中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སྔོན་བྱོན་མཁས་དབང་། >
༄༅།། སྨོན་སྲས་རྗེ་བཙུན་མ་ཌཱཀི་མཁའ་སྤྱོད་དབང་མོ།
དུས་ཚོད།2019-04-24 10:32:31     རྩོམ་གྱི་ཡོང་ཁུངས།ཧི་མ་ལ་ཡའི་བོན། རྩོམ་པ་པོ། ཨ་ཁོད་ཚེ་དབང་དངོས་གྲུབ།    ཆུང་། | འབྲིང་། | ཆེ།
གཏེར་སྟོན་ཆེན་མོ་ཌཱཀི་མཁའ་སྤྱོད་དབང་མོ་ནི། ཡབ་མཆོག་དྲན་པའི་རྣམ་རོལ། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་གདུང་རྒྱུད་ལས་གྲོལ་བའི་ས་གསུམ་འགྲན་བྲལ་ཧཱུྃཿཆེན་བླ་མ་དང་། ཡུམ་མཆོག་ཟླ་འོད་རྣམ་སྤྲུལ་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ལས་དོ་ཞིག་གདུང་ལས་འཁྲུངས་བའི་བདེ་ཆེན་མཚོ་མོ་ནི། ཟླ་འོད་ལུང་དུ། ང་སྤྲུལ་ཤར་རྫའི་ཕྱོགས་སུ་བདེ་ཆེན་མིང་། ཤ་མཚན་གཡུང་དྲུང་སྐུ་རེག་ཅན་དུ་འབྱུང་། ཞེས་དང་། ཧཱུྃཿཆེན་པའི་ལུང་དུ། ལྟེ་བ་གངས་ཅན་བོད་ཀྱི་ལྗོངས་འདིར། གནས་ཆེན་པདྨ་འོད་འཕྲོའི་ཐ་གྲུར། དབྱིངས་ཀྱི་ཡུམ་ཆེན་ཟླ་འོད་འབར་མ། ཐབས་མཁས་ཐུགས་རྗེའི་གང་འདུལ་རྣམ་རོལ། སྲིད་གསུམ་འགྲན་བྲལ་སྔགས་ཀྱི་བདག་མོ། རྟེན་འབྲེལ་སྒོ་འཕར་འབྱེད་པའི་དགྱེས་སྦྱོར། རྒྱལ་སྲས་འཕགས་པའི་འབྱུང་གནས་མཆོག་ཡུམ། མཁའ་འགྲོ་བདེ་ཆེན་དཔལ་འདྲེན་རྩལ་ཞེས། སྐྱབས་མཆོག་རིག་འཛིན་མཁའ་འགྲོའི་སྣང་བརྙན། སྒོ་གསུམ་མི་ཕྱད་དད་པས་གསོལ་བ་འདེབས་པའི་ཡུམ་དང་གཉིས་ལ་སྲས་ལྕམ་དྲལ་ལྔ་མདོ་སྨད་ཤར་རྫའི་ཞིང་མཆོག་ཨ་ཁོད་ཕྱུག་མོ་དཔལ་རིའི་མདུན་ཞོལ་སྨོན་རྒྱལ་བླ་བྲང་བསམ་འགྲུབ་གཡུང་དྲུང་ནམ་མཁའ་རྫོང་དུ་འཁྲུངས་པ་ལས། ཆེ་བ་འོད་ལྡན་འབར་མའི་སྤྲུལ་པ་ཚེ་དབང་དཔལ་མོའམ་དཔལ་ལུ་རབ་བྱུང་བཅུ་བདུན་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ཏེ་༡༩༢༠ལོར་བཀྲ་ཤིས་དགེ་མཚན་དང་བཅས་སྐུར་བལྟམས། ཁོང་ཉིད་རིག་འཛིན་མཁའ་མགྲོའི་ལུང་བཞིན་སྨོན་རྒྱལ་གཤེན་གྱི་གདུང་འཛིན་སེམས་དཔའ་ནམ་མཁའ་གྲགས་པའི་གསང་ཡུམ་དུ་ཕེབས་ཏེ་བསྟན་འགྲོའི་དོན་ཅི་ནུས་སྒྲུབ་མཐར་དགུང་ལོ་དོན་གསུམ་སྟེ༡༩༩༢ལོའི་ཟླ༡པོའི་ཚེས༤ཉིན་དགོངས་པ་མཁའ་སྤྱོད་དབྱིངས་སུ་གཤེགས། དེ་འོག་རྔ་ཆེན་ཞེས་པ་ཆུ་ཁྱི་སྟེ༡༩༢༢ལོར་ལྷ་གཤེན་ཡང་དག་མི་ཡི་གཟུགས་སུ་མངོན་པར་སྤྲུལ་པ། མཆོག་སྲས་དཔལ་ལྡན་རྣམ་རྒྱལ་ལམ་འཇམ་དཔལ་དགྱེས་པའི་བློ་གྲོས་སྐུར་བལྟམས། སྐུ་ནར་སོན་པ་དང་བླ་ཆེན་ཁག་དུ་མའི་ཞབས་དྲུང་དུ་བསྟེན་ནས་ཐུགས་བཅུད་ཟབ་མོ་ངོམས་མེད་མྱོང་བ་དང་སྔོན་སྦྱོང་ལས་འཕྲོ་སད་པས་ངང་གིས་མཁྱེན་རྩལ་རྫོགས་ཏེ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་དམ་པ་འགྲན་པའི་ཟླ་དང་བྲལ་བ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བའི་གནས་སུ་གྱུར། སྐུ་ན་ཕྲ་ནའང་ཧཱུྃཿཆེན་བླ་མས་བཀའ་མངགས་ལྟར་བསྟན་འགྲོའི་དོན་དུ་ཨ་བོ་ཧོར་གྱི་རྒྱལ་སར་ཕེབས་པས་རྒྱལ་པོ་བསོད་ནམས་རྒྱལ་མཚན་ཡུམ་སྲས་བློན་འབངས་བཅས་པའི་བླ་རུ་བསྐུར་ཏེ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་དུ་ཆགས་པའི་ངོས་རྒྱལ་བའི་བཀའ་འགྱུར་ཚར་གཉིས་དང་བཀའ་བརྟེན་བཅས་ཁྱོན་པོད་ཆིག་སྟོང་ལྷག་བཞེངས་སུ་གྲུབ་པ་བགྱིས་ནས་ལོ་མང་བཞུགས་མཐར་བསྟན་འགྲོའི་དོན་མཐར་ཕྱིན་ནས་རྐྱང་མཐིང་རྒྱལ་སའི་ཕོ་བྲང་ཡང་ཐོག་རྦོད་གཏོང་ལྷ་ཁང་དུ་དགུང་ལོ་སུམ་ཅུ་ལྕགས་ཡོས་ཏེ་སྤྱི་ལོ་༡༩༥༡ཐོག་འབྲུག་ཟླའི་ཚེས་༡ཉི་ཤར་དུས་མཉམ་ཞབས་གྲྭ་རྣམས་ལ་བསླབ་བྱའི་གདམས་ངག་དུ་མ་བསྩལ་ཞིང་ཀུན་ལ་དབུ་ཐོད་གནང་བ་དང་ལུས་སྦྱང་བདུན་པའི་འཕྲུལ་འཁོར་རྒྱག་ཅིང་ལུས་ཆ་ལུགས་ལྔ་ལྡན་ངང་ཕཊཿསྒྲ་དང་བཅས་དགོངས་པ་བོན་ཉིད་དབྱིངས་སུ་བསྡུས་པ་ཞབས་གྲྭ་རྣམ་པའི་ངག་ལམ་ལྟར་བཀོད་པའོ། །
དེ་འོག་བདེ་གླིང་གསང་ཡུམ་གྱི་རྣམ་རོལ་ཕུན་ཚོགས་དཔལ་སྒྲོན་སྤྱི་ལོ་༡༩༢༥སྟེ་ཤིང་གླང་ལོར་སྐུ་ཡི་མཚན་དཔེ་བཞད། ཡབ་དམ་པའི་དྲུང་ནས་སྔོན་དངོས་དང་རྩ་རླུང་མཁའ་འགྲོ་གསང་མཛོད་བཅས་མཐར་ཕྱིན་གྲུབ་པའི་ངོས་རྣམ་ཀུན་རྡོ་རྗེ་ཕག་མོ་ཐུགས་དམ་མཛད་པས་ཞལ་མཇལ་གསུང་ཐོས་ལ་དངོས་གྲུབ་རྣམ་གཉིས་ཐོབ་སྟེ་མཐར་དགུང་ལོ་བདུན་ཅུ་༡༩༩༤ལོར་དབལ་དགོན་ཤེལ་གདན་སྟེང་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས། དེ་འོག་ཌཱཀི་དབང་སྒྲོན་ནམ་རྗེ་བཙུན་དབང་མོའི་རྣམ་རོལ་གཏེར་སྟོན་བརྒྱ་རྩའི་ཡ་གྱལ་༧རྗེ་བཙུན་མཁའ་སྤྱོད་དབང་མོ་བསྟན་འགྲོའི་མགོན་མཆོག་མ་ནི་རབ་བྱུང་བཅུ་བདུན་པའི་མེ་བྱི་སྟེ་སྤྱི་ལོ་༡༩༣༦ལོར་ངོ་མཚར་བའི་ལྟས་བཅས་ཡུམ་ལ་གནོད་མེད་སྐུ་མཆོག་མངོན་པར་བལྟམས། མའི་ལྷུམས་སུ་བཞུགས་སྐབས་ཡབ་དམ་པས་གསང་གླིང་མཁའ་འགྲོ་རྗེ་བཙུན་དབང་མོའི་ཡང་སྲིད་ངོས་བཟུང་མཛད་པ་མ་ཟད་མཚན་ལའང་མཁའ་སྤྱོད་དབང་མོ་ཞེས་གསོལ་དགོས་ཞེས་མ་འོངས་སྔོན་གཟིགས་སུ་མཛད་པའོ། །དགུང་ལོ་དགུའི་སྟེང་ཐོག་མར་ཀློག་གི་སློབ་དཔོན་སྨོན་གྲྭ་ངག་བློ་བསྟེན་ཅིང་དེ་ནས་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་ཡོངས་འཛིན་དུ་མངའ་གསོལ་བགྱིས་ཏེ་གཅུང་པོ་ལྷ་སྲས་རིན་པོ་ཆེ་དང་མཉམ་དུ་སྦྱང་བརྩོན་མཛད་དེ་འབྲི་འདོན་དང་ཆོ་ག་ཕྱག་ལེན་བཅས་ཚེགས་མེད་མཁྱེན་པས་དམ་པའི་རང་རྟགས་མངོན་པ་དང་། ཁྱད་པར་དུ་བཀའ་དྲིན་སུམ་ལྡན་ནམ་བཞི་རྫོགས་ཀྱི་སློབ་དཔོན་ཆེན་པོ་༧ཧཱུྃཿཆེན་བླ་མའི་དྲུང་ནས་སྔོན་འགྲོ་བསགས་སྦྱངས་དང་འཕོ་བ་དངོས་གཞི་ལ་སོགས་ཟབ་རྒྱས་བསགས་སྦྱོང་གནང་བ་དང་མཁའ་འགྲོ་གསང་མཛོད་ཀྱི་རྩ་རླུང་ཞག་བརྒྱ་ཆུ་རས་ལན་དགུ་སྐམ་པ་དང་རྒྱབ་ཐུར་བཅུད་ལེན་བཅས་དབང་ལུང་མན་ངག་སོགས་བུམ་པ་གང་བྱོས་ཚུལ་དུ་ཐོབ་པ་བཅས་ལེགས་པར་མཐར་སོན་པ་བྱས་པར་ཡ་མཚན་གྱི་གྲུབ་རྟགས་སོགས་གང་གིས་འགྲན་ཟླ་བྲལ་བ་ཀུན་གྱིས་བསྟོད་བསྔགས་དང་དད་སྤྲོ་འཕེལ་བའི་གནས་སུ་གྱུར། དེ་ནས་དགུང་ལོ་བཅོ་བརྒྱད་ཡར་མར་ཐབས་ཤེས་རྟེན་འབྲེལ་ལོག་རྐྱེན་གྱིས་སྙུང་གཞི་མ་ངེས་པ་བཞེས་སྐབས་སྐུ་འཁོར་རྣམ་པ་དང་ཁོང་གིས་དགའ་གྲོགས་འགྲོ་འདུལ་གྱིས། ༧ཧཱུྃཿཆེན་བླ་མ་ལ་ཞུས་པ། སྨན་དང་གཏོ་དཔྱད་རིམ་གྲོ་ཅི་བྱས་ན་ཕན་པ་ནི་ཏིལ་འབྲུ་ཙམ་མི་འདུག་པས་ད་གང་གིས་དྲག་རེད་ཞུས་སྐབས། དབལ་གཏེར་སྤྲུལ་སྐུ་དང་རྟེན་འབྲེལ་ལེགས་ལམ་མ་འགྲིག་ན། ཡག་པོ་མི་ཡོང་ངེས་པ་ཡིན་གསུངས། ད་གནས་སྐབས་ཙམ་རྐྱེན་སེལ་ཆེད་རོང་བཙུན་ཁ་བ་དཀར་པོ་ལ་གནས་བསྐོར་གྱིས་དང་གསུངས་ཕེབས་པས་དམ་པ་ཁོང་ཉིད་གཙོས་སྟོན་འཁོར་ཁ་ཤས་རོང་བཞིའི་གནས་ཆེན་བཞིའི་ཡ་གྱལ་རོང་བཙུན་ཁ་བ་དཀར་པོར་ཞབས་བསྐོར་ཕྱིན་པས་གནས་གཏེར་གྱི་འགྲོ་དོན་རྒྱ་ཆེར་བྱུང་བ་མ་ཟད་ཕྱག་མཛུབ་ཀྱིས་བྲག་ངོས་ནོར་བུ་སུམ་ཚུགས་འདྲ་བ་རི་མོ་བྲིས་པ་དང་། ངོ་མཚར་བའི་བཀའ་རྟགས་ཞབས་རྗེས་བཅས་གྲུབ་རྟགས་དུ་མ་ངོམ། དེ་ལྟར་སྐོར་བ་སོགས་གྲུབ་ནས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་དབལ་ཁྱུང་དགོན་གནས་སོགས་ཡིད་ལ་ལྷམ་མེར་འཆར་བ་དང་། དབལ་གཏེར་སྤྲུལ་སྐུ་མཇལ་ས་འགྲོ་འདོད་ཀྱི་བློ་སྐྱེ་བ་དང་མཉམ་དུ་རྫུ་འཕྲུལ་གྱིས་དེ་ཉིན་ཕེབས་པས་དབལ་དགོན་དུ་གསང་གླིང་སྤྲུལ་སྐུ་འཆི་མེད་རིག་འཛིན་དང་ཡབ་ཡུམ་དགྱེས་འཛོམས་བྱུང་བས་རྟེན་འབྲེལ་ཐོག་མར་བྱུང་བ་ལགས།
གནས་གྲོགས་རྣམས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་སྐྱོ་གདུང་དང་དངངས་སྐྲག་སྐྱེས་བཞིན་བཙལ་འཚོལ་བྱས། ཞག་གསུམ་མཚམས་སླར་ཡང་དབལ་དགོན་ནས་རོང་བཙུན་ཁ་བ་དཀར་པོར་སྔར་བཞིན་རྫུ་འཕྲུལ་ངང་གཤེགས་པས་གནས་གྲོགས་རྣམས་དང་འཕྲད་པས་དགའ་སྤྲོ་ཚད་མེད་ངང་གནས་གཏེར་ལ་སོགས་འགྲོ་དོན་རྒྱ་ཆེར་གྲུབ་ནས་རང་ཡུལ་སྨོན་དགོན་ཞིང་དུ་ལོག་པ་བཅས་མདོ་ཙམ་གྱིས་ཆོག་པར་བྱས། གནས་གཏེར་འགྲོ་དོན་མཛད་ཚུལ་རྒྱས་པར་གཟིགས་འདོད་ན་གཏེར་སྲས་ཚོགས་གཉིས་རྒྱ་མཚོས་བྲིས་གནང་མཛད་པའི་རྣམ་བཤད། ཀུན་གྲོལ་བཀའ་གཏེར་ཆེན་མོའི་པོད༣༣པའི་ལྡེབ༤༤༠ལ་གཟིགས་འཚལ། རང་ལོ་བརྒྱད་དགུ་ཚུན་ནས་བཟུང་མ་སྲིང་མཁའ་འགྲོ་དང་བཀའ་སྐྱོང་སྲུང་མ་མི་དང་མི་འགྲོགས་པ་ལྟ་བུའི་སྡོང་དང་གྲོགས་མཛད་པ་ལུང་བསྟན་དབུགས་དབྱུང་མཐའ་ཡས་པ་རང་ཅག་ལྟ་བུའི་བརྗོད་པ་ག་ལ་ནུས། ཁྱད་པར་༧ཧཱུྃཿཆེན་བླ་མས་ནམ་རྒྱུན་གསང་གླིང་ཡང་སྲིད་གསང་ཡུམ་དུ་ཕེབས་ཐུབ་པར་གྱིས་དང་བསྟན་འགྲོའི་འགྲོ་དོན་ཆེན་པོ་འགྲུབ་ངེས་པ་ཡིན་ཞེས་གསུང་གསང་ཟབ་མོ་གནང་། དེ་ནས་དགུང་ལོ་༢༡་སྟེ་མེ་སྤྲེལ་དཔྱིད་རའི་ཉེར་ལྔར་༧ཧུྃཿཆེན་བླ་མ་དག་ཞིང་ཕེབས་པས་ཐུགས་ཕམ་བཟོད་མེད་ངང་སྔར་ཡབ་དམ་པའི་ལུང་བསྟན་གསུང་མཆིད་རྣམས་ཐུགས་ལ་འཆར་བཞིན་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་གྱི་གསང་ཡུམ་དུ་མ་སོང་ན་ཡབ་རྗེ་དམ་པ་བཞི་རྫོགས་སློབ་དཔོན་གྱི་ཐུགས་དགོངས་དང་འགལ་བ་གྱུར་པས་དགའ་གྲོགས་འགྲོ་འདུལ་དང་བཀའ་མོལ་བྱས་པས་ཉག་ཡུལ་དུ་ཕེབས་རྒྱུར་གྲོས་མཐུན་ལེགས་པར་བྱུང་ནས་ཐུགས་ཐག་བཅད། ཕྱི་ལོ་དགུང་གྲངས་ཉེར་གཉིས་ཏེ་༡༩༥༧མེ་བྱ་ལོར་གཅུང་པོ་ལྷ་སྲས་མི་ཕམ་རྣམ་རྒྱལ་དང་