中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སྔོན་བྱོན་མཁས་དབང་། >
༄༅།། ཁྱུང་དཀར་དཔོན་རྒན་དགོན་གྱི་ཁྲི་འཛིན།
དུས་ཚོད།2019-04-24 10:31:03     རྩོམ་གྱི་ཡོང་ཁུངས། ཧི་མ་ལ་ཡའི་བོན།    ཆུང་། | འབྲིང་། | ཆེ།
 དེ་ཡང་རང་ཅག་གི་འདྲེན་པ་ཆེན་པོ་ཟླ་མེད་མཚུངས་བྲལ་དཔལ་ལྡན་༧རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་ཞུས་ན། ཏི་སེ་རྒྱལ་བ་དཔལ་བཟང་པོ་མཆོག་གི་ཕྱི་ནང་གསང་བའི་མཛད་པ་མཐའ་དག་སོ་སྐྱེ་ཐ་མལ་བའི་གཞལ་བྱའི་ཡུལ་ལས་འདས་མོད་ཀྱང་། རྗེས་འཇུག་གདུལ་བྱའི་སློབ་འབངས་ཀུན་ལ་དད་པའི་ངེས་ཤེས་དང་བླ་མ་གོང་མའི་བྱིན་རླབས་ཀྱི་ཆེ་བ་རྒྱུད་ལ་འཇུགས་ཆེད་ཚིག་གི་སྤྲོས་པ་ཉུང་དུ་གཏོང་སྟེ་དོན་གནད་ཀྱི་མཛད་པ་ཕྲན་བུ་ཟུར་དུ་ཕྱུངས་ཏེ་རགས་ཙམ་བཤད་པ་ལ།    ཁྱུང་དཀར་དཔོན་རྒན་དགོན་གྱི་ཁྲི་འཛིན ༧ ཏི་སེ་རྒྱལ་བ་རིན་པོ་ཆེ་མཆོག་ནི།   གཤེན་གྱི་འབྱུང་ལྡན་ ༣༠༡ ཕྱི་ལོ་1943 ལོར་སྡེ་དགེ་ལྷོ་ཁོག་དཔོན་ལུང་གུག་ཅེས་པའི་ས་གནས་སུ། ཡབ་གདུང་རྒྱུད་ཁྱད་འཕགས་ཁྱུང་པོ་དཀར་རུའི་རྒྱུད་པ་དཔོན་རྒན་བསོད་ནམས་དབང་རྒྱལ་དང་། ཡུམ་ཁེ་ཤུལ་བཟའ་གཡང་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔར་དཔོན་རྒན་ཡབ་ཚང་དུ་སྲས་པོ་མེད་ནས་ཡབ་ཡུམ་གཉིས་སྐྱོ་སྣང་མཛད་ནས་ཡོད་སྐབས། ནུབ་གཅིག་ཡབ་ཀྱི་རྨི་ལམ་ལ། ལྷ་སྲིན་སྡེ་བརྒྱད་མང་པོ་ཁྲོམ་ཆེན་པོ་ལྟར་འཚོག་ནས་འདུག་པའི་དབུས་ནས་རྨ་རྒྱལ་པོམ་ར། གཉན་ཆེན་ཐང་ལྷ། གངས་དཀར་ཏི་སེ་གསུམ་གྱིས་འདི་ཚང་ལ་བུ་མེད་པས་བུ་རེ་རེ་སྦྱིན་དགོས་པའི་བཀའ་གྲོས་གནང་བའི་རྨི་ལམ་ཡ་མཚན་ཅན་ཞིག་རྨིས། དེ་རྗེས་ཡབ་ཀྱིས་དམ་པ་ཁོང་ཉིད་གངས་ཏི་སེའི་རྫུས་བུ་ཡིན་པར་གསུངས་ནས་མཚན་ལ”ཏི་སེ་རྒྱལ་བ” ཞེས་གསོལ། གཞན་ཡང་རྫ་ཧཱུཾ་ཆེན་ཀུན་གྲོལ་གྲགས་པ་དང་སྦས་པའི་རྣལ་འབྱོར་བ་རུ་བླ་མ་ལྷ་གདོང་རྟ་མགྲིན་རྣམ་གཉིས་ཀྱིས་ཞལ་མཐུན་དུ་སྙ་ཆེན་ལི་ཤུ་སྟག་རིང་གི་སྤྲུལ་པར་ངོས་འཛིན་གནང་།
