中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། ཐར་བ།
དུས་ཚོད།2020-01-06 08:59:54     རྩོམ་གྱི་ཡོང་ཁུངས། ཀན་ལྷོོའི་གསར་འགྱུར། ཉི་དབང་མགོན་པོས་བརྩམས། རྡོ་རྗེ་སྒྲོལ་མས་བསྒྱུར།     ཆུང་། | འབྲིང་། | ཆེ།
  གྷི་ལེ་ནི་ལང་ཚོའི་དཔལ་འབར་ཞིང་ཚེ་ཚེ་རབས་རབས་སུ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཁྱིམ་རྒྱུད་ཅིག་ནས་སྐྱེས་པས་ཆུང་བྱིས་དུས་ནས་གཅེས་ཕྲུག་ལང་ཤོར་ཅིག་ཡིན། མོའི་ཁྱོ་ག་པ་རེ་སིའི་སྔོན་ཆད་ཀྱི་འཚོ་བ་ཤིན་ཏུ་ཉམ་ཐག་ཀྱང་། ད་ལྟ་ཡོང་སྒོ་འཕར་ཏེ་འཚོ་བ་ཅུང་ཇེ་བཟང་དུ་སོང་ཡོད། ཁོ་རང་འཚོ་བའི་ཉམ་ཐག་གི་མཐར་ལྷུང་བའི་སྐབས་སུ། ཁོའི་སྒྱུག་པོས་རང་གི་བུ་མོས་སྡུག་མྱོང་བར་བསམ་ནས་མོ་རང་ཁྱོ་ག་ཚང་ལ་འགྲོ་རུ་མ་བཅུག ལོ་འགའ་འགོར་རྗེས་ད་གཟོད་ཁྱོ་ག་ཚང་དུ་སོང་།
    པ་རེ་སི་དང་མཛེས་ཤིང་ལྟ་ན་སྡུག་པའི་ཆུང་མ་གཉིས་ཀའི་འདོད་འདུན་མི་གཅིག་པའང་ཕལ་ཆེར་རྒྱུ་རྐྱེན་འདི་དག་ཡིན་པར་འདོད། སེམས་ངོགས་སུ་བཅབས་པའི་དོགས་པ་དེ་དག་གིས་ཁོའི་གཤིས་རྒྱུད་ཡ་མཚན་པ་ཞིག་ཏུ་བཏང་ཡོད། 
    པ་རེ་སི་ཡིས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཆུང་ཆུང་ཞིག་ཏུ་ཁྲིམས་རྩོད་པའི་ལས་གཉེར་བཞིན་ཡོད། ཁྱིམ་དུ་སྤུན་ཟླ་གཅིག་ཀྱང་མེད་གཤིས་ཆུང་མ་གཅིག་པུ་ཁྱིམ་དུ་བསྡད་པར་ནམ་རྒྱུན་བློ་མ་བདེ་བར་སྐབས་འགར་གློ་བུར་དུ་ཁྲིམས་ཁང་ནས་ཁྱིམ་དུ་ལོག་ནས་ཡང་ཡང་བལྟས། ཐོག་མར་གྷི་ལེས་མོའི་ཁྱོ་གའི་བྱེད་སྟངས་འདི་ཉིད་ཅི་ཡིན་ཆ་མ་འཚལ། རྗེས་སུ་མོས་དེའི་ཁྲོད་ཀྱི་གསང་བ་བརྟོལ་ཡོད་མེད་མོ་རང་ཉིད་ཀྱིས་མ་གཏོགས་སུས་ཀྱང་མི་ཤེས།   