་ཆད་མ་ཐག་ང་གཏན་ནས་འདུག་ས་མེད་པར་འགྱུར་ངེས་ཡིན། ངས་བྱ་བ་དེ་ཡིད་ལ་དྲན་ན་དངངས་སྐྲག་རེ་སྐྱེས་ཡོང་།
    མིན། ཐག་པ་ཆད་པ་མ་རེད། མ་རེད། ཆང་འཐུང་བ་མང་དྲགས་པས་འདང་རྒྱག་མང་སོང་བ་རེད། ཡང་ན་ཕྱིའི་ལྷབ་ལྷུབ་ཏུ་འབབ་པའི་ཁ་བས་དྲན་པར་བྱས་ཀྱང་སྲིད། ངས་རྐང་འོག་གི་ཐག་པར་འཇུས་ནས་དངོས་ཡོད་ཀྱི་རྔམ་གནག་པའི་གཤོག་འོག་ཏུ་ལོག་སོང་། ངའི་སྲང་ལམ། མོའི་ལུག
    མོའི་ལག་ཏུ་སྤུས་ཚད་ཆེས་ལེགས་པའི་དུག་སེལ་སྨན་རྫས་འབྱོར་སྐབས། ང་ཕལ་ཆེར་ངའི་སྲང་ལམ་ན་ངའི་ལུག་ལ་དགུན་སྐྱེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་སྲིད། འབྲུ་རིགས་ཉར་གསོག སྒྲོན་སྣུམ་བླུགས་པ། དྲ་མ་ལ་ལས་སྣོན་བྱས་ཏེ་ཁ་བའི་ཙག་འགོག དགུན་ཁའི་གོམ་འགྲོས་རིམ་བཞིན་ང་ཚོའི་ཉེ་འགྲམ་ལ་བཅར་བཞིན་ཡོད།
    “འདི་ནི་ངའི་གྲོང་རྡལ་ཡིན།” མོས་མུ་མཐུད་དུ་བཤད། “སྤྱིར་གྲོང་རྡལ་ཆུང་ཞིང་ཁྱད་ཆོས་ཀྱང་བརྩི་རྒྱུ་མེད་རུང་། མ་མཐའ་ཡང་དེ་ངའི་གྲོང་རྡལ་ཡིན། གལ་ཏེ་གོ་སྐབས་ཡོད་ན། གྲོང་རྡལ་འདི་ལ་བལྟ་བར་ཤོག ང་ཚོས་ཁྱོད་ལ་དོན་ཞིག་བསྒྲུབ་ཐུབ་ཀྱང་སྲིད།”
    དེ་དང་བསྟུན་ནས།  མོའི་གཟུགས་རིས་བརྙན་འཕྲིན་ནས་རིམ་བཞིན་ཡལ་སོང་།
    ངས་སྔས་འགྲམ་གྱི་རྒྱང་སྒྱུར་བླངས་ཏེ།  བརྙན་འཕྲིན་གྱི་སྒོ་བརྒྱབ། ཕྱོགས་གཅིག་ནས་ཆང་འཐུང་བ་དང། ཕྱོགས་གཅིག་ནས་མོའི་གྲོང་རྡལ་ལ་བལྟ་བར་འགྲོ་དགོས་མིན་ལ་བསམ་བློ་བཏང་། གལ་ཏེ་མོའི་གྲོང་རྡལ་ལ་སོང་ན་མོས་ང་ལ་དོན་ཞིག་བསྒྲུབ་ཐུབ་ཀྱང་སྲིད། ཡིན་ནའང་། མཐར་གཏུགས་ན་ང་མོའི་གྲོང་སྡེ་ལ་འགྲོ་བའི་དགོས་པ་ཅི་ཡང་མེད། ངས་དངོས་པོ་མང་པོ་ཞིག་བསྐྱུར་ཟིན།
    ཕྱི་རོལ་ན་ད་དུང་ཁ་བ་འབབ་བཞིན་ཡོད། ལུག་བརྒྱ་ལྷག་གིས་མུན་ནག་གི་ཁྲོད་ན་མིག་གཉིས་བཙུམ་སྟེ་བསྡད་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།