    དགུང་གྲངས་བདུན་གྱི་ཐོག་ཞང་པོ་ཁེ་ཤུལ་བསྟན་པ་རྒྱལ་མཚན་གྱི་མདུན་ནས་འབྲི་ཀློག་སྦྱང་འགོ་བཙུགས། དེ་ནས་ངེས་དོན་གྱི་རྣལ་འབྱོར་བ་ལྷ་གདོང་རྟ་མགྲིན་མཆོག་ཉག་གཞུང་དུ་ཕེབས་ནས་བསྙེན་སྙུང་གི་དབུ་བཞུགས་མཛད་སྐབས་བུ་འདིའི་སྐྲ་གསེབ་ནས་མེ་སྟག་འཕྲོ་ཞིང་མཚམས་མཚམས་སུ་སྐུ་ལུས་མེ་དཔུང་གི་རྣམ་པ་ལས་ཟག་བཅས་གདོས་ལུས་ཅན་མི་འདུག་པས་སྐྱེས་བུ་ཁྱད་པར་བ་ཞིག་རེད་འདུག་ཅེས་ཡང་ཡང་གསུངས།  དགའ་ལྡན་མཁན་པོ་འགྱུར་གྲགས་མཆོག་གིས་ཀྱང་ཏི་སེ་རྒྱལ་བ་ནི་ལྷ་སྲུང་རང་འཁོར་གྱི་སྐྱེས་བུ་ཞིག་ཏུ་འདུག  ཁོང་ཉིད་གང་ནས་ཕེབས་ན་སྔོན་ཙམ་དུ་སྲུང་མས་བརྡ་གཏོང་ཡོང་གི་འདུག་གསུང་།
   དགུང་གྲངས་བརྒྱད་ཀྱི་ཐོག་བླ་ཁྲི་རྒྱལ་བ་གཡུང་དྲུང་གཙོས་པའི་ཉེ་འཁོར་གྱི་བླ་སྤྲུལ་འདུས་པ་མང་པོས་དཔོན་རྒན་དགོན་གྱི་བསྟན་པའི་བདག་པོར་གསེར་གྱི་ཁྲི་རུ་མངའ་གསོལ་གནང་།
   དགུང་གྲངས་དགུ་ནས་བཅུ་གཅིག་བར་ཡབ་བསོད་ནམས་དབང་རྒྱལ་གྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་ཞུས་གནང་མཛད།
   དགུང་གྲངས་བཅུ་གཉིས་ཐོག་ངེས་པ་དོན་གྱི་རྣལ་འབྱོར་བ་ལྷ་གདོང་རྟ་མགྲིན་རིན་པོ་ཆེ་བཀའ་དྲིན་སུམ་ལྡན་གྱི་སློབ་དཔོན་དུ་བསྟེན་ཏེ་སྔོན་འགྲོ་འབུམ་དགུ་དང་དངོས་གཞི་འཕོ་བ་སོགས་དབང་ལུང་ཁྲིད་གསུམ་གང་མང་ཞུས།
   དགུང་གྲངས་བཅུ་གསུམ་ནས་བཅུ་བདུན་བར་དགོན་པ་རང་དུ་བཞུགས་གནང་མཛད་དེ་སྒོམ་སྒྲུབ་ཉམས་ལེན་དང་ཆོ་ག་ཕྱག་ལེན་སོགས་ལ་སྦྱོང་པ་ཚུལ་མཐུན་མཛད། དེ་སྐབས་ཀྱི་ཐུགས་ཚོར་དང་རྨི་ལམ་གང་ཡིན་ནའང་། སྟོད་སྤུ་རངས་ཕྱོགས་ཀྱི་སྦས་ཡུལ་གྱི་རི་ཁྲོད་ཞིག་དུ་ཕེབས་ནས་ཀུན་སྤངས་བྱ་བྲལ་སྤྲང་ཚུགས་ཅན་ཞིག་བྱེད་འདུན་ཆེ་ཡང་། དགོན་པའི་བླ་མ་དང་གྲྭ་བཙུན་གྱི་ཆག་རྐྱེན་དེ་ཙམ་མེད་སྟབས། ལམ་ལྷོང་མ་བྱུང་ཞེས་ནམ་རྒྱུན་སྐྱོ་སྣང་ཆེན་པོ་མཛད།
