中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། ཕ་མའི་སེམས་པ།
དུས་ཚོད།2020-01-06 09:04:57     རྩོམ་གྱི་ཡོང་ཁུངས།ཀན་ལྷོོའི་གསར་འགྱུར། གཡུ་ལུང་གཡུང་དྲུང་འབུམ་གྱིས་བསྒྱུར།     ཆུང་། | འབྲིང་། | ཆེ།
འཁོར་གྲུ་དེ་ཀོ་སྦེ་ཀོ་གྲུ་ཁ་ནས་ཧོ་ཀ་ཡེ་གྷོ་གླིང་ཕྲན་གྱི་ཕྱོགས་སུ་བསྐྱོད་དེ། སེ་རྡོ་ནཱ་ཡེ་རྒ་ཡེ་རྒྱ་མཚོ་བརྒྱུད་ཅིང་ཞི་ནཱ་རྒ་ཡེའི་མཚོ་ངོས་སུ་བསླེབས་དུས། གྲུ་གཟིངས་ཀྱི་པང་གཅལ་དུ་འདུས་པའི་མི་ཚོགས་ཁྲོད་ལུས་པོར་འཕྱོར་ལྭ་ཡིས་སྤྲས་ཤིང་ཡིད་དབང་ཅིག་ཅར་འཕྲོག་པའི་ལོ་ན་བཞི་བཅུ་ཡས་མས་ཀྱི་ལྕམ་མོ་རྒྱུ་ཆེན་ཞིག་འདུག་ལ།  ཁོ་མོའི་མཐའ་རུ་གཡོག་མོ་རྒན་པ་ཞིག་དང་ཞལ་ཏ་མ་ཞིག་བཅས་བསྡད་འདུག
    ལྕམ་མོ་རྒྱུ་ཆེན་དེ་དང་ཐག་ཉེ་ས་རུ།  ལོ་ན་བཞི་བཅུ་ཡས་མས་ཀྱི་དབུལ་བོ་ཞིག་འདུག་ཅིང་།  ཁོ་རང་ཡང་ཡིད་དབང་འཕྲོག་པ་ཞིག་སྟེ།  ཁོས་བྱིས་པ་གསུམ་འཁྲིད་འདུག་ལ།  ཆེས་ཆེ་བ་ནི་ལོ་བདུན་བརྒྱད་ཅན་ཞིག་རེད།  བྱིས་པ་ཚོ་གཅིག་ལ་བལྟས་ན་གཅིག་སྙིང་རྗེ་ཞིང་བློ་རིག་བཀྲ་བ་ཏག་ཏག་རེད།  ཡིན་ནའང་བྱིས་པ་ཚོའི་ལྭ་བ་ཚང་མ་ནག་ནོག་གིས་གོས་ཤིང་ཧྲལ་ཧྲུལ་དུ་གྱུར་འདུག
    རྒྱུ་མཚན་ཅི་ཡིན་ཆ་མ་འཚལ་མོད།  ལྕམ་མོ་རྒྱུ་ཆེན་དེས་ཕ་བུ་དེ་དག་ལ་ཅེར་ནས་འདུག  རྗེས་ནས་ཁོ་མོས་གཡོག་མོ་རྒན་པ་དེའི་རྣ་ལམ་དུ་ཡུད་ཙམ་ལ་ཤབ་ཤུབ་ངང་ཅི་ཞིག་བཤད་སོང་བས།  གཡོག་མོ་དེ་དབུལ་བོའི་གམ་དུ་སོང་ནས་གཏམ་འགོ་བསླངས་སོང་།
    “བྱིས་པ་མང་བས་ཅི་འདྲའི་སྐྱིད་པ་ལ་ཨང་།”
    “ག་ལ་ཡིན།  དྲང་མོར་བཤད་ན།  ང་ལ་ད་དུང་བུས་པ་ཞིག་ཀྱང་ཡོད།  དབུལ་བོ་ལ་བྱིས་པ་མང་ན་འཚོ་བ་དེ་ལས་སྡུག ཁྱེད་ལ་མ་གསང་མ་འཛེམ་པར་ཞུས་ན།  ངེད་བཟའ་ཟླ་གཉིས་ཀར་བྱིས་པ་འདི་བཞི་བོ་སྙོར་སྐྱོང་བྱེད་ཐབས་མེད་པར་གྱུར་ཡོད། འོན་ཀྱང་ཁོ་ཚོ་བསྐྱུར་བར་བློས་ཐོངས་ཀྱིན་མི་འདུག  ད་འདི་མིན་ནམ།  བྱིས་པ་ཚོའི་སླད་དུ་བཟའ་མི་གང་བོ་ཧོ་ཀ་ཡེ་གྷོ་གླིང་ཕྲན་དུ་ལས་ཀ་འཚོལ་བར་འགྲོ་བ་ཡིན།”
    “དེ་ལྟར་ན་ང་ལ་ཁྱེད་དང་གྲོས་མོལ་བྱ་རྒྱུའི་དོན་དག་ཅིག་ཡོད། ངེད་ཚང་གི་བདག་པོ་ནི་ཧོ་ཀ་ཡེ་གྷོ་གླིང་ཕྲན་ཧ་ཀོ་ད་རྡེ་གྲོང་ཁྱེར་གྱི་ཕྱུག་བདག་ཆེན་པོ་ཞིག་ཡིན་ལ།  ལོ་བཞི་བཅུའི་ཡན་སོན་པར་གྱུར་མོད།  བྱིས་པ་མེད་པས།  ལྕམ་གྱིས་ང་རང་ཁྱེད་དང་གྲོས་མོལ་བྱ་རུ་མངགས་པ་རེད།  ཁྱེད་ཀྱི་བྱིས་པ་དག་ལས་གཅིག་ཁོ་མོས་སྙོར་སྐྱོང་གིས་ཁོ་མོ་ཚང་གི་བུ་རབས་ཚ་རྒྱུད་བྱ་རུ་བཅུག་ན་ཆོག་གམ། གལ་སྲིད་ཆོག་ན་ཁྱེད་ཚོར་བཀའ་དྲིན་གྱི་ཚབ་ཏུ་དངུལ་སྒོར་སྟེར་ངེས།”
    “དེ་ནི་བཙལ་ཡང་རྙེད་ཐབས་བྲལ་བའི་དོན་དག་ཅིག་རེད། ཡིན་ནའང་ངས་ད་དུང་བྱིས་པའི་ཨ་མ་དང་གྲོས་ཤིག་བྱས་ནས་ད་གཟོད་ཐག་གཅོད་བྱས་ཆོག”
    ས་སྲོད་ཀྱི་དུས་སུ། འཁོར་གྲུ་ས་གྷ་མི་ནཱ་རྡ་གྲམ་ཐང་དུ་བསླེབས་པ་དང་། སྐྱེས་པ་དབུལ་བོ་ཁྱོ་ཤུག་གཉིས་ཀས་བུ་ཆེ་བ་ཁྲིད་ནས་ལྕམ་མོའི་འཁོར་ཁང་དུ་བསླེབས།
    “ཁྱེད་ཀྱིས་བྱིས་པ་འདི་བླངས་ནས་བདག་སྐྱོང་གནང་རོགས།”
    ཁྱོ་ཤུག་གཉིས་ཀས་སྒོར་མོ་བླངས་རྗེས།  མིག་ཆུ་འདོན་གྱིན་ལྕམ་མོའི་འཁོར་ཁང་ལས་བུད།
    ཕྱི་ཉིན་ཞོགས་པར།  འཁོར་གྲུ་པུའུ་སུའུ་ཧན་ཏའོ་ཕྱེད་གླིང་བརྒྱུད་དེ་འགྲོ་དུས།  ཨ་ཕ་དེས་ལོ་ལྔ་ཅན་གྱི་བྱིས་པ་ཞིག་ཁྲིད་ནས་ལྕམ་མོའི་འཁོར་ཁང་དུ་བསླེབས།
    “མདང་དགོང་ང་ཚོས་བསམ་བློ་ཞིབ་མོ་ཡུན་རིང་ལ་བཏང་བ་སྟེ།  ཁྱིམ་ཚང་ཅི་འདྲའི་དབུལ་ཞིང་ཕོངས་ནའང་། བུ་ཆེ་བས་ཁྱིམ་རྒྱུད་འཛིན་དགོས་པས།  བུ་ཆེ་བ་གཞན་ལ་སྟེར་བ་ནི་ཅི་ལྟར་བཤད་ཀྱང་དེ་འདྲའི་འོས་འཚམ་ཞིག་མ་རེད། གལ་སྲིད་ཆོག་ན་ངེད་གཉིས་ཀྱིས་བུ་གཉིས་པ་བུ་ཆེ་བར་བརྗེས་ན་ཆོག་གམ།”
    “དེ་ལོས་ཆོག”  ལྕམ་མོས་དགའ་དགའ་སྤྲོ་སྤྲོའི་ངང་ལན་བཏབ།
    ཉིན་དེའི་ས་སྲོད་ཀྱི་དུས་སུ།  ཨ་མ་དེས་ཡང་ཕྱིར་ལོ་གསུམ་ཅན་གྱི་བུ་མོ་དེ་ཁྲིད་ནས་ལྕམ་མོའི་འཁོར་ཁང་དུ་བསླེབས་པ་དང་། ཧ་ཅང་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས།