པ་རེ་སིས་གཡོག་པོ་ཞིག་རང་ཁྱིམ་དུ་ཡུན་རིང་ལ་སྡོད་པར་མ་བཟོད་པར་ཁོས་ཁྱིམ་ནང་གི་གཡོག་པོ་གང་འདོད་དུ་ལས་གནས་ནས་ཕྱིར་འཕུད་མགོ་བརྩམས་ཤིང་། སྒོས་སུ་གྷི་ལེས་རང་ཉིད་ཀྱི་ཁྱིམ་ལས་ལྕི་མོ་དེ་ཇེ་ཡང་དུ་གཏོང་ཆེད་གཡོག་པོ་ཞིག་གླ་དགོས་པར་ཨུ་ཚུགས་བསྐྱེད་ཀྱང་པ་རེ་སིས་མྱུར་བར་ཕྱིར་ཕུད་པར་ཐེ་ཚོམ་མེད། རྣམ་དག་ལྷད་མེད་པའི་གྷི་ལེ་ལ་ཕོག་ཐུག་ཆེན་པོ་ཐེབས་ཤིང་རང་ཉིད་ཀྱི་ཁྱོ་གས་རིམ་གྱིས་སྤྱོད་སྟངས་མཚར་བོ་རེ་སྟོན་པ་ཡིན།
    མཐའ་མར་ཁོས་རང་ཉིད་ཚོད་འཛིན་མ་ཐུབ་པར་གཡོག་མོ་ཞིག་བོས་ཏེ་ལྐོག་ནས་ཁོའི་ཆུང་མའི་འགྲོ་ལུགས་འདུག་སྟངས་ལ་བལྟ་རུ་བཅུག་པས་གཞི་ནས་གྷི་ལེའི་བསམ་བློ་འཁོར་ཏེ་སྔ་འདང་ཕྱི་འདང་ཕོག་སོང་། ང་རྒྱལ་རང་རློམ་ཅན་གྱི་བུད་མེད་འདིར་དམའ་འབེབས་ཐེབས་པ་དེ་རྨས་ཕོག་ཡོད་པའི་སེང་མོ་ཞིག་གིས་སེམས་འཚབ་ཅིང་བློ་མ་བདེ་བར་རང་ཉིད་ཀྱི་རྨ་ཁ་ལྡག་པ་དང་གཉིས་སུ་མ་མཆིས། དོགས་གཞི་དྲག་པོ་འདིས་བཟའ་ཟླའི་བར་འགལ་རྐྱེན་ཆེན་པོ་བཟོས་ནས་ཕན་ཚུན་ཁ་བྲལ་བར་བྱས།
    པ་རེ་སིས་མཐར་ཐུག་གྷི་ལེ་ལ་རང་ཉིད་ཀྱི་དོགས་གཞི་གསལ་སྟོན་ར་སྤྲོད་བྱས་ཤིང་། དེའི་རྗེས་ནས་བཟུང་ཁོ་རང་ངོ་ཚ་ཁྲེལ་མེད་པ་དང་འཛེམ་མེད་ཧམ་ཤེད་ཆེ་བ། འགྲིག་མ་འགྲིག་ཙམ་གྱིས་ཉིན་རྒྱུན་དོན་མེད་དུ་ཆུང་མ་དང་འཁོན་འཛིང་བྱེད། གྷི་ལེས་སྡུག་བསྔལ་ཆེན་པོ་མ་བཟོད་པར་སྨྲ་བ་མེད་པའི་དམའ་འབེབས་དང་སྡང་མིག་རྣོན་པོས་ཁོར་འཛིང་རྨས་བྱེད་སྐབས། ཁོ་རང་ཁོང་ཁྲོ་མེ་ལྟར་འབར་ཏེ་རང་ཉིད་ཀྱི་དོགས་གཞི་སྔར་ལས་ཇེ་ཟབ་ཏུ་སོང་།
