中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སྔོན་བྱོན་མཁས་དབང་། >
༄༅།། གཡུང་དྲུང་བསྟན་པའི་ཉི་མ།
དུས་ཚོད།2019-04-24 10:34:30     རྩོམ་གྱི་ཡོང་ཁུངས།ཧི་མ་ལ་ཡའི་བོན། རྩོམ་པ་པོ། དཔལ་ཆེན་དབང་ཕྱུག    ཆུང་། | འབྲིང་། | ཆེ།
ལྔ་སྙིགས་དུས་ཀྱི་མུན་པ་ཆེས་བདོ་ཡང་།།
ངེས་གསང་སྒྲུབ་བརྒྱུད་དོན་གྱི་ཟེར་མདངས་ཀྱིས།།
འགྲོ་ཀུན་ཐར་ལམ་པདྨོ་འཛུམ་མཛད་པའི།།
གཡུང་དྲུང་བསྟན་པའི་ཉི་མ་གཙུག་ཏུ་བསྙེན།།
དམ་པའི་མཛད་འཕྲིན་གནད་བསྡུས་ཤིག །
 ཕྱི་རབས་རྗེས་འཇུག་བགོ་སྐལ་དུ།།
འཁྱོག་བརྗོད་ཚིག་གིས་མ་བཅོས་པར།།
མདོར་བསྡུས་ཙམ་ཞིག་གླེང་བར་བྱ།།
   དེ་ཡང་སྐབས་འདིར་འཆད་པར་བྱ་བ་དགོན་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མ་འམ་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་སྒོ་མཐའ་ཡས་པའི་ཚུལ་རྣམས་ཇི་ལྟ་བ་བཞིན་བརྗོད་པའི་ནུས་པ་ཕྲ་བ། རང་ལ་སྐྱེས་སྦྱངས་ལས་བྱུང་བའི་ཤེས་རབ་གསུམ་གྱི་དབུལ་ཞིང་ཤེས་བྱ་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་ནུས་པ་ཆ་ཕྲ་བས་རྣམ་ཐར་རྗེས་དྲན་འདི་ལྟ་བུ་རྩོམ་པའི་འོས་སུ་གྱུར་པ་མ་ཡིན་ཀྱང་། དེང་དུས་དམ་པའི་བཀའ་དྲིན་དང་ཡོན་ཏན་རྗེས་དྲན་འདི་མི་རྒན་རྣམས་ཀྱི་ངག་རྒྱུན་བཞིན་ཡིག་ཐོག་ཏུ་ཕྲན་ཙམ་བཀོད་པ་ལ་རྒྱས་པར་སྤྲོས་ན་བརྗོད་ལས་འདས་པ་ཡོད་ཀྱང།  མདོར་བསྡུས་པ་ཙམ་ཞིག་བཀོད་པའོ།།
༡ སྔོན་བྱུང་གི་སྐྱེ་རབས་མདོ་ཙམ་བསྟན་པ།
༢ འཁྲུངས་སའི་ཡུལ།
༣ སྤྲུལ་སྐུ་ངོས་འཛིན་གནང་སྟེ་འབྲི་འདོན་བསླབ་ཏེ་ཁྲི་བཀོད་མཛད་པ།
༤ བོན་སྒོར་འཇུག་ཅིང་སྒོམ་སྒྲུབ་མཛད་དེ་བསྟན་པ་སྐྱོང་ཚུལ།
༥ དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་སྐོར་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ།    
   དང་པོ། རག་ཤི་ཉི་མ་རྒྱལ་མཚན་ནི་འབྲི་ལྗོངས་གཡང་གི་ཕྱུག་མོ་རྒྱལ་ཤོད་སྟག་པ་ཚལ་ཁུལ་སུམ་ཡུལ་བོན་ལུང་སྐྱ་མོའི་ལྟེ་བ་སུམ་ཙ་རག་ཤི་བླ་བྲང་སྲས་ཉི་མ་རྒྱལ་མཚན་གྲུབ་པའི་རྩལ་གསུམ་རྫོགས་པའི་སྐྱེས་བུ་ཁྱད་པར་འཕགས་པ་ཅན་ཞིག་ཡོད་པ།རྟོགས་ལྡན་རི་པ་འབྲུག་སྲས་སྐུ་འཚོ་བཞུགས་སྐབས་རྒྱལ་ཚབ་ཆོག་པར་དགོངས་ཏེ། སེམས་ཅན་གྲོལ་ཐབས་ལ་ང་ཡི་ཕྲེང་བ་འདི་ཉི་ཟེར་ལ་བཀལ་ཏེ་གཡོ་འགུལ་མེད་ན་ཁྱེད་ང་ཡི་རྒྱལ་ཚབ་ཆོག་གསུང་། ཕྲེང་བ་ཉི་ཟེར་ལ་བཀལ་ཏེ་གཡོ་འགུལ་མེད་པ་དྲང་ངེ་བསྡད།  