    “འཇིག་རྟེན་གྱི་གནས་ལུགས་ལྟར་ན། ད་ནི་ང་ཚོས་ཁྱེད་ལ་དཀའ་ལས་གཏད་མི་འོས། ངའི་བུ་གཉིས་པའི་གཟུགས་བྱད་དང་སྐད་གདངས་གཤེགས་ཟིན་པའི་རྨོ་མོ་དང་ཤིན་ཏུ་མཚུངས་པས།  ཁོ་ཁྱེད་ལ་བྱིན་པ་ཡིན་ན། རྨོ་མོ་གཞན་ལ་བྱིན་པ་དང་ཁྱད་པར་མི་འདུག་སྟེ།  དེ་ལྟར་ན་དངོས་གནས་རྨོ་མོར་འོས་མེད་བྱས་པ་རེད། ཡང་གཅིག་བཤད་ན།  བྱིས་པ་ཡང་ལོ་ལྔ་ལ་སོན་འདུག་པས། ཅི་བྱུང་གར་འགྲོ་ངོས་ཟིན་པ་སྟེ། ང་ཚོས་ཁོ་རང་བསྐྱུར་ཟིན་པའང་རྟོགས་ཡོད་པ་རེད།  དངོས་གནས་སྙིང་མ་རྗེ། གལ་སྲིད་ཁྱེད་རང་ལ་ཆོག་ན།  ངས་བུ་མོ་བུ་གཉིས་པར་བརྗེས་ན་འདོད།”
    ལྕམ་མོ་རྒྱུ་ཆེན་དེས་དེ་ལྟར་བུ་མོ་བུ་གཉིས་པར་བརྗེས་པར་འདོད་པ་དེ་ཐོས་མ་ཐག་ཅུང་ཟད་མི་དགའ་བར་གྱུར་མོད།  ཨ་མ་དེ་སྐྱོ་སྡུག་གིས་མནར་བ་མཐོང་ནས་མི་འཐད་ཀ་མེད་བྱུང་།
    ཉིན་གསུམ་པའི་སྔ་དྲོར།  འཁོར་གྲུ་ཧོ་ཀ་ཡེ་གྷོ་གླིང་ཕྲན་དུ་བསླེབ་ལ་ཉེ་དུས།  ཁྱོ་ཤུག་གཉིས་ཀ་ཡང་བསྐྱར་ལྕམ་མོ་རྒྱུ་ཆེན་དེའི་འཁོར་ཁང་དུ་འཛུལ་བྱུང་ལ།  སྨྲ་བ་ཅི་ཡང་མེད་པར་ངུ་འབོད་ཆེན་པོ་ཞིག་བྱས་སོང་།
    “ཁྱོད་གཉིས་ལ་ཅི་བྱུང་བ་ཡིན་ནམ།”ཞེས་ལྕམ་མོ་རྒྱུ་ཆེན་དེས་ཐེངས་འགར་དྲིས་པ་ན།
    ཨ་ཕ་དེ་ངུ་ཞོར་དུ། “དགོངས་པ་མ་ཚོམས།  མདང་དགོང་ངེད་ཚང་བཟང་མི་ཚོ་མཚན་གང་བོར་མ་གཉིད།  བུ་མོ་ལོ་ན་ཧ་ཅང་ཆུང་བས།  དངོས་གནས་བློས་ཐོངས་ཀྱིན་མི་འདུག  བསམ་མི་ཤེས་པའི་བྱིས་པ་གཞན་ལ་སྟེར་བ་ང་ཚོ་ཕ་མ་ཡིན་པའི་ཆ་ནས་ཀྱང་སེམས་ཀྱིས་བཟོད་དཀའ་བའི་གདུག་རྩུབ་ཀྱི་སྦྱོར་བ་ཞིག་རེད།  ང་ཚོས་ཁྱེད་ཀྱི་སྒོར་མོ་ཕྱིར་སྤྲད་ཆོག ཁྱེད་ཀྱིས་བྱིས་པ་ང་ཚོར་ཕྱིར་སྟེར་རོགས།  བྱིས་པ་གཞན་ལ་སྟེར་བ་ལས་བཟའ་ཚང་གང་བོ་ལྟོགས་གྲིར་ཤི་ན་བཟང་།”
    སྐབས་དེར།  ལྕམ་མོ་རྒྱུ་ཆེན་དེ་སྙིང་རྗེ་སྐྱེས་ནས་མཆི་མ་དཀུ་བ་དང་།
    “ཡོད་ཚད་ང་རང་ལན་པ་ཡིན།  ང་ལ་བྱིས་པ་མེད་ནའང་། འོན་ཀྱང་ཕ་མའི་སེམས་པ་འདི་རྒྱུས་ལོན་བྱས་ཆོག  ང་རང་དངོས་གནས་ཁྱེད་ཚང་ལ་ཡིད་སྨོན་སྐྱེས་ཀྱིན་འདུག  བྱིས་པ་ངས་ཁྱེད་ཚོར་ཕྱིར་སྟེར།  ཡིན་ནའང་སྒོར་མོ་འདི་ཁྱེད་ཚོས་ལེན་རོགས།  འདི་ནི་ཁྱེད་ཕ་མ་གཉིས་ཀའི་བྱམས་བརྩེ་དང་དྲིན་ལན་གྱི་གཏང་རག་སྟེ།  ཁྱེད་ཚོ་ཧོ་ཀ་ཡེ་གྷོ་གླིང་ཕྲན་དུ་ལས་ཀ་བསྒྲུབ་པའི་མ་རྩ་ལྟ་བུ་ཞིག་བྱོས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།