   དགུང་གྲངས་བཅུ་བདུན་ནས་དགུང་གྲངས་སུམ་ཅུ་སོ་བདུན་བར་རིག་གནས་གསར་བརྗེ་ཆེན་མོའི་མནར་གཅོད་དང་དམངས་གཙོ་བཅོས་བསྒྱུར་གྱི་གྲལ་རིམ་འོག་ཏུ་བཞུགས་དགོས་བྱུང་ཡང་། དམ་པ་ཁོང་ནི་ལྷ་སྲུང་རང་འཁོར་གྱི་སྐྱེས་བུ་ཁྱད་པར་ཅན་ཡིན་སྟབས། ལྷ་དང་སྲུང་མའི་སྡོང་གྲོགས་ཀྱིས་འཐབ་རྩོད་ཀྱི་རྒྱག་རྡུང་གཅིག་ཀྱང་མ་བྱུང་། ངལ་རྩོལ་གྱི་ལས་དཀའ་ལའང་ཞུགས་དགོས་མ་བྱུང་ཞིང་། དུས་ངན་དམག་འཁྲུག་གི་ཡོ་ལང་ཇི་ཙམ་རྒོད་ཀྱང་། ཡི་དམ་སྟག་ལ་དང་སྤྱི་འདུལ་རྟ་དབུ་དམར་ཆུང་གི་གཞུང་རྐྱང་ཆག་མེད་མཛད།
   དགུང་གྲངས་སོ་དགུ་ཐོག་གནས་མཆོག་ཀོང་པོ་བོན་རི་དང་། རི་རྩེ་དྲུག བྲག་དམར་རི་འདུས་སོགས་ལ་གནས་མཇལ་ཕེབས་ཤིང་། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་དང་། གོ་སེ་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན། ཤེས་རབ་དགེ་ལེགས་སོགས་སྐྱེས་ཆེན་མང་པོའི་མདུན་ནས་དབང་ལུང་ཁྲིད་གསུམ་གང་མང་ཞུས།
 
   དགུང་གྲངས་བཞི་བཅུ་ཐོག་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་རང་ཡུལ་དུ་གདན་འདྲེན་ཞུས་ཏེ་སྔོན་འགྲོ་རྩ་རླུང་སོགས་ཁྲིད་ལུང་གང་མང་ཞུས། དེ་ནས་ལོ་འཁོར་གསུམ་ཙམ་ལ་དབྱར་ངོ་ལ་རྫི་མི་གུག་ཅེས་པའི་ས་གནས་སུ་གྲྭ་ཆུང་མང་པོ་བསྡུ་རུབ་གནང་ནས་འབྲི་ཀློག་སོགས་ཐོས་བསམ་རྒྱ་ཆེར་བྱེད་དུ་བཅུག་པ་དང་།  དགུན་ཁ་རི་ཁྲོད་ཕུག་ཆེན་མ་རུ་རྩ་རླུང་ཞག་བརྒྱར་བཞུགས་ཤིང་ཞོར་དུ་འཁོར་འབངས་སྐྱ་སེར་རྣམས་ལ་སྔོན་འགྲོ་དངོས་གཞི་དང་འཕོ་བ་སོགས་ཁྲིད་ལུང་གནང་ནས་བོན་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་གནང་མཛད
   