中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སྔོན་བྱོན་མཁས་དབང་། >
༄༅།།འབྲོམ་སྟོན་པ་རྒྱལ་བོའི་འབྱུང་གནས།
དུས་ཚོད།2017-10-11 10:07:25     རྩོམ་གྱི་ཡོང་ཁུངས། བཙན་པོའི་རིག་གནས།    ཆུང་། | འབྲིང་། | ཆེ།
 
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་འདི་ལ་ཡོངས་གྲགས་སུ་དགེ་བཤེས་སྟོན་པ་ཟེར་ཞིང་། ཁོང་ནི་རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་ཕོ་འབྲུག་ནས་རབ་བྱུང་དང་པོའི་ཤིང་འབྲུག་བར་བྱོན་པའི་བཀའ་གདམ་པའི་དགེ་བཤེས་ཆེན་པོ་ཞིག་ཡིན། མཉམ་མེད་ཇོ་བོ་རྗེ་བོད་དུ་ཕེབས་པ་དང་མཇལ་ནས་གདམ་ངག་ཆོས་སྐོར་མང་པོ་གསན། རྭ་སྒྲེང་དགོན་པ་ཕྱག་འདེབས་མཛད་ནས་བཀའ་གདམས་བསྟན་པའི་སྲོལ་ཕྱེས།
\
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
མིང་གཞན། དགེ་བཤེས་སྟོན་པ།
འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1004—1064)
འཁྲུངས་ཡུལ། བྱང་གི་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོ།
ཡབ། རྟ་གསུམ་སྐུ་གཤེན།
ཡུམ། ཁུ་འོད་བཟའ་ལན་གཅིག་མ།
གྲུབ་མཐའ། བཀའ་གདམས་པ།
འཐུས་ཚབ་བརྩམས་ཆོས།《མི་ཆོས་གནད་ཀྱི་ཕྲེང་བ》
མཛད་རྫེས། རྭ་སྒྲེང་དགོན་པ་ཕྱག་འདེབས་མཛད་ནས་བཀའ་གདམས་བསྟན་པའི་སྲོལ་ཕྱེས།
 

དམ་པ་འདི་ནི་བྱང་གི་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོའི་ས་ཆར་ཡབ་རྟ་གསུམ་སྐུ་གཤེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མའི་སྲས་སུ་རབ་བྱུང་དང་བོའི་གོང་གི་ལོ་སྐོར་ཐ་མའི་ཤིང་ཕོ་འབྲུག་སྤྱི་ལོ1004ལོར་སྐུ་འཁྲུངས། ཆུང་ངུའི་དུས་སུ་ཡུམ་གཤེགས་ལ། ཡབ་གྱིས་མ་ཡུར་གཅིག་བཞེས་པས་རྒྱུན་སྡང་བྱས་རྐྱེན་ཁམས་གྱི་ཞང་བོའི་སར་བྱོན། བླ་མ་སེ་བཙུན་གྱི་སར་བཞུགས་ནས་ཉིན་མོ་ནང་གཡོག་དང་རྟ་ཕྱུགས་སོགས་གསོ་བ། ཕྱེ་འཐག་པ་སོགས་མཛད་པའི་ཞོར་ལ་སློབ་སྦྱོང་དང་མ་བྲལ་བ་གནང་། མཚན་མོར་བླ་མའི་ཞིང་སྲུང་སོགས་མཛད་དེ་བླ་མའི་ཞབས་འདེགས་དང་རང་ཉིད་ཀྱི་སློབ་གཉེར་འཐུས་ཤོར་མེད་པ་མཛད་པར་མ་ཟད། ཀླུ་མེས་ཀྱི་སློབ་བུ་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་རྒྱལ་བའི་འབྱུང་གནས་སུ་གསོལ། དེའི་ཞོར་པནྜི་ཏ་སྨྲི་ཏི་ལས་སྒྲ་དང་། སམ་སྐྲྀ་ཏའི་སྐད་བསླབས་པས་ལེགས་པར་མཁྱེན། ཁམས་ཕྱོགས་ནས་ལོ་ངོ་ཉི་ཤུ་ཙམ་བཞུགས་ཤིང་མཁས་པ་ཆེན་པོར་གྱུར་པས། དགེ་བསྙེན་ཆོས་འཕེལ་དུ་གྲགས།
\
ཇོ་རྔོག་འབྲོམ་གསུམ།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།
རྔོག་ལེགས་པའི་ཤེས་རབ།
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