    དེ་ནས་བཟུང་། འགྲིག་མཐུན་མི་ཡོང་བའི་བཟའ་ཟླ་འདི་གཉིས་ཀྱི་འཚོ་བ་དང་བུ་ཕྲུག་མེད་པའི་བུད་མེད་དར་མ་འདིས་ལྷག་སེམས་རྣམ་དག་ངང་ཡོད་ཚད་ལྷ་ལ་བཅོལ་འགོ་བརྩམས། མོས་ཁྱབ་འཇུག་པའི་ན་གཞོན་མཆོད་དཔོན་པཱ་ལི་མ་ནན་ཏསི་ཝ་སྨི་བླ་མར་བཀུར་ནས། ཁོང་གིལེགས་ལྡན་གྱི་སྔོན་རབསཀྱི་འགྲེལ་བཤད་ལ་ཉན་ནས། མོའི་སེམས་གཏིང་གི་སྡུག་བསྔལ་དང་བརྩེ་དུང་ཡོད་ཚད་དད་འདུན་དུ་སྤུངས་ནས་སྐྱབས་འདྲེན་ལ་ཕུལ།
    སུ་ཞིག་གིས་ཀྱང་པཱ་ལི་མ་ནན་ཏའི་བླ་མེད་དྭངས་གཙང་གི་གཤིས་སྤྱོད་ལ་དོགས་པ་ཟ་མ་མྱོང་བར་ཚང་མས་དད་གུས་བྱས། ཡིན་ཡང་། པ་རེ་སིས་རང་ཉིད་ཀྱི་དོགས་གཞི་གསལ་བཤད་བྱ་ཐབས་མེད་པས་སེམས་འཚབ་ཅིང་བློ་མི་བདེ་བར་གྱུར། ཁོའི་དོགས་གཞི་མངོན་མེད་ཀྱི་དུག་རྨ་ཞིག་དང་འདྲ་བར་ཡུན་གྱིས་ཁོའི་སྣང་དག་གི་སེམས་པར་བསླད་སྐྱོན་བཟོས། 
    ཉིན་ཞིག་ལ། གླེང་རིན་མེད་པའི་དོན་དག་ཆུང་ཆུང་ཞིག་གི་སླད་དུ་ཁོག་ལ་སྡུག་བསྔལ་བཅུག་ཡོད་པ་མཐའ་དག་ཕྱིར་འཕོས། ཁོས་ཆུང་མའི་གམ་དུ་པཱ་ལི་མ་ནན་ཏ་ནི“ཐ་ཤལ”དང“བཟང་རྫུ”ཞིག་རེད་ཅེས་དམོད་མོ་བྱས་ཤིང་། ཐ་ན་ཆུང་མ་ལའང“དཀོན་མཆོག་གསུམ་པོ་དཔང་ལ་བཞག་སྟེ་མནའ་སྐྱོལ་དང་། དྲང་མོ་ཤོད། ཁྲམ་པ་དེར་དགའ་འམ་མི་དགའ”ཞེས་ནན་འདྲི་བྱས།
    གྷི་ལེ་ནི་མགོ་བོ་རྡོག་གིས་མནན་པའི་འཁྱོག་འགྲོ་ཞིག་དང་འདྲ་བར་སྐད་ཅིག་ཉིད་ལ་རློམ་སེམས་ཀྱིས་བརྟས་ནས་རང་ཚུལ་བརྗེད་ཅིང་རྫུན་པ་བདེན་པར་བཟུང་ནས། དབུགས་ཧད་ཧད་ཀྱིས་མིག་ཆུ་འཐོར་བཞིན“འོ་ལེ། ང་ཁོ་ལ་དགའ། ཁྱོད་ཀྱིས་ཅི་བྱེད་འདོད་ན་དེ་བྱོས”ཞེས་བཤད།
    པ་རེ་སིས་མྱུར་དུ་མོ་རང་ཁྱིམ་དུ་བཅུག་སྟེ་ཟྭ་བརྒྱབ་ནས་ཕྱིར་ཁྲིམས་ཁང་དུ་སོང་།
    གྷི་ལེ་འུ་ཐུག་བཟོད་ཐབས་བྲལ་ཞིང་ཁོང་ཁྲོ་གཏིང་ནས་ལངས་པས་སྒོའི་ཟྭ་བཅག་སྟེ་ཁྱིམ་ནས་ཕྱིར་བྲོས།