དགུང་གྲངས་བཞི་བཅུ་ཞེ་གསུམ་ཐོག་༧དཔལ་ཤར་རྫ་བའི་གདན་སར་ཕེབས་ཏེ། གྲུབ་ཆེན་ཉི་མ་ཚུལ་ཁྲིམས་དང་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་སོགས་སྐྱེས་ཆེན་མང་པོའི་སྐུ་མདུན་ནས་བོན་གསར་རྙིང་གི་དབང་ལུང་ཕལ་ཆེར་ཞུས་ནས་དབང་ལུང་གི་བང་མཛོད་ལྟ་བུར་གྱུར་ཞིང་། གཙང་མ་གཙུད་ཕུད་ཀྱི་སྡོམ་པ་ཞུས་པས་ཚུལ་མཚན་དུ”ཚུལ་ཁྲིམས་རྒྱལ་བ་གསོལ།” དེ་ནས་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་སླར་ཡང་རང་ཡུལ་དུ་གདན་འདྲེན་ཞུས་ནས་ལྷ་སྡེ་མི་མང་རྣམས་ལ་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ལུང་ཞུ་རུ་བཅུག དེ་ནས་གྲུབ་ཆེན་ཉི་མ་རིན་པོ་ཆེ་མཆོག་གིས་དམ་པ་ཁོང་ཉིད་ཀྱི་དཔོན་རྒན་དགོན་པའི་བསྟན་པའི་མེ་རོ་བསླང་དགོས་པའི་བཀའ་གསུང་ནན་གྱིས་ཕབ་པ་ལ། དམ་པ་ཁོང་གིས་སྐུ་ན་ཆུང་དུས་ཀྱི་ཐུགས་མོས་ལྟར་ཕྱོགས་མེད་བྱ་བྲལ་གྱི་རྣལ་འབྱོར་བ་ཞིག་ཨེ་ཡོང་བལྟ་བ་ལས། དགོན་སྡེ་བསྐྱང་རྒྱུའི་བསམ་བློ་མེད་ཚུལ་ཡང་ཡང་ཞུས་ཀྱང་རྩ་བའི་བླ་མའི་བཀའ་ལུང་གྱེན་ལྡོག་མ་ཐུབ་ནས་དགོན་པ་བསྐྱར་གསོ་བྱ་རྒྱུར་ཐུགས་ཐག་བཅད་དེ། སྒྲུབ་ཁང་ཐོག་རྩེགས་གཉིས་ཅན་ཞིག་བཞེངས་པ་དང་། སྒྲུབ་ཁང་དེ་རུ་གྲྭ་པ་གང་རུང་ལོ་ངོ་གསུམ་རེ་ལ་སྒྲུབ་མཚམས་ནན་པོ་བྱས་ནས་བཞུགས་དགོས་པའི་སྲོལ་བཟང་རྒྱུན་འཇགས་མཛད། དེ་ནས་བཟུང་ད་ལྟའི་བར་སྒྲུབ་བླ་རེ་རེ་མི་ལོ་གསུམ་རེ་བསྙེན་མཚམས་དམ་པོ་རུ་ཆགས་མེད་མཛད་དེ་བཞུགས་ནས་མི་ལོ་སོ་གཅིག་ལ་སྒྲུབ་ཐོན་བཅུ་དང་བཅུ་གཅིག་པ་བཞུགས་མུས་སུ་ཡོད་དོ།
   དགུང་གྲངས་བཞི་བཅུ་ཞེ་ལྔ་ཐོག་སྨན་རིའི་དགེ་བཤེས་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་མཆོག་རང་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་དབལ་གསས་དཔའ་བོ་གཅིག་སྒྲུབ་དང་། སྨྲ་སེང་། དབལ་མོ་ལས་ཐིག་སོགས་ཀྱི་ཁྲིད་ལུང་གང་ཟབ་ཞུས་ཤིང་ཞོར་དུ་སྨན་དགེ་ཉི་མ་གྲགས་པའི་ལམ་སྟོན་འོག་དབུ་བླ་བཞི་པོ་ཐུགས་དགོངས་གཅིག་འགྱུར་གྱིས་ཉེ་འཁོར་ལྷོ་ཁོག་བོན་དགོན་ཁག་གི་བཤད་གྲྭ་ཞིག་མཉམ་འཛུགས་དགོས་པའི་བཀའ་མོལ་བགྱིས