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་གཙོས་སྟོན་འཁོར་བཅས་ཉག་ཤོད་དུ་ཆིབས་བསྒྱུར་གནང་སྟེ་དབལ་ཁྱུང་དགོན་དུ་ཟླ་ཚེས་བཟང་པོར་ཌཱཀི་རྗེ་བཙུན་དབང་མོའི་ཡང་སྲིད་སྨོན་སྲས་རྗེ་བཙུན་མཁའ་སྤྱོད་དབང་མོ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་རུ་མངའ་གསོལ་དགྱེས་སྟོན་དང་མཎྜལ་གྱི་གཏམ་བཤད་ཡོངས་འཛིན་མཐུ་སྟོབས་རྣམ་རྒྱལ་གྱིས་གནང་བས་མགྲིན་སྒོ་ཡངས་པའི་བསྟོད་བསྔགས་ཐོབ་པ་དང་རྟེན་འབྲེལ་ལེགས་པའི་བརྡ་རྟགས་དུ་མ་འཆར་བས་དབལ་ཁྱུང་ཡུལ་དགོན་བཅས་སེམས་བདེ་བློ་བདེ་བག་དྲོ་ངང་གནས་པར་གྱུར་ཏེ་བདེ་སྐྱིད་ཀྱི་ཉི་མ་ཤར་རོ། །དེ་ནས་ཚེས་བཟང་དུས་བཟང་གི་ཉིན་མོ་ཞིག་ལ་ཤང་ལང་བྲག་དཀར་ཞབས་སྐོར་ཕེབས་དུས་ཡབ་ཡུམ་གཉིས་ཀྱིས་མ་མཁའ་འགྲོའི་ལུང་བཞིན་དགོན་གནས་སྤོ་རྒྱུ་བྱུང་ན་ས་གནད་ལེགས་པ་ཞིག་བརྟག་ཚེ་ཤེལ་གདན་སྟེང་རྩེད་རྒྱུག་གནང་སྐབས་ཆག་སྒྲོག་དོར་བས། ས་དེར་རྟེན་འབྲེལ་ལེགས་པར་གོ་བས་དགོན་པ་གསར་བསྐྲུན་མཛད་རྒྱུ་ཐུགས་འདུན་འཁྲུངས། དེ་ནས་དུས་འགྱུར་དབང་གིས་ཟླ་བ་བདུན་ཙམ་མཚམས་གསང་གླིང་གཉིས་པ་འཆི་མེད་རིག་འཛིན་འགྲོ་དོན་རྫོགས་ནས་དགོངས་པ་བོན་ཉིད་དབྱིངས་སུ་བསྡུས། རང་རེའི་སྐྱབས་མཆོག་དམ་པའི་ཐུགས་རྗེའི་དྲྭ་གུར་དུ་འདུས་པ་རྣམས་རེ་ཞིག་མྱ་ངན་གྱིས་གདུངས་ཤིང་དམུས་ལོང་གི་དམིགས་བུ་བྲལ་བ་ལྟར་གྱུར། རྗེ་བཙུན་མ་གཙོས་དེར་འཁོད་རྣམས་ཀྱིས་དགོངས་རྫོགས་ཀྱི་མཆོད་འབུལ་དང་བསྙེན་བཀུར་ཚུལ་བཞིན་ཞུས་ཤིང་ཡང་སྟོན་བླ་མ་བསྟན་འཛིན་རྒྱལ་མཚན་གདན་དྲངས་ཞུས་ཏེ་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཏེ་བསྟན་འགྲོའི་མགོན་མཆོག་དམ་པ་མི་རིང་ཟླ་ཞལ་མཇལ་བའི་ཐུགས་སྨོན་ཟབ་རྒྱས་བཀྲ་ཤིས་སྨོན་ལམ་གྱིས་མཐར་བརྒྱན་པར་བྱས། དེ་ནས་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད་དང་མཇལ་འཕྲད་གནང་སྟེ་ཁ་བ་དཀར་པོ་ནས་ཟབ་གཏེར་གྱི་སྒྲོམ་བུ་བཞེས་པ་དང་ཧཱུྃཿཆེན་འགྲོ་འདུལ་གླིང་པའི་ཐུགས་མེ་སྡུག་མ་ལས་བབ་པའི་རིང་བསྲེལ་གཅིག་མདུན་དུ་ཕུལ་བའི་ཚེ། གཏེར་སྒྲོམ་གྱི་ཁ་ཕྱེས་ཏེ་བཻ་རོའི་བླ་སྒྲུབ་དང་དམ་རྫས་བྱིན་རླབས་ཅན་དང་། རིང་བསྲེལ་གཅིག་མཆེད་དེ་གཉིས་གྱུར་པ་ལ། ཚེ་དབང་འགྱུར་མེད་ཀྱིས་ཁོང་གི་རྟེན་སྐལ་ཡིན་གསུངས་ནས། མ་གཞི་དེ་རྗེ་བཙུན་མར་གནང་ནས་མྱོང་གྲོལ་དུས་ངན་འཇིགས་པ་ཀུན་སེལ་དང་། གཞན་དམ་རྫས་རྣམས་བུ་སློབ་རྣམས་ལ་བགོས། དེ་ནས་དགུང་ལོ་ཉེར་བཞི་སྟེ་ས་ཕག་སྤྱི་ལོ༡༩༥༩ལོར་དམངས་གཙོ་བཅོས་བསྒྱུར་སྐབས་གྲལ་རིམ་མཐོ་ཤོས་རྣམས་ཉག་རོང་རྫོང་སློབ་སྦྱོང་ཁང་དུ་བཞུགས་སྐབས་གཟི་ལྷ་འབུམ་དགོན་གྱི་མཆོག་སྤྲུལ་རྡོ་ལོའམ་པདྨ་འགྱུར་མེད་རྣམ་རྒྱལ་གྱི་གསང་ཡུམ་གྱི་རྟེན་འབྲེལ་གཉིས་པ་འགྲིགས། དེ་ཕྱོགས་མེ་ཤིང་བསྡུ་སར་ཕེབས་སྐབས་གཡུ་ལོ་བཀོད་ཅེས་པའི་གནས་ནས་གནས་གཏེར་གྱི་འགྲོ་དོན་རྒྱ་ཆེར་བྱུང་བ་རྣམས་ཡིག་ཚོགས་འཇིགས་ཕྱིར་བཀོད་མེད། དེ་ནས་དུས་དབང་གིས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་བས་སྤྱིར་བསྟན་པ་ལ་གོད་ཆགས་ཆེན་པོ་བྱུང་སྐབས་རྗེ་བཙུན་མ་ཁོང་དཔོན་གཡོག་རྣམས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དུས་མཐར་མི་ནུབ་བོན་གྱི་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས་པའི་དགོས་པ་ཁྱད་པར་ཅན་ཐུགས་ལ་བཀྲམ་སྟེ་ལུས་དང་གྲིབ་བཞིན་འགྲོགས་པའི་མ་གཅིག་༧དཔལ་ལྡན་ལྷ་མོར་གཉེར་དུ་བཅོལ་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་རྟེན་གསུམ་གང་མང་ནམ་ཞིག་དར་བའི་སྨོན་ལམ་དང་བཅས་གཏེར་དུ་སྦ་བ་བྱས།
དམ་པ་ཁོང་ཉིད་གྲལ་རིམ་འཐབ་རྩོད་དམར་ནག་འོག་མི་མེད་ལུང་ཁུག་ཞིག་ཏུ་ནེ་རྫོང་ཞེས་པར་ས་ཞིང་ཆུང་ཆུང་ཞེས་ལས་མེད་ཀྱང་བསམ་ཤེས་ལྡན་པའི་འགོ་ཁྲིད་རེ་འགས་ཞིང་བསྲུང་བཅོལ་བས་སོས་དལ་བག་ཕེབས་ངང་ཉམས་ལེན་རྒྱུན་སྐྱོང་དང་བསྟན་འགྲོའི་ཞབས་རིམ་རྒྱ་ཆེ་འགྲུབ་པར་བྱས་ནས་བཞུགས། བར་གསེང་རྣམས་སུ་གནས་གཏེར་གྱི་འགྲོ་དོན་མཛད་པ་དང་། མི་ཉག་ར་རྔ་ཁའི་བཙོན་ཁང་དུ་བཞུགས་པའི་མིང་པོ་ལྷ་སྲས་རིན་པོ་ཆེར་གསོལ་ཆས་དང་ན་བཟའ་སྤྲོད་སར་ལན་མང་ཕེབས་པ་དང་ལུགས་གཉིས་ཀྱི་བསླབ་བྱ་མཛད་པ་བཅས་བཀའ་དྲིན་བརྗོད་བྲལ་ཡིན་ཞེས་ལྷ་སྲས་ཞལ་ནས་ཐོས་མྱོང་། མ་ཟད་སྤུན་ཟླ་ཕུན་ཚོགས་དཔལ་སྒྲོན་རྫ་ཁོག་མར་གླིང་དུ་གྲལ་རིམ་འཐབ་རྩོད་འོག་སྡུག་བསྔལ་མནར་སྐབས་ལན་གྲངས་ལྐོག་ནས་བཏུག་སར