རྟགས་དང་རྟེན་འབྲེལ་དེ་ལ་བརྟེན་ནས་ཁོང་གི་རྒྱལ་ཚབ་ངོས་འཛིན་གནང་ཡོད་པ་བཤད་གི་འདུག དེ་རྗེས་བུ་ཆུ་ཉི་མ་བསྟན་རྒྱལ་ཁོང་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཞབས་བཅག་སའི་གནས་ཐུགས་སྤྲུལ་བོན་རིའི་ཆེན་པོའི་ལྷོ་ཕྱོགས་སུ་བུ་ཆུ་གྲོང་དུ་ཉི་མ་བསྟན་རྒྱལ་རིན་པོ་ཆེ་སྐུ་གཏམས། ཁོང་བླ་རབས་གོང་མའི་ཕྱག་ཕྲེང་དང་བྱ་ཤང་པའི་རྐང་དུང་སོགས་ཀྱི་དགོ་ནས་ངོས་འཛིན་གནང་ཡོད་པ་རེད། ཁོང་གི་འཁྲུངས་ཡུལ་ཡང་ད་ལྟ་བུ་ཆུ་གྲོང་པ་ཟེར་གྱི་ཡོད།
   གཉིས་པ། བླ་རབས་བཞི་བའི་འཁྲུངས་སའི་ཡུལ། ཀུན་མཁྱེན་བླ་མ་དམ་པ་འཁོར་འདས་རང་དབང་ཐོབ་པའི་སྐྱེས་མཆོག ཚུལ་ཁྲིམས་རྒྱལ་མཚན་ནམ་མཚན་ཡོངས་སུ་གྲགས་པ་གཡུང་དྲུང་བསྟན་པའི་ཉི་མ་ཞེས། འཁྲུང་ཡུལ་གནས་མཐོ་ས་གཙང་གི་རང་བཞིན། གཡང་རྭ་སྒོ་བཞིའི་ཐོན་ཁུངས། དྭངས་གཙང་ཆུ་བོའི་རླབས་ཕྲེང་ལྷུང་ལྷུང་དུ་འབབ་པ།  རི་ལུང་ཀུན་ལྟ་ན་སྡུག་པའི་ནེའུ་གསིང་སྤང་ལྗོངས་ཚང་ཚིང་ནགས་ཚལ་བརྗིད་ཉམས་ལྡན་པའི་འབྲོག་སྡེ།  དགོན་གནས་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཡི་དམ་སྟག་ཕུར་གནས་མཆོག་དགའ་རིའི་ཞོལ་དུ་གཙང་མ་དིའུ་ལྟག་ཅེས་བྱ་བ། ཚག་པ་བེར་སྐྱོང་ཚང་གི་སྲས་ཡབ་ཚག་པ་དཔལ་མཆོག་དང་། ཡུབ་ཞུ་བཟའ་ཨ་མེར་རམ་གཡང་འཛིན་གཉིས་ཀྱི་སྲས་སུ་། བོད་ཤིང་འབྲུག་ལོ་སྤྱི་ལོ་༼༡༩༠༥༽ཟླ་ཚེས་བཟང་པོ་ལ་མ་གྱུར་འགྲོ་བའི་དོན་དུ་གཟུགས་སྐུ་པད་མོ་མངོན་པར་བཞད། སྲས་འཁྲུངས་སྐབས་མཚན་རྟགས་བྱུང་བའི་ལོ་རྒྱུས་བཤད་སྲོལ་ལ།  ལྷོ་ཤར་ངོས་ནས་བྱ་རྒོད་ཞིག་འཕུར་ནས་ཁང་སྟེང་བབས།  ནང་མི་རྣམས་ཀྱིས་བྱ་རྒོད་ཁང་སྟེང་ལ་བབས་པ་འདི་འཆི་ལྟས་རེད་ཟེར་ནས་ཐན་ལ་བརྩིས་ཏེ་རྒྱག་རྡུང་བྱས། འཕུར་མ་འདོད་གཟིམ་ཁང་མཁའ་ཉིན་འགའ་ཡི་རིང་བསྡད་པ་དང།      དེ་མཚམས་གཡོག་མོ་ཡིས་ཆུ་ཁུར་ཏེ་ནང་དུ་བསླེབས་རྗེས་ཆུ་ཟོ་གོང་གི་ཆུ་བོ་དེ་འོ་མར་འགྱུར་བ་དང་། ནམ་མཁའ་ལ་འཇའ་འོད་སྣ་ལྔའི་གུར་ཕུབ་པ་འཇའ་སྣེ་གཅིག་གཟིམ་ཁང་ཁ།  