  དགུང་ལོ་བཞི་བཅུ་ཞེ་དྲུག་ལོར་བོད་ཟླ་དགུ་པའི་ཚེས་ཉེར་གཅིག་སྤེན་པ་སྣར་མའི་འགྲུབ་སྦྱོར་ཉིན་ཚོགས་ཆེན་འདུ་ཁང་གི་ས་འདུལ་རྨིང་གཏིང་མཛད་དེ་ལོ་ངོ་མང་པོའི་རིང་སྐུ་ཚེགས་འོ་བརྒྱལ་ལ་མ་འཛེམས་པར་རེ་བ་དང་ངོས་དགའ་ཁོ་ནས་བསྟན་དགོན་གྱི་ཕྱི་ནང་བར་གསུམ་བསྐྱངས་བར་མཛད
   དགུང་གྲངས་ལྔ་བཅུ་ང་གཉིས་ཐོག་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་ཁ་བ་གངས་རིའི་ལྗོངས་འདིར་ཞབས་ཀྱིས་བཅག་ནས་རང་དགོན་དུ་དངོས་སུ་ཕེབས་གནང་མཛད་སྐབས་མཉམ་མེད་བླ་སྒྲུབ་དང་ཚེ་སྒྲུབ་གེ་ཁོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་གང་མང་གསན་ཞིང་དག་པ་དྲང་སྲོང་གི་ཁྲིམས་རྣམས་རྫོགས་པར་ཞུས་པས་མཚན་ལ”ཤེས་རབ་གཡུང་དྲུང་རྒྱལ་བ་རུ་གསོལ།
   དགུང་གྲངས་ལྔ་བཅུ་ང་བཞི་ཐོག་སྔར་གྱི་འདུ་ཁང་ནང་དུ་འདག་སྐུའི་གཙོ་ལྷ་དགུ་ཙམ་བཞེངས་ནས་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་པ་དང་། སྔ་ཕྱི་རིམ་གྱིས་ཡར་རྒྱས་གནང་སྟེ་ལོ་རེར་དགུན་ཁའི་ཟླ་བ་གཉིས་མ་ཟིན་ཙམ་དུ། སྟག་ལ། བྱམས་མ།ཀློང་རྒྱས། ཀུན་རིག སྐྱེ་སྒོ། ཕུར་པ། མ་རྒྱུད། ཁྲོ་བོ། སྨོན་ལམ་མཐའ་ཡས། སྲིད་རྒྱལ། རྣམ་རྒྱལ་སོགས་ཉིན་འཚོགས་བྱེད་དགོས་རྒྱུ་གཏན་ཁེལ་གནང་།   དམ་པ་ཁོང་ནི་གྲུབ་རྟགས་རྫུ་འཕྲུལ་ལ་ཡང་མངའ་མཉེས་པའི་སྐྱེས་བུ་ཞིག་ཀྱང་ཡིན་འདུག་པས།  རང་ཡུལ་གྱི་ལྷ་སྡེ་འགའ་ཞིག་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་བྱང་ཆོག་གསུང་སྐབས་བྱང་བུ་རང་འབར་ཐེངས་གཉིས་ཙམ་བྱུང་
   2000དགུང་གྲངས་ལྔ་བཅུ་ང་བརྒྱད་ཐོག་དཔོན་རྒན་ཚུལ་ཁྲིམས་རྒྱལ་མཚན་གྱི་ཡང་སྤྲུལ་སྐུ་ཚ་ཁྱུང་དཀར་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་མཆོག་བསྟན་པའི་བདག་པོ་རུ་མངའ་གསོལ་ནས་ཁྲི་འདོན་གྱི་མཛད་སྒོ་རྒྱ་ཆེན་འཚོགས
   དགུང་གྲངས་དྲུག་ཅུ་ཐོག་གནས་མཆོག་ཀོང་པོ་བོན་རི་ལ་གནས་སྐོར་ཕེབས་ཤིང་ཕྱོགས་ཀྱི་བོན་འབངས་རྣམས་ལ་འགྲོ་དོན་རྒྱ་ཆེར་སྤེལ