་ཡོང་ནས་བཀའ་ངལ་སེལ་བར་མཛད། དམ་པ་ཁོང་མཁྱེན་པའི་དཔལ་མངའ་སྟེ་དཔེར་ན་ས་སྤྲེལ་ལོར་རྫ་ཁོག་ཏུ་ཞབས་སོར་འཁོད་སྐབས་སྤུན་ཟླའི་གཡོག་མོ་པད་མོ་ལ་མངལ་ཆགས་ཡོད་པས་ཕུན་ཚོགས་ཀྱིས་མིང་ཞིག་ཐོགས་ཞུས་པར་ཡེ་ཤེས་ཆོས་སྒྲོན་བཏགས་པས། ཕུན་ཚོགས་ཀྱིས་བུ་འདོད་པས་འདིར་བུ་ཡི་མིང་མི་འདོགས་གང་ཡིན་ཟེར་ནས་ཐུགས་ཁྲོ་ཁྲོ་འདྲ་བྱས་པར་ཁོང་ཉིད་བཞད་ཙམ་མཛད་ནས་བཞུགས། ཕྱིས་བཙས་པ་བུ་མོ་ཡིན་པས་དེར་གནས་མུ་རྣམས་དད་སྤྲོ་སྐྱེས་ནས་མིང་ལའང་དེ་བཞིན་བྱས། དེའི་སྐབས་ང་ཡི་ཨ་མ་ལ་ཡི་གེ་དང་འཚམས་རྟགས་བཅས་ལྐོག་ནས་བསྐུར་བའི་ནང་དོན་ཉི་འོད་སྒྲོན་མའི་བུ་ལ་ཚེ་དབང་དངོས་གྲུབ་ཐོགས་གསུངས་ལྟར་ཕྱིས་སུ་བུ་ཞིག་བཙས་པས་གཟའ་མི་ལྷན་རྒྱས་དད་སྤྲོ་རབ་ཏུ་བརྟས་པ་མ་ཡིས་ང་ལ་གསུངས་མྱོང་། དེ་དང་དེ་ལྟ་བུའི་རིགས་མཁྱེན་པའི་རྩལ་ཆེན་རྫོགས་པའི་སྐོར་མདོ་སྟོད་སྨད་ལ་ཉི་ཟེར་བཞིན་དུ་ཁྱབ་པ་མང་ཡང་ཡིག་ཚོགས་འཇིགས་ཕྱིར་མ་སྤྲོས། མ་ཟད་གནས་མཆོག་ཤེལ་བྲག་གསང་བའི་རྫོང་ནས་དངོས་གྲུབ་ཏུ་བཞེས་པའི་གཏེར་གྱི་ཁ་བྱང་ལས། མ་འོངས་བསྐལ་པའི་ཁུག་གི་དུས་ཤིག་ན། དྲན་པའི་གདུང་ལས་བྱིན་རླབས་རིགས་ཀྱི་ལྕམ། རྟེན་འབྲེལ་རིགས་ཀྱི་ལྡེ་མིག་ཚེ་ཐག་འཛིན། ཐབས་ཤེས་ཉི་ཟླ་འཁོར་ལོ་ཕྱོགས་བརྒྱར་བསྒྱུར། སུམ་ཅུ་སོ་བདུན་སྦས་པའི་གར་མཚམས་ལ། རྟེན་འབྲེལ་མ་ལོག་དངོས་གྲུབ་སྒོ་བརྒྱ་འབྱེད། རིགས་ཀྱི་མི་མོ་གཏེར་དབང་མཁའ་སྤྱོད་མ། ཞེས་པ་བཞིན་གནས་གཏེར་གྱི་འགྲོ་དོན་རྒྱ་ཆེ་གནང་ཞིང་སྐུ་ཚེ་གང་བོར་གཏེར་སྣ་བཞི་བཅུ་ཡར་བརྒལ་བཞེས་སྐབས་ཚོགས་འཁོར་དང་འབྲེལ་གསང་གཏེར་དང་ཁྲོམ་གཏེར་མཛད་པ་མང་། དེའི་སྐབས་ཏིང་ཏིང་ཤག་གི་སྒྲ་ལྟར་སྙན་འཇེབས་དལ་རིང་ལན་མང་གཏེར་སྒྲ་གྲགས་པ་དང་དམ་པ་ཁོང་གི་སྐུ་ལུས་ལས་བྱ་རྒོད་ཀྱི་ཐུལ་ཕྲན་དཀར་སེང་ངེ་འབབ་པ་དང་བྱ་རྒོད་ཀྱི་ལྡིང་སྐོར་བྱེད་པ་འཇའ་འོད་འཕྲོ་བ་དྲི་བཟང་གིས་ཕྱོགས་ཀུན་ཁྱབ་པ་སོགས་མཐོང་ཐོས་མངོན་གྱུར་དང་དད་སྤྲོ་ཤུགས་ཀྱིས་སྐྱེས་ཤིང་མིག་ཆུ་བྲུག་པ་ལུས་བ་སྤུ་གཟེང་པ་ལ་སོགས་འབྱུང་བ་མཇལ་ཁ་ཐོབ་པའི་སྐལ་ལྡན་སྐྱེས་བུ་ཚོགས་ལས་གོ་ཐོས་བྱུང་། ཟབ་གཏེར་བཞེས་པའི་ལོ་རྒྱུའི་བསྐོར་འདིར་མ་སྤྲོས་གཟིགས་འདོད་ན་ཀུན་གྲོལ་བཀའ་གཏེར་ཆེན་པོའི་པོད་༣༣པའི་སྡེབ་ཨང་༤༤༧ནས་གཏེར་འདོན་ལོ་རྒྱུས་ངོ་མཚར་དགྱེས་པའི་གླུ་དབྱངས་ལ་གཟིགས་འཚལ། དེ་ལས་རེ་འགའ་ཟུར་ཙམ་ལ་༡༩༧༦སྟེ་དགུང་ལོ་༤༡མེ་འབྲུག་ཟླ་༡ཚེས་བཟང་ཉིན་མ་སྲིང་མཁའ་འགྲོའི་བརྡ་ལུང་ལས། ཨ་ཧོ་བུ་ཁྱོད་རིག་པའི་བརྡ་ལ་ཉོན། རྣམ་ཀུན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། སངས་རྒྱས་བསྟན་དར་སེམས་ཅན་བདེ་སྐྱིད་ཆེད། བདེ་བླག་འགྲུབ་ཅིང་བསྐལ་ཁུག་གསོ་བ་ལ། སྟོན་པ་སངས་རྒྱས་དུས་བབས་མི་ཡུལ་དྲོངས། ཞེས་ཀྱི་བརྡ་ལུང་བཞིན། ཟླ༡ཚེས༡༥ཉིན་ས་ནག་རི་ཁྲོད་དུ་ཞབས་སོར་འཁོད་ཅིང་ཧཱུྃཿཆེན་བླ་མའི་བླ་སྒྲུབ་ཚོགས་འཁོར་བསྐོར་བས་དངོས་གྲུབ་བླང་བ་དང་། དུས་མཉམ་པདྨ་འབུམ་རྫོང་ནས་མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་བྱ་རྒོད་དུ་སྤྲུལ་ནས་ལྷོ་ནུབ་ནམ་མཁའི་དབྱིངས་ནས་འཇའ་སྤྲིན་འོད་ཟེར་དང་བཅས་མདུན་དུ་བབས་ནས་གཤོག་པའི་ཕྲག་བར་ནས་སངས་རྒྱས་བསྟན་གཙོ་རྒྱལ་བ་གཤེན་རབ་ཀྱི་སྐུ་གསེར་ཟངས་ལས་གྲུབ་པ་མདུན་གྱི་པད་གདན་སྟེང་གཡུང་དྲུང་རི་མོ་བཀྲ་ལམ་མེར་ཡོད་པ་ཞིག་དང་དངོས་གྲུབ་ཏུ་ཐོབ། དེར་གནས་འཁོར་བཅས་དད་སྤྲོ་བརྗོད་མེད་འཕེལ་བ་དང་། རྒོད་ལྕམ་མ་ལ་ཚོགས་དྲངས་ཤིང་གསོལ་བ་དང་མགུལ་དུ་དར་བཏང་ཞིང་སངས་རྒྱས་བསྟན་པ་རྒྱས་པའི་གསོལ་བཏབ་དང་ཐུགས་སྨོན་ཟབ་རྒྱས་གནང་མཚམས་ནམ་མཁའི་དབྱིངས་རུམ་དུ་ལྡིང་བསྐོར་ལན་གསུམ་བྱས་ཏེ་རང་གནས་གཤེགས་པ་དང་རྗེ་བཙུན་མ་སྟོན་འཁོར་བཅས་འགྲོ་དོན་གྲུབ་ནས་བདེ་བར་གནས་སུ་འཁོད། དེ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱུང་སྟེ་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་སོགས་ཇེ་བཟང་ཡར་ཟླ་ལྟར་འཕེལ་བས་སྤྱི་ལོ༡༩༧༩ལོར་བཙོན་པ་མཐའ་དག་གློད་བཀྲོལ་བཏང་སྐབས་སྨོན་རྒྱལ་ལྷ་སྲས་རིན་པོ་ཆེ་ཉག་ཡུལ་དུ་གདན་འདྲེན་ཞུས་ཏེ་རྒྱལ་བའི་བཀའ་འགྱུར་ཆེན་མོ་པོད་བརྒྱ་དང་དོན་བརྒྱད་པ་སླར་ཡང་བསྟན་འགྲོའི་མགོན་དུ་གཏེར་དུ་སྤྱན་དྲངས་ནས་སྨོན་སྲས་ལྕམ་དྲལ་རྣམ་གཉིས་ཀྱིས་བསྟན་པ་རིན་པོ་ཆེ་ཉི་མའི་ཟེར་བཞིན་འཛམ་གླིང་ཞིང་ཀུན་ཁྱབ་ནས་ནུབ་མེད་སྲིད་