   པཱ་ལི་མ་ནན་ཏས་ཁང་ཆུང་གྲུ་བཞིའི་ནང་ལྷིང་འཇགས་ཀྱིས་ཆོས་འདོན་བཞིན་ཡོད་ཅིང་། ཁོ་རང་གཅིག་པུ་ལས་གཞན་སུ་ཡང་མེད། གློ་བུར་དུ་གྷི་ལེ་ནང་དུ་འཛུལ་ཡོང་བ་དེས་གནམ་ལྕགས་ཐོག་ལྟར་ཁོའི་སེམས་ཀྱི་དབེན་འཇགས་དཀྲོགས་ཤིང་བར་ཆད་བཟོས།
ཁོས“ཁྱོད་ཀྱིས་ཅི་བྱེད་རྩིས་ཡིན”ཞེས་དྲིས་པས་གྷི་ལེས“སྐྱབས་འདྲེན་ལགས།  ང་རང་རྗེས་སུ་འཁྲིད་རོགས། ང་རང་མཐོང་ཆུང་བརྙས་བཅོས་ཀྱི་འཇིག་རྟེན་འདི་ལས་ཐར་བ་འཐོབ་ཏུ་འཇུག་རོགས། ངས་མི་ཚེ་གང་བོར་ཁྱེད་ལ་བསྙེན་བཀུར་བྱ་ངེས”ཞེས་ཞུ་བ་འཐེན་བྱུང་།
    པཱ་ལི་མ་ནན་ཏས་གྷི་ལེ་ལ་བཀའ་བཀྱོན་གནང་སྟེ་མྱུར་མོར་ཡུལ་ལ་ལོག་དགོས་པའི་བཀའ་གནང་།  འོན་ཏང་གློ་བུར་བར་ཆད་བཟོས་པའི་བླ་མ་འདིའི་རིག་ལམ་ཡང་བསྐྱར་དབང་དུ་འདུ་བར་བྱ་ཐབས་གང་ཞིག་ཡོད་དམ།
    པ་རེ་སི་ཕྱིར་ཁྱིམ་དུ་ལོག་ནས་ཁང་བའི་སྒོ་བཅག་པ་མཐོང་སྟེ་མྱུར་དུ་ཆུང་མར“སུ་ཡོང་བ་རེད”ཅེས་དྲིས།
    ཆུང་མས“སུ་ཡང་མ་ཡོང་།  ང་རང་སྐྱབས་འདྲེན་གྱི་དྲུང་དུ་སོང་བ་ཡིན”ཞེས་བཤད།
    པ་རེ་སིའི་ངོ་མདོག་མྱུར་དུ་སྐྱ་བོར་གྱུར་ཅིང་། སྐད་ཅིག་ཉིད་དུ་ཁོང་ཁྲོ་མ་ནོན་པར“ཅི་བྱེད་དུ་སོང་བ་ཡིན”ཞེས་དྲིས།
    གྷི་ལེས“ངའི་འདོད་བློ་ཡིན”ཞེས་བཤད།
    ཉིན་དེ་ནས་བཟུང་། པ་རེ་སིས་གླ་བར་སོ་ལྟ་བྱེད་དུ་བཅུག་ནས་ཆུང་མ་སྒོ་ཆེན་ལས་གོམ་གང་ཡང་སྤོ་རུ་མ་བཅུག དོན་འདི་མཁར་ཡོངས་ཀྱི་བུད་མེད་དང་ཕྲུ་གུ་མཐའ་དག་གིས་ཤེས་པས་ཁོ་རང་མིག་ནང་གི་ཚེར་མ་ལྟ་བུར་གྱུར།
    པཱ་ལི་མ་ནན་ཏིས་ཁོང་ཁྲོ་ལངས་པའི་རྩུབ་སྤྱོད་འདི་ཐོས་ནས་བཟུང་། སྐྱབས་གནས་ལྷ་ལ་བཅོལ་བའི་བློ་སེམས་གཞི་ནས་ཡོད་མ་སོང་། ཁོས་གྲོང་ཁྱེར་འདི་དང་ཁ་འབྲལ་བའི་བསམ་བློས་ཡང་ཡང་གཙེས་མོད། གྷི་ལེ་སྣང་མེད་དུ་བཞག་ནས་ཁ་འབྲལ་བར་སེམས་ཀྱིས་བཟོད་མ་སོང་།