ཁོང་གིས་དབུས་གཙང་གི་དགེ་བཤེས་མཁས་པ་ཚོར་ཇོ་བོ་རྗེ་ལྟ་བུའི་པནྜི་ཏ་རྒྱ་གར་ནས་བོད་དུ་ཕེབས་པ་ཐེངས་གཅིག་ཡིན་པས་ངེས་པར་དུ་བོད་དབུས་གཙང་དུ་གདན་འདྲེན་ཞུ་དགོས་ཞེས་ཕྱག་བྲིས་གནང་པ། ཡང་ཐབས་མཁས་ཀྱིས་ཇོ་བོར་ལྷ་ས་དང་བསམ་ཡས་སོགས་སུ་རྒྱ་དཔེ་མང་པོ་ཡོད་པ་དང་། དགེ་འདུན་སྟོང་ཕྲག་དུ་མ་བཞུགས་པ་དེ་དག་ཐམས་ཅད་རྗེ་ཉིད་འབྱོན་པར་དགྱེས་ཞུས་པས། ཇོ་བོས་ཀྱང་དེ་དག་ཏུ་ཕེབས་རྒྱུའི་ཞལ་བཞེས་གནང་། དེ་ནས་བོད་དབུས་གཙང་གི་མཁས་པ་རྣམས་ཀྱིས་གདན་དྲངས་ཤིང་བསྟན་པ་སྤྱི་ལ་ཕན་ལས་འབྲས་ཀྱི་ཆོས་མང་དུ་གསུངས། ཇོ་བོ་རྗེ་དང་ལྷན་དུ་སྙེ་ཐང་དུ་ཕེབས་སྐབས་དེར་བོད་ལ་ཆོས་ལོག་པ་མང་དུ་ཁྱབ་ཡོད་པས་འབྲོམ་གྱི་བོད་དུ་རྒྱལ་བའི་དགོངས་པ་ཇི་བཞིན་གྱི་ཆོས་ཤིག་གསུང་བར་ཞུ་ཞེས་ཞུས་པས། ཇོ་བོས་བྱང་ཆུབ་ལམ་སྒྲོན་མཛད། དེ་ལྟར་ཇོ་བོ་རྗེ་བོད་དུ་བཞུགས་རིང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སར་ཟླ་གསུམ་བཞུགས་པའི་དུས་མ་གཏོགས་འབྲོམ་ཁོང་ཉིད་ཀྱིས་སྐུ་གཡོག་གཙོ་བོར་མཛད་དེ་ཞར་ལ་གོ་སྐབས་བྱུང་ཚེ་ཆོས་ཞུ་བར་མཛད། དེ་ནས་ཇོ་བོ་རྗེ་སྙེ་ཐང་དུ་དགོངས་པ་རྫོགས་རྗེས་གདུང་དང་ཕྱག་དཔེ་སོགས་སློབ་མ་ཚོར་དགོས་རིགས་གནང་ནས་སྐུ་གདུང་ཐུགས་རྟེན་བཅས་དང་། ཇོ་བོས་གསོ་སྐྱོང་གནང་བའི་སློབ་མ་ཚོགས་པ་ཁག་རྣམས་ཁྲིད་དེ་རྭ་སྒྲེང་དུ་ཕེབས།

མཛད་རྗེས།
རབ་བྱུང་དང་པོའི་མེ་བྱ་སྤྱི་ལོ1057ལོར་རྭ་སྒྲེང་དགོན་པ་བཏབ། ཇོ་བོ་སྐུ་གདུང་ལ་དངུལ་གྱི་མཆོད་རྟེན་བཞེངས། སྐུ་མཆེད་གསུམ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་བུ་ལྔ་ཙམ་འདུས། བློ་སྦྱོང་གི་གདམས་ངག་དགེ་བཤེས་པོ་ཏོ་བ་ལ་གསུངས། ཕུ་ཆུང་བ་ལ་ཐིག་ལེ་བཅུ་དྲུག་སོགས་དང་། སྤྱན་སྔ་བ་ཇོ་བོ་རྗེའི་མན་ངག་མང་པོ་གསུངས། སྐུ་ཚེ་གཅིག་གི་རིང་རྟེན་དགེ་བསྙེན་དུ་བཞུགས་པ་ལས་རབ་བྱུང་མ་མཛད་ཀྱང་བསླབ་ཁྲིམས་དགེ་སློང་ལས་ཀྱང་ལྷག་པ་མཛད། འཁོར་རྣམས་ལ་བརྒྱད་སྟོང་འགྲེལ་ཆེན་གནང་སྐབས་ཤིག་ལ་སྐུ་ཅུང་ཟད་བསྙེན་པའི་ཚུལ་གྱིས་མཐར་དགུང་ལོ་རེ་གཅིག་པ་ཤིང་འབྲུག་སྤྱི་ལོ1064ལོར་རྭ་སྒྲེང་དུ་སྐུ་གཤེགས།
\
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

བརྩམས་ཆོས།
གསུང་རྩོམ་གྱི་སྐོར་ལ《མི་ཆོས་གནད་ཀྱི་ཕྲེང་བ》དང《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》སོགས་བསླབ་བྱ་བསྟོད་ཚོགས་ཀྱི་སྐོར་དང་། གཞན་ས་དཔྱད། ལོ་རྒྱུས། རྣམ་ཐར་སོགས་བསྟན་བཅོས་མང་པོ་བཞུགས་པར་མ་ཟད། བརྒྱད་སྟོང་བ་སོགས་རྒྱ་གཞུང་མང་པོ་འགྱུར་བཅོས་དང་ཞུ་དག་མཛད་དོ། །
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།