མཐའི་བར་དུ་གནས་པའི་བཀྲ་ཤིས་དང་སྨོན་ལམ་རྒྱ་ཆེན་མཛད་པའི་བསྐལ་བཟང་གི་ཉི་མ་ཤར་ནས་དགྱེས་འཛོམས་བྱུང་། སྤྱི་ལོ༡༩༨༠ལྕགས་སྤྲེལ་ཟླ༡༡ཚེས༢༩ཉིན་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་པར་དཔོན་གཞོན་པ་བཀྲ་ཤིས་རྡོ་རྗེས་པར་ཁང་ནང་རྟེན་ཞིག་ཅི་ནས་རིན་པོ་ཆེས་གཏེར་ཞིག་བཞེས་རོགས་དགོས་པའི་གསོལ་བ་ཡང་ཡང་བཏབ་འབྲས་ལྷང་བྲག་ནོར་བུའི་ཡང་རྩེའི་མདུན་ཤར་ནས་བསྟན་འགྲོའི་དོན་ཆེན་ཡིན་པར་དགོངས་ནས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུ་རིན་ཆེན་ཟི་ཁྱིམ་ལས་གྲུབ་པ་ཞིག་ལྷག་ཆོས་འགྲུབ་སྤྲུལ་སྐུ་སོགས་སྟོན་འཁོར་བཅུ་གསུམ་གྱི་ཁྲོད་ནས་གཏེར་དུ་སྤྱན་དྲངས། བཀྲ་རྡོར་ཁོ་རང་ངག་ལམ་ནས་ཕྲན་གྱིས་ཐོས་པ་ལ་གཏེར་དུ་བཞེས་ནས་ཁོའི་ལག་དུ་བཞག་པ་དང་ཇེ་ཆུང་ཇེ་ཆུང་དུ་གྱུར་ནས་སོར་ལྔ་ཙམ་རེད་སོང། ཚ་དྲོད་ཀྱང་འདུག ངོ་མ་རང་རང་ལ་བསོད་ནམས་མེད་ན་དེ་འདྲ་རེད་འདུག་ཟེར་བཞིན་ཕྱག་རྒྱ་བཅའ་འདུག པར་ཁང་ཆོས་མཛོད་ཆེན་མོའི་ནང་བསྟན་ཨོ་རྒྱན་རིན་པོ་ཆེའི་སྐུ་སྨན་འདམ་བཞེངས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྟེན་དུ་བཞུགས་སུ་གསོལ་བའོ། །༡༩༨༡སྟེ་ལྕགས་བྱ་དགུང་ལོ་ཞེ་དྲུག་ཐོག་ཁྱུང་ཡུལ་དུ་ཌཱཀི་ཚེ་དབང་དཔལ་མོ་ཡུམ་སྲས་རྣམས་ལ་མཇལ་ཁ་ཕེབས་ཤིང་གནང་སྦྱིན་རྒྱ་ཆེ་དང་ཡུན་རིང་མ་མཇལ་བའི་དགྱེས་སྟོན་སོགས་འགྲོ་དོན་གྲུབ་ནས་དབུས་གཙང་ཕྱོགས་ཆིབས་བསྒྱུར་གནང་ནས་ཡར་ལུང་ཤེལ་བྲག་ཕྱིན་ནུབ་རྔ་ཡབ་ཟངས་མདོག་དཔལ་རིར་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་གྲལ་དུ་ཕྱིན་ནས་ཚོགས་དབུས་ནས་གུ་རུ་པདྨས་ཕྱག་སོར་ཁོང་གི་སྤྱི་བོར་བཞག་ཏེ་སྤྱན་གྱིས་གཟིགས་ནས་འདི་ལྟར་གསུང་བྱུང་།
འོ་སྐལ་རིགས་ལྡན་སྙིང་ཀར་ཅེ་རེར་ལྟོས། བོན་སྐུའི་དགོངས་པ་ཡེ་ཤེས་ཐོག་བབ་སྐྱེ། ཡང་གསང་ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར། འགྱུར་མེད་སྤྲོས་བྲལ་དབང་བཞི་བརྩོལ་མེད་ཐོབ། ཨ༔ ཞེས་རིག་པའི་རྩལ་དབང་སོགས་ལེགས་པར་མནོས་ཤིང་ཕྱི་ཉིན་གུ་རུ་འཕེལ་གདུང་བཅས་གསང་གཏེར་དུ་བཞེས་ཏེ་འགྲོ་དོན་གྲུབ་ནས་ལྷ་ལྡན་ཕྱོགས་ཀྱི་རྟེན་རྣམས་མཇལ་སྐོར་དང་མཆོད་འབུལ་ཚོགས་བསགས་རྒྱ་ཆེན་གནང་ནས་གནས་ཆེན་ཀོང་པོ་བོན་རིར་སྐོར་མཇལ་སོགས་གནས་གཏེར་གྱི་འགྲོ་དོན་ཡོངས་རྫོགས་གྲུབ་ནས་མར་ལམ་རྫ་ཡུལ་སྨོན་རྒྱལ་ཞིང་དུ་ཆིབས་བསྒྱུར་མཛད། ཨ་ཁོད་ཡུལ་མི་ཁྱིམ་ཚང་རེ་རེ་བཞིན་ཕེབས་ནས་གནང་སྦྱིན་དང་བྱིན་རླབས་བཀའ་བགོ་ཁྲུས་སོགས་རང་རང་ཅི་འདོད་རེ་བར་བསྐངས་ནས་འབྲེལ་ཚད་དོན་དང་ལྡན་པར་བྱས། དེའི་སྐབས་ཁོང་གིས་ཕྲན་ཀྱང་ཁྲིད་སོང་ནས་སྨོན་རྒྱལ་ནས་འདྲུད་འཁོར་ཞིག་བཏང་ནས་རྙིང་མའི་དགོན་ཆེན་ཞེ་ཆེན་དགོན་དུ་བླ་མ་དགེ་འཕེལ་ལགས་ཀྱིས་ཞབས་ཏོག་ལེགས་སྒྲུབ་ཀྱིས་ཞག་གཅིག་བསྡད། ཕྱི་ཉིན་དཀར་མཛེས་ལ་ཕེབས། དེ་ནས་སྟོང་འཁོར་གནས་འདུས་ཡིན་པས་གནས་ལ་ཞབས་སྐོར་ཁ་ཤས་མཛད་སོང་། དེའི་སྐབས་ལྷ་དང་སྲུང་མའི་རང་བྱོན་དང་ལྷ་ཞལ་མཇལ་བ་མང་པོ་ངོ་སྤྲོད་ང་ཚོ་ཞབས་རྟོགས་པ་ཡོངས་ལ་བྱས་པ་དྲན་གྱིན་འདུག་ཀྱང་། ཕྲན་ལོ་ན་ཆུང་བ་དང་བག་སྒྲིབ་དབང་གིས་གཅིག་ཀྱང་མཇལ་སྣང་མི་འདུག དེ་ནས་ཉག་ཡུལ་ཞབས་སོར་འཁོད་དེ་ལྷ་སྲས་རིན་པོ་ཆེ་དང་མཆོག་སྤྲུལ་རྡོ་ལོ་བཅས་ཉག་རྫོང་ཆབ་གྲོས་ཁང་དུ་བཞུགས་པའི་དེར་ཉིན་ཤས་བཞུགས་སོང་། ༡༩༨༣ཆུ་ཕག་ལོར་དགུང་ལོ་ཞེ་བརྒྱད་ཐོག་སྔོན་དགུང་ལོ་ཉེར་གཉིས་སྐབས་ཁོང་ཡབ་ཡུམ་གྱིས་དགོན་པ་སྤོ་རྒྱུ་རྟེན་འབྲེལ་དུས་ལ་བབ་པས་ཧོར་ཟླ་༣ནང་བཟའ་སྐར་དུས་བཟང་དང་བསྟུན་ཏེ་ཆེ་དགུའི་གྱེར་ཆེན་ལྷ་སྲས་རིན་པོ་ཆེ་གཙོས་བླ་སྤྲུལ་དུ་མས་ཤེལ་ལྡན་སྟེང་ས་འདུལ་གྱི་དབུ་བརྩོན་ཏེ་༧ཧཱུྃཿཆེན་བླ་མའི་ཟབ་གཏེར་ལས་བྱུང་བའི་རབ་འབྱམས་བོན་གྱི་གཏེར་མཛོད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྟགས་དང་རྟེན་འབྲེལ་ལེགས་པའི་ངོས་བླ་བྲང་གཞི་རྨང་གཏིང་ནས་མཐར་ཕྱིན་གྲུབ་པར་བྱས། ༡༩༨༤ཤིང་བྱི་ལོར་སྨོན་རྒྱལ་གོ་ལམ་གཡུང་དྲུང་གླིང་དུ་ཌཱཀི་མ་སྟོན་འཁོར་བཅས་དབལ་དགོན་ནས་མཆོད་ཆས་སོགས་གྲ་སྒྲིག་མཛད་དེ་བསྟན་འགྲོའི་དོན་ཆེ་བར་དགོངས་ནས་འདྲུད་འཐེན་འཁོར་ལོ་ཞིག་བཏང་བཅོལ་ཏེ་ཆིབས་བསྒྱུར་མཛད་ནས་སྨོན་རྒྱལ་ཕྲིན་ལས་དགོན་པ་གོ་ལམ་བཤད་སྒྲུབ་གཡུང་དྲུང་གླིང་དགོན་ཆོས་སྒོ་ཕྱེས་ནས་དགྱེས་སྟོན་ངང་བཀྲ་ཤིས་རབ་གནས་ལྷ་སྲུང་ཕྲིན་བཅོལ་བསྟན་རྒྱས་སྨོན་ལམ་སོགས་མཛད་ནས་གྲུབ་མཐའ་སོ་སོའི་སྡེ་འབངས་རྣམས་ལ་ཅི་འདོད་རེ་བ་བསྐོང་བར་མཛད། དེ་སྐབས་གྲྭ་བ་ལྔ་ཙམ་བྱས་ཡོད་ཀྱང་ཕྱིས་གཞན་སྡེའི་ཕྱོགས་སུ་ལོག་འདུག