   དགུང་གྲངས་དྲུག་ཅུ་རེ་བཞི་ནས་རེ་བདུན་བར་སྔར་མུས་བཞིན་དགོན་པ་ནི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་མི་སྣ་གསོ་སྐྱོང་བྱ་ཡུལ་གྱི་གནས་གཞི་ཞིག་ཡིན་དགོས་པའི་ཐུགས་བསྐྱེད་དང་། གྲྭ་པ་རྒན་གཞོན་སུ་ཡིན་ཡང་རྣམ་གཡེང་ཁོ་ནས་དུས་འདའ་བར་དོགས་པའི་ཚུལ་ལ་ཐུགས་ཡིད་རབ་ཏུ་བྲེལ་བའི་རྐྱེན་གྱིས་ཉེ་བར་སྐུལ་ཏེ། སྒྲུབ་གྲྭའི་ལྷ་ཁང་དང་སྤྱི་ཁང་གྲྭ་ཤག་སུམ་ཅུ་སོགས་འཁོར་ཡུག་གཅིག་གི་ནང་དུ་ཚུད་པའི་བདག་ཉིད་ཅན་ཞིག་བཞེངས་གནང་མཛད
   དགུང་གྲངས་དྲུག་ཅུ་རེ་དྲུག་ཐོག་རང་དགོན་དཔོན་རྒན་དགོན་དུ་༧ རྫ་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་རིན་པོ་ཆེ་གདན་འདྲེན་གནང་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཆ་ཚང་དང་མགར་ཕུར་གྱི་བཀའ་དབང་ཟབ་མོ་བཅས་བླ་སྤྲུལ་དགེ་བཤེས་སེར་སྐྱ་ཉིས་བརྒྱ་ལྷག་ཙམ་དང་ལྷན་དུ་ཞུས་གནང་མཛད། མཇུག་ཏུ་ཉེ་འཁོར་བོན་དགོན་བཞི་པོའི་བསྟན་བདག་རྣམས་དང་བླ་མ་མཁན་པོ་དགེ་བཤེས་རྒྱུན་ལས་རྣམས་གྲོས་མོལ་གྱི་འཚོགས་འདུར་ཆེད་བཅར་གནང་ནས་དགོན་བཞི་རེས་མོས་བྱས་ཏེ་བླ་གྲྭ་ཡོངས་རྫོགས་ཞིབ་འཛོམས་གནང་ནས”གཡུང་དྲུང་བོན་གྱི་སྨོན་ལམ་ཆེན་མོ”ཟེར་བ་ཞིག་ཉིན་གྲངས་བདུན་ལ་འཚོགས་འཆར་གནང་དོན་ལྟར་དབུ་འཛུགས་མཛད་སྒོ་སྤེལ། དེ་ལོའི་དགུན་སྟོད་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་རང་དགོན་དུ་གདན་འདྲེན་ཞུས་ཏེ། ཨ་དཀར་བུམ་སྒྲུབ་ཆེན་མོ་གསར་འཛུགས་གནང་བ་དང་། དེའི་སྐབས་སུ་གྲུབ་ཆེན་རིན་པོ་ཆེའི་ལམ་སྟོན་འོག ༧ གདན་ས་སྨན་རིའི་བཤད་སྒྲུབ་མཁན་ཟུར་དགེ་བཤེས་བསོད་ནམས་ཕུན་ཚོགས་དང་ཉེ་འཁོར་བོན་དགོན་ཁག་གི་དབུ་བླ་རྣམ་པ་གཙོས་པའི་གྲྭ་ཚང་དབུ་ལས་ལྷན་རྒྱས་མཉམ་དུ་འཛོམས་ནས། བཤད་གྲྭ་མཉམ་འཛུགས་དགོས་པའི་སྔར་གྱི་གྲོས་གཞི་ལག་བསྟར་གནང་རྒྱུའི་སྐོར་གྱི་ཚོགས་འདུ་ཐོག་དངོས་སུ་བཅར་ཏེ་བཀའ་མོལ་ལྷུག་སྩོལ་གནང་
   དགུང་གྲངས་བདུན་ཅུ་དོན་གསུམ་ཐོག་སྐུ་ཚ་ཁྲི་འཛིན་ཁྱུང་དཀར་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་རིན་པོ་ཆེ་གཙོས་རང་དགོན་ཀྱི་འདུས་སྡེ་ཡོངས་དང་ཉེ་འཁོར་བོན་དགོན་ཁག་གི་བླ་སྤྲུལ་དགེ་བཤེས་གྲྭ་ཚང་དང་རྒྱ་ཆེའི་དད་འབངས་སྐྱ་སེར་ཐུན་མོང་གིས་མི་ཤིག་གཡུང་དྲུང་གི་ཁྲི་རུ་སྐུ་ཚེ་བརྟན་པོར་བཞུགས་ཆེད་བརྟན་བཞུགས་རྒྱས་འབུལ་ཞུས་པ་རེད
   དགུང་གྲངས་བདུན་ཅུ་དོན་བཞི་ནས་བདུན་ཅུ་དོན་ལྔ་བར་འཁོར་འབངས་བླ་ཆུང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་གཙོས་པའི་གྲྭ་ཚང་དང་ལྷ་སྡེ་མི་མང་རྣམས་ཀྱིས་སྔར་གྱི་འདུ་ཁང་གཞི་རྒྱ་ཆེ་རུ་གཏོང་ཆེད་བསྐྱར་བཞེངས་དགོས་པའི་རེ་གསོལ་ནན་གྱིས་བཏབ་པ་ལ་བརྟེན་ནས་སྔར་གྱི་ས་མིག་དེ་རུ་ཚོགས་ཆེན་འདུ་ཁང་ཞིག་གསར་བཞེངས་གནང་བས་ད་ལྟ་ཕྱི་ཡི་རྟེན་བཀོད་ཆ་ཚང་མཇུག་ལེགས་པར་གྲུབ་ཡོད་ལ། ལྷག་པར་དུ་དམ་པ་ཁོང་དགུང་གྲངས་མཐོན་པོ་འདི་ཙམ་ཡིན་ཀྱང་། དགོན་པའི་གཞུང་ཚོགས་ལ་སོགས་ཀྱི་ཉིན་འཚོགས་ཆེ་ཆུང་གང་ཡིན་རུང་དམ་པ་ཁོང་ཉིད་རྟག་པར་འཚོགས་ཐོག་ཏུ་ཕེབས་པ་ལས། གྲྭ་འཁོར་དང་རྒྱུན་ལས་རྣམ་པས་སྐུ་ངལ་གསོ་དགོས་ཚུལ་ཞུས་ནའང་། ལམ་ལུགས་སྲོལ་ངན་པ་ཆགས་འགྲོ་ཚུལ་དང་། དེ་འདྲ་བྱས་ན་ང་རང་བསོད་བདེ་ཟད་འགྲོ་ཞིང་མ་རུང་བ་ཡིན་ཚུལ་གསུངས་ནས་དགུན་ཚོགས་སོགས་ལ་ཆད་མེད་གནང་བ་རེད།
   དགུང་གྲངས་བདུན་ཅུ་དོན་དྲུག་ཐོག་གདུལ་བྱ་འགྲོ་བའི་སྣང་ངོར་གཟུགས་སྐུ་ལྷ་ཡི་དཀྱིལ་འཁོར་ལ་སྙུང་གཞི་ཅུང་ཙམ་བཞེས་པའི་ཚུལ་བསྟན་ཞིང་། ཉེ་གནས་འཁོར་འབངས་དག་ལའང་ད་ལོ་ང་འཆི་རན་ལེ་རེད་ཅེས་ལན་མང་གསུངས་པ་དང་།  ད་ལོའི་དབྱར་ཁ་ཉིན་ཞིག་ལ་གྲྭ་པ་འགའ་ཞིག་མདུན་ཁང་གི་ར་བའི་ཕྱི་རོལ་དུ་ཡོད་ཅིང་ཁོང་ཉིད་ཡར་ལོག་དུ་བཞུགས་ནས་ཞལ་གསུང་འགའ་རེ་གནང་རྗེས་ཅུང་ཙམ་ནས་གྲྭ་པ་རྣམས་ཀྱི་རྒྱབ་ཕྱོགས་སུ་ཕེབས་འདུག་པ་མངོན་སུམ་མཇལ་བས་འབྱུང་བ་ལྔ་ལ་རང་དབང་ཐོབ་པའི་རྟགས་སུ་འཁུམས།  