    སྐྱབས་འདྲེན་གང་དེའི་ཉིན་འགའི་རྗེས་ཀྱི་འགྲོ་འཆག་ཉལ་འདུག་དཀོན་མཆོག་ལྷ་ཡིས་མ་གཏོགས་སུས་ཀྱང་མི་ཤེས།
    ཁྱིམ་དུ་བཟང་བཙོན་བྱས་པའི་གྷེ་ལེར་གློ་བུར་དུ་འཕྲིན་ཞིག་འབྱོར་ཞིང་འཕྲིན་ནང་དུ་འདི་ལྟར་འཁོད། སྐལ་ལྡན་གྱི་དགེ་ཕྲུག ངས་བསམ་གཞིག་དཔྱིས་ཕྱིན་བཏང་ཡོད། སྔོན་ཆད་མཛེས་སྡུག་ཡི་གར་འོང་བའི་ཆུང་མ་མང་པོ་ཞིག་གིས་ལྷའི་བྱམས་དང་བརྩེ་བས་གཟིགས་སླད་དུ་རང་ཉིད་ཀྱི་ཁྱིམ་ཚང་དང་བཅས་པ་ཡོད་ཚད་སྤོང་བར་བྱོས། གལ་ཏེ་འཇིག་རྟེན་མི་ཡུལ་གྱི་གཏུམ་སྤྱོད་ཀྱིས་ཁྱོད་ཀྱི་སེམས་ལ་གནོད་སྐྱོན་ཐེབས་ཡོད་ཚེ་ང་ལ་ཤོད་དང་། ལྷ་དཀོན་མཆོག་གིས་ང་ལ་རོགས་རམ་བྱས་ཏེ་ཐར་བ་འཐོབ་ཏུ་བཅུག་ན། ངས་ཕངས་སེམས་ཅི་ཡང་མེད་པར་རང་ཉིད་ལྷ་ལ་བཅོལ་བ་ཡིན། གལ་ཏེ་ཁྱོད་རང་འཐད་པ་ཡིན་ན་ཟླ་འདིའི་ཚེས་པ་ཉེར་བརྒྱད་(གཟའ་ལྷག་པ)ཀྱི་ཉིན་གུང་དུས་ཚོད་གཉིས་སྟེང་ཁྱེད་ཚང་གི་ཉེ་འགྲམ་གྱི་རྫིང་བུའི་འགྲམ་དུ་ང་ལ་བསྒུག
    གྷི་ལེས་འཕྲིན་ཡིག་རང་ཉིད་ཀྱི་ཐོར་ཅོག་ཏུ་གསེབ། ཉིན་དེར་ཐོན་རྗེས། ལུས་འཁྲུ་བར་སྟབས་བདེ་ཡོང་ཆེད་མོས་ཐོར་ཅོག་ཕྱེས་ཏེ་རེག་དུས་འཕྲིན་ཡིག་མཐོང་མ་སོང་། མོས་གློ་བུར་དུ་དྲན་བྱུང་སྟེ། འཕྲིན་ཡིག་ཕལ་ཆེར་མོ་རང་ཉིད་གཉིད་ལོག་པའི་སྐབས་མལ་ཁྲིའི་སྟེང་ལྷུང་སོང་བས་ཁྱོ་གས་ད་ལྟ་འཕྲིན་ཡིག་འདོན་བཞིན་ཁོང་ཁྲོས་རབ་ཏུ་གཡོས་ཡོད་སྙམ། སྐབས་དེར་ཐོན་དུས་ཁོ་མོའི་སེམས་འཚབ་ཅིང་རང་ཉིད་ཀྱི“མགོ་རྒྱན”ནམ་འཕྲིན་ཡིག་མི་ངན་ཐ་ཤལ་ཞིག་གི་ལག་ཏུ་ལྷུང་ནས་བརྙས་བཅོས་འཁེལ་དུ་འཇུག་འདོད་མེད།
    མོ་མགྱོགས་མོར་ཁྱོ་གའི་ཁང་བའི་ནང་སོང་སྟེ་བལྟས་ཚེ། ཁྱོ་ག་སར་ཉལ་ཏེ་ལུས་ཡོངས་འཁུམས་ཤིང་ཁ་ནས་ཝུ་བ་སྐྱུག་པ་དང་མིག་ཀླད་ལ་འཁོར་འདུག
    གྷི་ལེས་མགྱོགས་མགྱོགས་མྱུར་མྱུར་གྱིས་འཕྲིན་ཡིག་ཁྱོ་གའི་ལག་ནས་བླངས་རྗེས་སྨན་པ་བོས།
    སྨན་པས་བརྟག་དཔྱད་བྱས་རྗེས་བཤད་རྒྱུར།“སྲོག་རླུང་གི་ནད”རེད་ཟེར།
    སྐབས་དེར་ནད་པའི་དབུགས་ཀྱི་རྒྱུ་བ་འགག་འདུག
    ཉིན་དེར། སྤྱིར་ཡིན་ན་པ་རེ་སི་གྱོད་དོན་གལ་ཆེན་ཞིག་ལ་དག་འབུད་བྱེད་དུ་ཁྲིམས་རར་འགྲོ་དགོས་མོད། པ་རེ་སིའི་ཚེ་ཡི་འཕེན་པ་རྫོགས་པ་ཐོས་མ་ཐག་རབ་བྱུང་བ་དེ་བཤད་ལོང་ཉན་ལོང་མེད་པར་གྷེ་ལེ་ལ་ངོ་འཕྲད།
    ཡུགས་མོར་གྱུར་མ་ཐག་པའི་གྷི་ལེས་སྒེའུ་ཁུང་ལས་ཕྱི་རོལ་ལ་བལྟས་ཚེ་མོ་རང་གི་སྐྱབས་འདྲེན་ནི་རྐུན་མ་ཞིག་དང་འདྲ་བར་ལྟག་སྒོའི་རྫིང་བུའི་འགྲམ་དུ་སྦས་ཡོད་པ་ལས་ཅི་ཡང་མ་མཐོང་། གློ་བུར་དུ་མོ་རང་ཐོག་གིས་བརྒྱབ་པ་དང་མཚུངས་པར་མགོ་བོ་སྨད་ཅིང་མོའི་སེམས་ཁོང་གི་སྐྱབས་འདྲེན་གྱི་སྣང་བརྙན་ཡང་དེ་མ་ཐག་ཏུ་དམའ་བར་གྱུར་ཏེ། སྐད་ཅིག་ཙམ་ལ་མོའི་མིག་མདུན་དུ་ཁོའི་སྐྱུག་བྲོ་བའི་ངོ་གདོང་ཤར་བྱུང་།
    སྐྱབས་འདྲེན་གྱིས་ཁང་བའི་ཞབས་ནས“གྷི་ལེ”ཞེས་བོས།
    གྷི་ལེས“སྐྱབས་འདྲེན་ལགས། ང་ད་ཐོན་ཡོང”ཟེར།
    པ་རེ་སིའི་གྲོགས་པོས་ཁོའི་ཤི་སྐད་ཐོས་རྗེས་མྱ་ངན་ཞུ་བར་ཐོན་དུས་གྷི་ལེ་ཡང་མོའི་ཁྱོ་གའི་གམ་དུ་ཤི་ཡོད་པ་མཐོང་།
    མོས་དུག་འཐུང་ནས་རང་སྲོག་བཅད་པ་རེད། སྣང་བའི་ཡུལ་ལའང་མ་ཤར་བར་བཟའ་ཟླ་གཉིས་མཉམ་དུ་འདས་པའི་དོན་རྐྱེན་འདིས་སེམས་དཀར་བུ་མོས་ཁྱོ་གའི་ཆེད་དུ་རང་སྲོག་འདོར་བའི་བརྟན་བརླིང་གི་བཀྲག་མདངས་ཡོངས་སུ་བསྒྲིབས་ཤིང་ཡུལ་དངོས་སུ་ཡོད་པའི་མི་ཚང་མ་ཧ་ལས་ཤིང་ཧང་སངས་པར་གྱུར་རོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།