ཕྱི་ལོ་ཤིང་གླང་དགུང་ལོ་ལྔ་བཅུ་བོད་ཟླ་༦ཚེས་༡༧ཉིན་གསེར་རྟ་བླ་རུང་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་དགོས་པ་སྣ་ཚོགས་ཀྱིས་དོན་ཆེན་རྟེན་འབྲེལ་བཟང་པོ་དང་ཁོང་གི་རྟེན་འབྲེལ་ལུང་ཟིན་གྱིས་བརྡའ་རྟགས་བཀའ་ཕེབས་སྤྱི་བོར་གནང་ཚེ་ཌཱཀི་མཁའ་སྤྱོད་དབང་མོས། མཁན་སྤྲུལ་ས་ཆེན་པོས་ཐེག་པ་དཀའ་བ་བརྒྱ་ཕྲག་ལྷག་དང་། སེར་སྐྱ་དད་ལྡན་ཕོ་མོ་སྟོང་ཙམ་གྱི་ཁྲོད་དུ། སྔོན་ཀྱི་སྨོན་ལམ་གྱི་མཐུ་དུས་སུ་སྨིན་པས། གནས་ཆེན་ནོར་བུ་ཡང་རྩེའི་ཤར་ཕྱོགས་བྲག་རི་གདོང་ནས་འཇའ་རིའི་འཁྱིལ་ཞིང་རྒོད་ཐང་དཀར་དུ་མས་རི་ལ་གཡས་སྐོར་མཛད་པ་དང་རོལ་མོའི་སྒྲ་སོགས་སྙན་འཇེབས་ཐོས་པས་དེ་བཞུགས་ལྷན་རྒྱས་དད་སྤྲོ་འཕེལ་བཞིན་ཚོགས་ཀྱི་དངོས་གྲུབ་བླང་བ་དང་བྲག་ངོས་ཁང་རྩེགས་གཉིས་ལྷག་ཙམ་གྱི་ངོས་ནས་ཨོ་རྒྱན་རིན་པོ་ཆེའི་སྐུ་ངོ་མཚར་ལྡན་པ་ཁྲོམ་གཏེར་དུ་བཞེས་ནས་ཡོངས་ལ་གཏེར་དབང་གནང་བ་མ་ཟད་སྐུ་དེ་ཉིད་མཁན་འཇིགས་མེད་ཕུན་ཚོགས་ལ་བསྩལ་བས་ཐུགས་དགྱེས་ཚོར་ཆེན་པོས་དེ་བཞུགས་སློབ་ཚོགས་ཡོངས་ལ་གྲུབ་མཐའི་ཆགས་སྡང་སྤོང་དགོས་ཚུལ་དང་མཁའ་འགྲོ་མ་འདི་ཉིད་ཡེ་ཤེས་མཚོ་རྒྱལ་དངོས་བྱོན་ཡིན་པ་མཐོང་ཐོས་མངོན་གྱུར་འདི་དང་བན་བོན་བར་ཐུགས་མཐུན་ཁྲིམས་གཙང་དགོས་རིགས་བཅས་བཀའ་སློབ་ཟབ་རྒྱས་སོགས་མཛད་པས་མཁའ་འགྲོའི་འགྲོ་དོན་འདིའི་སྐོར་རྐྱང་པའི་རྣམ་པ་ཐར་པའང་བརྗོད་ལས་འདས་པ་ཞིག་རེད། ལོ་དེར་སྨོན་རྒྱལ་དགོན་དུ་ལྷ་སྲས་མཆོག་གིས་ལྷ་ཆེན་གསུམ་སོགས་ལྷ་སྐུ་ཅི་རིགས་སྨན་འདམ་ལས་གྲུབ་པ་སྐུ་དུ་མ་བཞེངས་བཞིན་སྐབས་ཁོང་རིན་པོ་ཆེ་ལ་མཁའ་འགྲོའི་ལུང་གིས་བསྐུལ་བས་ཤར་རྨ་རྒྱ་པོམ་རར་གནས་གཏེར་ཀྱི་འགྲོ་དོན་ཡོད་པར་ཐོག་མ་སྨོན་རྒྱལ་དགོན་དུ་ཆིབས་བསྒྱུར་གནང་བ་ལ་སེར་ཕྲེང་ཉི་ཟེར་ཞགས་པས་སྣ་དྲངས་ཏེ་དགོན་དུ་ཞབས་སོར་འཁོད་ནས་སྨོན་སྲས་ལྕམ་དྲལ་དང་ཡོངས་འཛིན་རྒྱལ་ཚབ་རིན་པོ་ཆེ་དེའི་སྐབས། ལྷ་ཆེན་གཟུངས་གཞུང་གི་དབུ་མཛད་གནང་བཞིན་སྨོན་དགོན་དུ་བཞུགས་པའི་ཁོང་རྣམས་ཞག་ཤས་དགྱེས་སྟོན་གནང་ནས་བཞུགས་པར་མཛད། དེའི་མཚམས་ཟླ༩ཚེས༩པོམ་རར་དཔོན་གཡོག་གསུམ་བྱས་ནས་ཆིབས་བསྒྱུར་གནང་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོའི་སྐུ་ཞལ་ཕྱག་སྟོང་ཅན་གྱི་སྐུའི་མཚན་དཔེ་ལྡན་པ་པད་གདན་གཡས་གཡོན་དུ་འཇམ་དབྱངས་དང་ཕྱག་རྡོར་གཉིས་ཀྱི་སྐུ་ནས་འབྲུ་ཙམ་རེ་ཡོད་པ་སྤྱན་དྲངས་ནས་སྤྱིར་ཉག་རོང་ཡུལ་གྱི་བསྟན་སྐལ། སྒོས་གཟི་ལྷ་འབུམ་དགོན་དུ་བསྟན་སྐལ་གནང་བས་མཆོག་སྤྲུལ་རྡོ་ལོ་གཙོས་དགོན་དེའི་སེར་སྐྱ་ཡོངས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་ལོ་རེར་མ་ཎི་དུང་སྒྲུབ་རེ་འཚོགས་རྒྱུ་དམ་བཅའ་ཕུལ་བས་འགྲོ་དོན་རབ་ཏུ་འཕེལ། ཟླ༩ཚེས༢༦མགོ་ལོག་པད་མ་རྫོང་གི་གནས་ཆེན་སྒོ་མང་གནས་ནས་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་མཁའ་འགྲོ་ཏཱ་རེ་ལྷ་མོ་ཡབ་ཡུམ་དང་བླ་སེར་བརྒྱ་བོད་ཆིག་སྟོང་བརྒྱད་བརྒྱ་ང་བདུན་གྱི་ཁྲོམ་ཚོགས་དཀྱིལ་ནས་ཨོ་རྒྱན་པད་མས་དམ་སྲི་འདུལ་བའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་རྭ་གདེང་མཐོ་གང་ཅན་གཏེར་དུ་སྤྱན་དྲངས་ནས་དེར་གནས་འཁོར་ཚོགས་ལ་དབང་བསྐུར་བྱིན་རླབས་མཛད། མཚོ་སྔོན་མགོ་ལོག་དུང་དཀར་དགོན་གྱི་མཆོག་སྤྲུལ་འཇིགས་མེད་ཕུན་ཚོགས་ཡབ་ཡུམ་ལ་རྟེན་སྐལ་དུ་གནང་བའོ། །༡༩༨༦མེ་སྟག་ལོར་དགུང་ལོ་༥༡ཐོག་དབལ་ཁྱུང་དགོན་གྱི་གཙུག་ལག་ཁང་གསར་སྐྲུན་མཛད་ཅིང་ལྷ་སྲས་སྟོན་འཁོར་བཅས་མཉམ་དུ་ཀོང་ཡུལ་དུ་ཕེབས་པས་བོད་ཟླ༧ཚེས༢༩ཉིན་ཀུན་བཟང་ཐུགས་ཀའི་འོག་གི་གླང་ཆེན་འགྱིང་རིའི་གནས་ཚབ་ཡིན་པ་ངོས་འཛིན་བྱས་ཏེ་རྒྱ་ཕྱི་ནང་ནས་ཕེབས་པའི་སེར་སྐྱ་བརྒྱ་དང་ལྔ་བཅུ་ལྷག་གི་དཀྱིལ་ནས་ཁྲོམ་གཏེར་དུ་ཚེ་དཔག་མེད་དང་རྡོ་རྗེ་བཅས་བཞེས་ནས་དབང་བསྐུར་བྱིན་རླབས་སོགས་གནད་སྨིན་མཛད་པ་བཅས་གནས་གཏེར་འགྲོ་དོན་གྲུབ་ནས་ལྷ་ལྡན་དུ་ཞབས་སོར་འཁོད་ནས་གཙུག་ལག་ཁང་སོགས་ལ་མཆོད་ཚོགས་རྒྱ་ཆེར་གནང་། དེའི་སྐབས་སྨྲ་དབང་བསྟན་འཛིན་རྣམ་དག་བོད་དུ་ཆིབས་བསྒྱུར་ཐོག་མར་གནང་བ་དང་ཁེལ་བའི་མཇལ་འཕྲད་དང་བཀའ་མོལ་རྒྱ་ཆེར་བྱུང་བ་མ་ཟད་དཔོན་སློབ་ཀྱིས་གསུང་དོན་དེང་སྐབས་གཡུང་དྲུང་བོན་ལ་ཞིབ་འཇུག་གནང་མཁན་རྒྱ་ཕྱི་ནང་ཀུན་ལ་མང་བས་ཆེས་གལ་ཆེ་ཤོས་ནི་དཔྱད་གཞི་ཡིག་ཆ་མཁས་པ་མི་བཞིའི་ཕྱག་བྲིས་ཞིག་གཏེར་དུ་དྲང་རྒྱུ་ཡོད་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པས་གཡུང་དྲུང་བོན་གྱི་བསྟན་པར་ཕན་ཐོག་ཆེན་པོ་ཡོད་པའི་བཀའ་བསྩལ་བ་ལ་ལན་དུ་ཌཱཀི་མ་མཆོག་གིས་མཁས་བཞིའི་ཕྱག་བྲིས་དངོས་པོ་མ་ཉམ་པ་གངས་རྒྱལ་ཏི་སེ་ལ་ཡོད་འདུག་པས་གཏེར་དུ་དྲང་ཆོག་པ་རེད་གསུངས་པས་རྗེས་དུས་ཚོད་དང་བསྟུན་ནས་བཞེས་རྒྱུ་བཀའ་མོལ་གནང་ཡང་ཕྱི་ལོར་དགོངས་པ་རྫོགས་པས་རང་རེ་བོན་འབངས་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་རེད། སྨན་སློབ་མཆོག་ལ་ཀུན་གྲོལ་༧ཧཱུྃ༔ཆེན་འགྲོ་འདུལ་གླིང་པའི་མགུལ་རྒྱན་རིན་པོ་ཆེ་གཟི་མཆོང་སྨུག་ནག་དབྱིབས་ཟུར་གསུམ་པ་ཞིག་ཕུལ་བས་བལ་ཡུལ་ཁྲི་བསྟན་ནོར་བུ་རྩེའི་གཙུག་ལག་ཁང་གི་ནང་བསྟན་གྱི་གཙོ་བོ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་སྐུ་སྨན་འདམ་ལས་བསྐྲུན་པའི་ནང་གཟུངས་སུ་བཞུགས་སུ་གསོལ་ཡོད་ཅེས་ཡོངས་འཛིན་གསུང་འབུམ་པོད་༤ལྡེབ༢༤༧ལས་གསལ། དེ་ཕྱོགས་འགྲོ་དོན་གྲུབ་ནས་ཁྱུང་ཡུལ་དུ་ཞབས་སོར་འཁོད་དེ་ཨ་ཅེ་ཌཱཀི་ཚེ་དབང་དཔལ་མོ་སྲས་ལྕམ་དྲལ་མཇལ་འཕྲད་དགྱེས་འཛོམས་བྱུང་བ་དང་གཡུང་དྲུང་དཔལ་རིར་ཉི་མ་ཚུལ་ཁྲིམས་སྐུ་གདུང་ཞུགས་ལ་ཕུལ་བའི་བླ་མ་མཛད་ཅིང་དབུ་ཡང་ལ་ཐུགས་རྗེས་ཀུན་སྒྲོལ་གྱི་རང་བྱོན་ཕེབས་པ་རྗེས་འཇུག་བུ་སློབ་བཅས་ལ་ངོ་སྤྲོད་གནང་ཞིང་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་ཏུ་གནས་གཏེར་འགྲོ་དོན་དུ་ཕེབས་པར་ཀུན་གྲོལ་ནམ་མཁའ་དབང་ལྡན་སོགས་ཀྱིས་བསྐྱེལ་མ་དང་བསྙེན་བསྐུར་རྒྱ་ཆེན་གནང་མོས་རྩེ་སྤྲུལ་རིན་ཆེན་རྒྱལ་མཚན་སོགས་ཧོར་ཁྱུང་བླ་སྤྲུལ་སྐྱར་སེར་ཆིག་བརྒྱ་བདུན་བཅུ་ལྷག་གི་ཁྲོད་ནས་གཏེར་སྣ་བཅུ་ཁྲོམ་གཏེར་བཞེས་ཤིང་དེ་གནས་སློབ་ཚོགས་ཡོངས་ལ་དབང་བསྐུར་བྱིན་རླབས་དགེ་སྒྲུབ་སྡིག་སྤོངས་ཀྱི་མཛད་པ་རླབས་པོ་ཆེ་དང་དགོན་གནས་བཅས་ལ་རབ་གནས་སོགས་གྲུབ་ནས་རང་དགོན་དུ་ཞབས་སོར་འཁོད། སྙིགས་དུས་མགོན་མཆོག་བསྟན་འགྲོའི་དཔལ་ཡོན་སྐྱབས་རྗེ་མཚུངས་མེད་སྨོན་ལྕམ་རྗེ་བཙུན་མ་ཌཱཀི་མཁའ་སྤྱོད་དབང་མོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་འཇིག་རྟེན་ཁམས་སུ་གནས་པའི་སྐྱེ་འགྲོ་ཡོངས་དང་སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་སྐྱེ་འགྲོ་མཆོག་དམན་ཐ་དག་གི་རྟེན་མཆོག་ནོར་སྐལ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མདོ་འབུམ་རྒྱུད་མཛོད་བཞི་ལ་པོད་བརྒྱ་དང་དོན་བརྒྱད་ཀྱི་བདག་ཉིན་ཅན་རྗེས་བཞག་གནང་། སྨན་རིའི་ཡོངས་འཛིན་སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེས་དེ་རྗེས་བྷོ་ཊེ་ཀླ་ཀློ་དང་བསྡོངས་ཏེ། སངས་རྒྱས་གཡུང་དྲུང་བོན་བསྟན་བཤིག་པའི་ཚེ། དུས་མཐུན་འགྲོ་བ་བྲ་བྱིའི་ལུས་སྨོན་ཙམ། སྐྱེ་དགུའི་བདེ་སྐྱིད་མཁའ་ལ་ཡན་པར་གྱུར། མཁའ་སྤྱོད་ཞིང་ནས་ཕེབས་པའི་མཁའ་འགྲོ་སྟེ། མཁའ་སྤྱོད་དབང་མོ་ཉག་མི་སྐུ་འཁོར་གྱིས། གསུང་རབ་རིན་ཆེན་སྣ་མང་འདུས་པ་ཡི། རྒྱལ་བསྟན་སྲོག་དང་བསྡུས་ཏེ་སྐྱོང་མཛད་པ། ཁྱེད་རྣམས་བསྟན་པ་རིན་ཆེན་སྲོག་འཛིན་ཏེ། བསྟན་པ་འཛིན་པའི་སྐྱེས་མཆོག་ངེས་བྱོན་ལ། བདག་ཅག་བོན་ལ་དད་པའི་སྐྱབས་ཀྱི་ཡུལ། ཞེས་དང་། ཁྱད་པར་མཁའ་སྤྱོད་ཞིང་གི་མཁའ་འགྲོ་མ། མཁའ་སྤྱོད་དབང་མོ་ཉག་མི་སྐུ་འཁོར་རྣམས། སྙིགས་དུས་བསྐལ་ཁུག་གསོ་བའི་སྒྲོན་མེ་སྟེ། གང་ན་བཞུགས་པ་དག་ལ་སྙིང་ནས་འདུད། ཅེས་སོགས་གསུངས། དམ་པ་མཆོག་གི་རྗེས་བཟུང་རིས་མེད་སློབ་ཚོགས་བརྗོད་མཐའ་བྲལ་བ་ལས་བླ་སློབ་ཟུང་འབྲེལ་དུ་གྱུར་པ་རེ་ཟུང་དང་བཅས་སྐྱེས་ཆེན་ཁག་ས་བཅད་མི་བཏང་བ་ཙམ་ཞིག་འགོད་པ་ལ། སྨན་རིའི་ཡོངས་འཛིན་སྨྲ་དབང་བསྟན་འཛིན་རྣམ་དག གཏེར་སྲས་ལྔ་ལས་ཆུང་ཤོས་སྨོན་རྒྱལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ། ཤར་རྫའི་རྒྱལ་ཚབ་དམ་པ་མཐུ་སྟོབས་རྣམ་རྒྱལ་། བྱུ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད། ཁྱུང་པོ་རི་ཁོའམ་ཐུགས་རྗེ་གླིང་པ། ཁྱུང་བླ་ཉི་མ་ཚུལ་ཁྲིམས་ཀྱིས་དམ་པ་ཁོང་གི་དགོངས་རྟགས་ལ་རྟེན་ནས་མདོ་སྨད་སྤྲུལ་སྐུ་བཞི་ཙམ་ངོས་འཛིན་མཛད། སྨོན་སྲས་ནམ་མཁའ་དབང་ལྡན་ཡང་ཧཱུྃཿཆེན་སྤྲུལ་སྐུར་ངོས་འཛིན་གནང་བ་དང་ཞབས་བརྟན་འདི་ལྟར་བྱས། ཨེ་མ་ཧོ། འཛམ་གླིང་བོན་གྱི་གཙུག་རྒྱན་རིན་པོ་ཆེ། དྲན་པའི་རྣམ་སྤྲུལ་ཧཱུྃཿཆེན་སྤྲུལ་པའི་སྐུ། ནམ་མཁའ་གླིང་པའི་བསྟན་པ་མེ་གསོ་ཞལ། ཇི་སྲིད་བསྐལ་བརྒྱའི་བར་དུ་རྟག་བརྟན་ཤོག བྱ་བྲལ་གཡུང་དྲུང་བསྟན་འཛིན། དབྲ་སྲས་ཟླ་གྲགས་ཡང་སྲིད་ནམ་མཁའ་འོད་ཟེར། སུ་ལ་གཡུང་དྲུང་དབང་རྒྱལ། དབལ་ཁྱུང་བླ་མ་གཡུང་དྲུང་དོན་འགྲུབ། རྒྱ་ཚོགས་སྤྲུལ་སྐུ་རིག་འཛིན་རྣམ་རྒྱལ། སྨོན་རྒྱལ་དགེ་སྦྱོང་ཚེ་བརྟན་རྡོ་རྗེས་སྨོན་ལམ་ཞིག་གསུང་རོགས་ཞུས་འཕྲལ་ཤོག་བུ་དང་སྨྱུ་གུ་ཁྱེར་ཤོག་གསུངས་ནས་ཐོལ་བྱུང་དུ།
