༄༅།། དཔྱིད་དཔལ་གྱི་གོམ་སྟབས། - བསྒྱུར་རྩོམ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > བསྒྱུར་རྩོམ། >
༄༅།། དཔྱིད་དཔལ་གྱི་གོམ་སྟབས།
དུས་ཚོད།2020-07-24 10:39:30     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། ཀྲའོ་ལིན་ཧུང་གིས་བརྩམས། མཚོ་བྱུང་ལྷ་མོས་བསྒྱུར།     ཆུང་། | འབྲིང་། | ཆེ།
  ༡
ལྕགས་བྱི་ལོའི་དཔྱིད་འགོ་མ་སླེབས་པའི་ཉིན་མོར།
ཏོག་དབྱིབས་ནད་དུག་ལྷོ་ནས་བྱང་དུ་མཆེད།
མ་རུང་སྡིག་སྲིན་གྱིས་གོ་ལའི་འཕྲེད་གཞུང་གི་ཞལ་ཁྱིམ་ཡོངས་སུ་བསྒྲིབས།
ནད་དུག་ཕོག་པའི་ཝུའུ་ཧན་མི་དམངས་ཀྱི།
དམར་མདངས་བཀྲ་བའི་གློ་སྙིང་གི་ཁ་དོག་བསྒྱུར་ཅིང་།
མེས་རྒྱལ་གྱི་སྙིང་དབུས་ནས་རྒྱུན་པར་ཟུག་གཟེར་གྱི་གདུང་བས་མནར།
བྱང་གི་མོ་ཧོ་གཙང་བོ་ནས་ལྷོ་ཡི་ནན་ཧྲ་གླིང་ཚོམ།
སྟོད་ཀྱི་ཇོ་མོ་གླང་མ་ནས་སྨད་ཀྱི་པོ་ཧའེ་མཚོ་འགྲམ།
སྐད་ཅིག་མ་དེར།
ནད་ཡམས་ཀྱིས་རྒྱལ་དམངས་དུང་ཕྱུར་མང་པོའི་སེམས་རྩ་སྒུལ་ཞིང་།
དཔྱིད་འགོའི་མཚན་ལྗོངས་ཀྱི་ཧན་ཀྲིན་སྲང་ལམ་དུ་ཅི་འདོད་དུ་གཙེ།
ཕོ་རྒོད་ལྟ་བུའི་ཧའོ་པེ་ནད་གདོན་གྱིས་ཁྱུར་མིད་བཏང་།
ཧོང་ཧོ་ཐོག་ཁང་འགྲམ་གྱི་འབྲི་ཆུས་སྨྲེ་ངག་འདོན།
སྐད་ཅིག་མ་དེར།
ནད་གདོན་གྱི་འདྲེ་ལག་ཕྱོགས་བཞིར་བརྐྱངས།
ཤི་གསོན་ལ་གདོང་གཏོད་པའི་ཕོ་རྒོད་ཚོ།
སྔར་བཞིན་རྟུལ་ཕོད་ཀྱིས་གཡུལ་སར་ཞུགས།
ཞིང་ཆེན་དགུ་འབྲེལ་གྱི་ཝུའུ་ཧན་གྱི་འཛིན་མའི་ཁྱོན་དུ།
སྤུན་ཟླ་དང་སྙིང་ཉེ་ཚོའི་དམ་འཁྱུད་དང་ཁམས་འདྲི།
དགའ་འཛོམས་ཀྱི་དྲོད་ཁོལ་དེའང་སྐད་ཉིད་དུ་བརླག་སོང་།
                 ༢ 
མེ་འཁོར་ཁྲི་སྟོང་གི་བང་ཁ་ཝུའུ་ཧན་དུ་བསྒྱུར།
གདོང་མཆོང་དཔའ་རྒོད་ཀྱི་དཔུང་སྡེ་ཝུའུ་ཧན་གྲོང་གསུམ་དུ་སླེབས་བྱུང
དཔའ་མི་ཞུམ་པའི་གཟུགས་བརྙན་རེ་རེ།
ཝུའུ་ཧན་གྲོང་དུ་འཚང་ཁ་ཤིག་ཤིག་གིས་རྒྱུགས།