དེ་ནས་རང་དགོན་གྱི་འདུས་པ་ཀུན་དང་ཉེ་འཁོར་གྱི་དད་ལྡན་འགའ་ཡིས་རིན་པོ་ཆེའི་སྐུ་ཡི་སྙུང་བ་ལ་སེམས་ཚོར་ཧ་ཅང་ཆེ་རྐྱེན་སྐྱབས་རྗེ༧ ཡོངས་འཛིན་རིན་པོ་ཆེ་དང་། སྐྱབས་རྗེ་༧གཤེན་སྲས་ནོར་བུ་དབང་རྒྱལ་གཙོས་པའི་བླ་མ་ཆེ་ཁག་ལ་ཕྱག་མོ་ཐུགས་རྟགས་ཞུས་ནས། དད་ལྡན་སྐྱེ་བོ་ཡོངས་ཀྱི་བསོད་ནམས་གོང་དུ་སྤེལ་བར་བྱ་བའི་ཕྱིར་དུ། འདི་ག་དཔོན་རྒན་སྡེ་དགོན་གཉིས་གཙོས་པའི་ཕྱོགས་ཀྱི་དད་འབངས་དག་གིས་སྐུ་ཕྱྭའི་ཞལ་རིམ་གང་ཟབ་ཇི་ལྕོགས་རབ་དང་རིམ་པར་བསྒྲུབས་པ་མ་ཟད། གྲྭ་ཚང་འདུས་པ་རྒྱ་མཚོ་དང་ཕྱོགས་ཀྱི་བུ་སློབ་མང་པོས་རྒྱ་ནག་ཁྲི་ཏུའུ་སྨན་ཁང་སོགས་རྒྱ་བོད་ཀྱི་ཆེད་མཁས་སྨན་པ་རྣམས་ལ་ཆེད་བཅར་གནང་དགོས་པའི་རེ་གསོལ་ཡང་ཡང་བཏབ་པ་ལ་བརྟེན་ནས། སི་ཁྲོན་ཁྲི་ཏུའུ་ཞིང་ཆེན་སྨན་ཁང་དུ་ཕེབས་ནས་ཟླ་བ་གཅིག་ལྷག་ཙམ་བཞུགས་ཀྱང་སྙུང་གཞི་དེ་ཙམ་དྲག་བསྐྱེད་མ་བྱུང་ནས་རང་དགོན་དུ་གདན་འདྲེན་ཞུས་ཏེ། ལྷོ་ཁོག་བོན་དགོན་ཁག་གི་དབུ་བླ་དང་བླ་སྤྲུལ་དགེ་བཤེས་གྲྭ་འཁོར་འདུས་པ་ཡོངས་ཀྱིས་དད་དམ་གཡོ་མེད་ངང་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་བཏབ་ཏེ་མཎྜལ་བརྟན་བཞུགས་ཕུལ་བ་དང་། རིས་མེད་སློབ་འབངས་བརྒྱ་ཕྲག་མང་པོ་ལ་མཇལ་ཁའི་བྱིན་རླབས་བསྩལ་ཞིང་ཞག་མ་བདུན་ཕྲག་གཅིག་གི་མཚམས་སུ། རང་ཅག་རྗེས་འཇུག་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་སྐལ་པས་མ་ཐེག་པ་དང་། དཔལ་ལྡན་རྩ་བའི་བླ་མ་མཆོག་ཉིད་ཀྱང་བསྟན་དང་འགྲོ་བའི་དོན་ཆེན་མཐར་རུ་ཕྱིན་ནས། དགུངས་གྲངས་བདུན་ཅུ་དོན་བདུན་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༦ ཉིན་གྱི་ཞོགས་པར་བླ་བྲང་གི་གཟིམས་ཆུང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་དགོངས་པ་བོན་དབྱིངས་བསྡུས་པའི་མཛད་རྣམ་གནད་བསྡུས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།