ཀ་དག་སྤྲོས་མྱེད་བོན་གྱི་མཁའ་དབྱིངས་ནས། རྒྱལ་ཀུན་གཅིག་བསྡུས་ཧཱུྃཿཆེན་བླ་མ་མཁྱེན། རྩེ་གཅིག་གསོལ་བཏབ་རེ་འབྲས་བདག་ལ་སྨིན། མཁས་གྲུབ་དོན་གཉིས་འགྲོ་དོན་མཐར་ཕྱིན་ཤོག གཞན་སྡེའི་ཕྱོགས་སུ་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས། གཟི་ལྷ་འབུམ་དགོན་གྱི་མཆོག་སྤྲུལ་རྡོ་ལོ། ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་དང་མཁའ་འགྲོ་ཏཱ་རེ་ལྷ་མོ། ཞེ་ཆེན་བླ་མ་དགེ་འཕེལ། ཡེ་ན་དགོན་གྱི་མཆོག་སྤྲུལ་ལྷ་དགའ། ཡིད་ལྷུང་གཡག་ཟེ་མཁན་པོ་བསོད་རིན་ལ་སོགས་མདོ་སྟོད་སྨད་བར་དུ་ཤིན་ཏུ་མང་བས་ཡིག་ཚོགས་འཇིགས་ཕྱིར་དེ་ཙམ་གྱིས་ཆོག་པར་བྱས། དེ་ལྟར་བསྟན་འགྲོའི་དོན་གྲུབ་ནས་སྤྱི་ལོ༡༩༨༧ཏེ་དགུང་ལོ་ང་གཉིས་མེ་ཡོས་ལོར་རྟག་འཛིན་ཅན་རྣམས་སུན་ཕྱུང་དགེ་ལ་བསྐུལ་བའི་ཕྱིར་དུ་བོད་ཟླ༢པའི་མཁའ་འགྲོ་འདུ་བའི་ཉིན་མོ་སྟེ་ཚེས་༢༥ ཉིན་ཤེལ་གདན་སྟེང་དབལ་ཁྱུང་བླ་བྲང་དུ་དགོངས་པ་བོན་ཉིད་དབྱིངས་སུ་བསྡུས། བླ་མ་གཡུང་དྲུང་དོན་འགྲུབ་གཙོས་དབལ་དགོན་གྱི་བླ་གྲྭ་རྣམས་དང་ཕྱོགས་གང་སར་ནས་ཕེབས་པའི་བླ་སྤྲུལ་རྣམས་པས་དགོངས་རྫོགས་ཀྱི་མཆོད་ཚོགས་ལུགས་མཐུན་བསྙེན་བཀུར་རྒྱ་ཆེན་མཛད། སྨོན་རྒྱལ་ལྷ་སྲས་རིན་པོ་ཆེ་རྒྱ་གར་དུ་བཞུགས་པར་ཞལ་པར་ལམ་ནས་གསན་པར་བྱས་ཏེ་ཁོང་ཉིད་ཉག་ཡུལ་དུ་ཞབས་སོར་འཁོད་ནས་རྟོགས་ལྡན་དགོན་གྱི་བླ་མ་ནམ་མཁའ་བསྟན་འཛིན་གདན་འདྲེན་ཞུས་ཏེ་སྐུ་གདུང་རིན་པོ་ཆེ་ཞི་ཁྲོ་དགོངས་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཞུགས་ལ་ཕུལ་སྐབས་མེ་རང་འབར་དང་འཇའ་ཚོན་གྱིས་ནམ་མཁར་གང་བ་བྱ་རྒོད་དུ་མའི་ལྡིང་སྐོར་མཛད་པ་སོགས་མཚན་རྟགས་དུ་མས་སྤྲས་པའོ། །མཆོག་གི་གདུང་རྟེན་དུ་ལྷ་སྲས་རིན་པོ་ཆེས་བལ་ཡུལ་ནས་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དངུལ་ལས་གྲུབ་པ་གདན་དྲངས་ཏེ་གཟུངས་འབུལ་མངའ་དབུལ་རྒྱས་འབུལ་ཞུས་ཏེ་ད་ལྟ་རྒྱ་ནག་གཡུང་དྲུང་ལྷ་རྩེ་དགོན་དུ་གདན་དྲངས་ཏེ་བཞུགས་སུ་གསོལ་བ་དང་། དབལ་དགོན་དུ་བླ་མ་གཡུང་དྲུང་དོན་འགྲུབ་དང་ཕུན་ཚོགས་དཔལ་སྒྲོན་གཙོས་པས་དམ་པ་ཁོང་གི་ཕྱག་རྫས་ཀྱིས་རིན་ཆེན་གསེར་ཟངས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་སྲིད་ན་དཀོན་པ་ཞིག་བཞེངས། རྙིང་མའི་དགོན་པ་གཟི་ལྷ་འབུམ་དགོན་དུ་མཆོག་སྤྲུལ་རྡོ་ལོའམ་པད་མ་འགྱུར་མེད་རྣམ་རྒྱལ་གྱིས་ཟངས་མདོག་དཔལ་རིའི་ལྷ་ཁང་ལེགས་པ་ཞིག་བསྐྲུན་ཏེ་ནང་རྟེན་དུ་འདྲ་སྐུ་མཁའ་སྤྱོད་དབང་མོའི་སྐུ་སྨན་འདམ་ལས་གྲུབ་པ་དང་གསེར་གདུང་བཀོད་པ་རྙིང་མས་ལུགས་ལྟར་བཞེངས་པ་བཅས་སོ། །
དེ་ལྟར་གཏེར་སྟོན་ཆེན་མོ་སྨོན་ལྕམ་རྗེ་བཙུན་མཁའ་སྤྱོད་དབང་མོའི་རྣམ་པ་ཐར་པ་ཕྲན་ཆུང་ལྟ་བུས་འབྲི་འོས་པ་དང་འབྲི་བའི་ཡོན་ཏན་མེད་རུང་། གོང་གི་སྐུ་ཚ་དམ་པ་སྨོན་སྲས་མཁྱེན་རབ་ནམ་མཁའ་རང་གྲོལ་ཉི་མ་རྒྱལ་མཚན་མཆོག་གིས་བཀའ་ཡི་ཞལ་ཆབ་སྤྱི་བོར་ཡང་ཡང་སྩལ་བས་བཏང་སྙོམས་མ་ཕོད་ནས་དམ་པ་མཆོག་གི་རྣམ་ཐར་རྒྱ་མཚོའི་འཇིང་ལས་རྩ་རྩེའི་ཟིལ་ཐིག་ཙམ་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་ནས་མི་ལོ་༣༠མཚམས་སུ་གདོང་ངན་ཞེས་པ་མེ་སྤྲེལ་ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་གོ་ལམ་བཤད་སྒྲུབ་གཡུང་དྲུང་གླིང་ནས་ཨ་ཁོད་ཚེ་དབང་དངོས་གྲུབ་ཀྱིས་གྲུབ་པ་བགྱིས་པ་འདིས་ཀྱང་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་བསྟན་པ་རྒྱས་པའི་ཆ་རྐྱེན་དུ་འགྱུར་བར་ཤོག་གི་སྨོན་པ་དང་ཆབས་ཅིག་ནོངས་པ་ཅི་མཆིས་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་མཐོལ་ལོ་བཤགས་སོ་བཟོད་པར་གསོལ། དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག །མངྒ་ལམ། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།