ལོ་སར་གྱི་ཁ་བའི་འདབ་མ་རེ་རེ་ནི།
གྲང་འདར་རྒྱག་པའི་བླ་སྲོག་གི་ཆེད་དུ་བཞད།
ཝུའུ་ཧན་གྱིས་འབོད་སྐད་བཏང་ཞིང་།
ཚེ་སྲོག་གིས་འབོད་བརྡ་བཏང་བྱུང་།
དགུང་ལོ་གྱ་བཞིར་བཞེས་རུང་བདེན་དོན་ལ་མི་བཤོལ་བའི་དཔའ་རྒོད་ཀྲུང་ནན་ཧྲན།
དགུང་ལོ་བདུན་ཅུ་བཞེས་རུང་འཐབ་ཕྱོགས་དང་པོར་དཔའ་གདེངས་བསྐྱེད་པའི་ལྷ་རྗེ་ལི་ལན་ཅོན།
ལྕགས་བྱི་ལོའི་གཉིད་མི་འབབ་པའི་མཚན་མོ་དེར།
ས་ཆེན་པོ་ཝུའུ་ཧན་གྱི་སྐར་ཚོགས་རབ་རིབ་ཀྱི་འོག་དུ།
ནད་ཡམས་དང་དམར་འཛིང་བྱེད་པའི་དཔའ་རྒོད་ཚོར་སེམས་གསོ་ཐེངས་གཅིག་བྱས།
དུས་ཚོད་ནི་སྐར་མདའ་ལྟར་ཡལ།
གོས་དཀར་ལྷ་རྗེ་དཔུང་གིས་བྱམས་བརྩེའི་ཕྱག་ཟུང་བརྐྱངས་ཏེ།
ནད་གདོན་གྱི་བར་ཆད་ཕོག་པའི་འཆི་མ་གསོན་གྱི་ཚེ་སྲོག་ལ་བསྐྱར་གསོན་གྱི་དངོས་གྲུབ་བསྩལ།
རེ་བཞག་དང་བརྩེ་བས་ཁེངས་པའི་འཛུམ་མདངས་དེ་ནི།
འཇིག་རྟེན་གྱི་ཆེས་མཛེས་པའི་རི་མོའི་ཤོག་དྲིལ་ཞིག་དང་འདྲ།
དེ་ནི་འཁྱགས་པས་བསྡམས་པའི་ས་ཆེན་གྱི་མཆུ་སྒྲོས་སུ་དཔྱིད་ཀྱི་མེ་ཏོག་གི་འདབ་མས་མཛེས་བརྒྱན་བཏབ་པ་ཅི་ལ་མིན།
                  ༣ 
རྒྱང་ཐག་རིང་བོ་ཞིག་ནས་གོ་ལའི་སྒལ་གཞུང་གཏོར་ཏེ
བྲེལ་འཚུབ་དང་དངངས་སྐྲག་གི་སྐད་སྒྲ་ཞིག་གྲགས
ཉེ་རིང་མི་གསལ་བའི་རབ་རིབ་ཀྱི་སྐད་སྒྲ་ཞིག་ཐོས
ནད་ཁུལ་གྱི་ཆེས་ཟབ་ས་ནས་འབྱིན་པའི་སྐད་སྒྲ་ཞིག མིག་ཤེལ་དང་ཁ་ཐུམ་བརྟོལ་ནས་ཐོན་པའི་སྐད་སྒྲ་ཞིག
འདི་དག་ཐམས་ཅད་ནི།
ཉིན་མཚན་དབྱེར་མེད་དུ་རྣམ་ཤེས་ལ་ཐད་ཀར་གཏད་པའི་ངག་གི་འགྱུར་ཁུགས་ཡིན།
ངལ་དུབ་ཀྱི་གསེང་ནས་རུས་རྐང་སྲ་མཁྲེགས་ཀྱི་སྣང་བརྙན་རྗེན་པར་མངོན་པ་དེ།
ཝུའུ་ཧན་གྱི་སྐྱོ་གདུང་དང་ཀྲུང་གོ་བའི་སྐྱོ་གདུང་ཡིན།
གོ་ལ་ཧྲིལ་བོས་ཏོག་དབྱིབས་ནད་དུག་གི་གྲིབ་ནག་ལ་རྒོལ་ལན་སྤྲོད་བཞིན་འདུག
ཀྲུང་ཧྭ་མི་རིགས་ཧྲིལ་བོ་ལྕགས་ནག་གི་ཐོ་བ་རུ་སྤྲུལ་ཞིང་།
བགྲང་ལས་འདས་པའི་སྤྱིར་བཏང་གི་གྲིབ་གཟུགས་ཡོད་ཚད་སྟོབས་ཤུགས་སུ་བསྒྱུར་ནས།
གཡུལ་འཐབ་ཀྱི་དུས་བཅད་ཁྲོད་དུ་སེམས་པ་དང་སེམས་པ་འདྲེས་པའི་མེ་སྟག་མཆེད།
དུངས་སེམས་ཀྱི་མེ་དཔུང་འཆི་གསོན་གྱི་བར་གསེང་ནས་འཕྱུར།
བཀུར་འོས་པའི་ལྷ་རྗེ་དེ་དག
བདག་ལས་གཞན་གཅེས་ཀྱི་དཔའ་རྒོད་དེ་དག
ཡ་རབས་མཆོག་ཏུ་གྱུར་བའི་མི་རྗེ་དེ་དག
དོ་དགོང་ངས་སྙན་ངག་གི་ཚིག་རྐང་ཁྲོད་ནས།
སྙིང་གཏམ་གྱི་ཚོར་བ་གླེང་འདོད།
                 ༤ 
ལག་ཟུང་དུང་ཕྱུར་གྱིས་དྲོད་འཇམ་གྱི་ས་བོན་གཅིག་ཏུ་བསྡུས་ཏེ།
ཅང་ཧན་བདེ་ཐང་དུ་སྔར་བཞིན་བདེ་སྐྱིད་ཀྱི་མེ་ཏོག་བཞད་དེ་འབྲས་བུ་སྨིན་པར་རེ་བས་སྒུག
འོད་སྣང་སྦྲུམ་པའི་སེམས་པ་རེ་རེ་ཡིས་ཝུའུ་ཧན་གྱི་སྨག་རུམ་མཐའ་རུ་བསྐྲད་པར་ངེས།
དཔའ་སྤོབས་ཀྱི་ཟུངས་ཁྲག་འཕྱུར་ཞིང་སྲོག་བསྡོས་ཀྱི་ལྡོག་བསྐྱོད་པས།
དུས་མཚམས་ཉེར་བཞིར་མི་ཡུལ་གྱི་དགའ་སྐྱོ་ཟུང་གི་གཏམ་རྒྱུད་དེ་དག
མེས་རྒྱལ་གྱི་མཁའ་དབྱིངས་དང་འཛིན་མའི་ཁྱོན་དུ་ལྷུག་པོར་བརྗོད།
མ་གཡེང་ཞིབ་པར་གསོན་དང་སྙིང་ཉེ་ཚོ།
ལྕགས་བྱི་ལོའི་དཔྱིད་འགོའི་གོམས་སྟབས་སྔར་བཞིན་བརྟན་ཞིང་ཉམས་འགྱུར་ལྡན།
སྙན་ངག་གི་ཚིག་ཕྲེང་ལ་བརྒྱུས་པའི་དམ་བཅའ་དེ་དག
དཔྱིད་ཀའི་དཔལ་དང་སྡེབ་ནས་སྙན་འཇེབས་ཀྱི་སྐད་གདངས་གསལ།
དོ་དགོང་།
ང་རང་མདོ་དབུས་མཐོ་སྒང་གི་དབུས་ཁུལ་དུ་ཡོད།
གྲང་འཁྱགས་ཀྱི་མཚན་མོ་འདིར་ནད་ཡམས་་ཀྱི་གཡུལ་སའི་དཔའ་བོའི་སྡེ་དང་།
བརྙན་འཕྲིན་དང་སྐད་འཕྲིན་དུ་ཡང་ཡང་འཆར་བའི་ཡི་གེ་དང་བརྙན་རིས།
ངའི་མིག་མཐར་མཆི་མ་འཁྱིལ་ཞིང་།
ནང་སེམས་གདུང་བས་མནར།
ངས་ཀན་ལྷོའི་ས་ཆེན་ལ་རྒྱང་བལྟ་ཞིག་བྱས་ཚེ།
དཔྱིད་འགོས་འཁྱགས་རོམ་ཞུ་བའི་རླུང་དྲིལ་ཁྲོད་དུ་འཁུན་སྒྲ་འབྱིན་ཞིང་།
ནད་ཡམས་ཀྱི་བཙན་ཁ་དེ་མཐའ་མར་བརྩེ་བའི་མེ་ཕུང་གིས་ཐལ་བའི་རྡུལ་དུ་བརླག་པར་གྱུར།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།