སྣེ་གཅིག་བྱ་རྒོད་མདུན་དུ་ཟུག་པ་སྲས་སྐྱེས་པ་དུས་མཉམ་བྱུང་། ནང་མི་དང་ཡུལ་མི་ཀུན་ཁོ་ཚོ་ངོ་མཚར་སྐྱེས་ཏེ་ཕྲུ་གུ་འདི་སྤྲུལ་པའི་སྐུ་མཆོག་གཅིག་ཡིན་ཟེར་གྱི་ཡོད། གསུམ་སྤྲུལ་སྐུ་ངོས་འཛིན་གནང་ཞིང་འབྲི་འདོན་བསླབ་ཏེ་ཁྲིར་བཀོད་མཛད་ཚུལ་ནི།  ཞུ་བསྟན་པ་ལྷུན་འགྲུབ་ཀྱིས་ལུང་བསྟན་ལ་ང་ཚོ་རྒྱལ་ཤོད་ཡུལ་ལ་ཡབ་ནི་དཔའ་ཡི་མཚན་ཅན་དང་ཡུམ་ནི་ཨ་ཡི་མཚན་ཅན་གཉིས་ལ་སྤྲུལ་སྐུ་གཅིག་འཁྲུངས་ཀྱི་ཡོད་པར་གསུང་།  དགུང་གྲངས་བཞིའི་སྐབས་སྤ་ཉི་མ་འབུམ་གསལ་གྱིས་གྲྭ་ས་ཀོང་པོ་སྲིད་རྒྱལ་དགོན་ཆེན་གྱི་དབུ་བླ་བུ་ཆུ་ཉི་མ་བསྟན་རྒྱལ་གྱི་སྐུ་སྐྱེ་རྒྱལ་ཤོད་ལ་བུ་འབྲུག་ལོ་ཅན་གཅིག་ངོས་འཛིན་བྱེད་དགོས་གསུང་། དེ་ནས་གྲྭ་ས་དགོན་ཆེན་གྱི་གྲྭ་བ་དང་དབུས་ཕུག་མཚམས་པ་རྣམ་གཉིས་བཅས། དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་ཉིན་དུ་མའི་རིང་རྟ་དྲེལ་ཆིབས་ཏེ་ཁོང་རྣམ་པ་རྒྱལ་ཤོད་སན་ཚ་ནས་རིམ་བཞིན་ཡ་གོང་སྲིབ་ཐ་ཚག་པ་བེར་སྐྱང་གི་སྲས་ཡབ་དཔལ་མཆོག་དང་། ཡུམ་ཞུ་བཟའ་གཡང་འཛིན་ནམ་ཨ་མེར་གྱི་སྲས་གཡུང་དྲུང་བསྟན་པའི་ཉི་མ་ཁོང་གི་དྲུང་དུ་ཅ་དངོས་མང་པོ་བཞག་པས།བླ་རབས་གོང་མ་རྟོགས་ལྡན་རི་པ་འབྲུག་སྲས་ཀྱི་ཕྱག་ཕྲེང་དང་། བྱ་ཤང་ཤང་གི་རྐང་དུང་གཉིས་ལ་ཕྱག་མཛུབ་གཏད་ནས་འདི་གཉིས་ངའི་རེད་གསུངས་ཏེ་ངོས་འཛིན་གནང་བ་དང་།   མཚམས་གྲྭ་ཁོང་གིས་སྲས་འདི་བུ་ཆུ་ཉི་མ་བསྟན་རྒྱལ་གྱི་ཡང་སྲིད་ཡིན་པ་མངོན་གསལ་འཁྲུལ་མེད་རེད།  མཚམས་གྲྭ་རྣམ་གཉིས་ཀྱིས་དགོན་ཆེན་ལ་གནང་དགོས་ཞེས་མགྲིན་དབྱངས་གཅིག་གྱུར་གྱིས་ནན་ཞུས་བྱས། ཡབ་ཀྱི་གཏོང་མ་ནུས་ཏེ་སྲས་ཉིད་གྲྭ་ས་གཏོང་གི་མིན་འཁོར་བ་བཟུང་དགོས་ཟེར།   ཁོང་རྣམ་གཉིས་ཀྱིས་ཡང་དང་བསྐྱར་དུ་ཞུ་བ་མང་པོ་བྱས་ཀྱ་ཡབ་ཀྱིས་ཁས་མ་བླངས།  སྲས་ཁོང་རོལ་རྩེད་སྐབས་སུ་ང་དགོན་ཆེན་ལ་འཕུར་འགྲོ་ཀི་ཡིན་གསུང་ནས་ལག་གཉིས་རྒྱབ་རྒྱང་བྱེད་ཅིང་བྱ་རྒོད་འཕུར་ཚུལ་སོགས་བྱེད་པ་དང་། དོ་ནུབ་ཡབ་ཀྱི་འཁྲུལ་སྣང་རྨི་ལམ་ལ་ཉི་མ་ས་ལ་འབབ་ལ་ཁད་རྨིས་པ་དང།  ཕྱི་ཉིན་ཡབ་རྣམ་རྟོག་དབང་གིས་བློ་མ་བདེ་ཞིང་རང་དགོན་གྱི་དབུ་བླ་བཀའ་དྲིན་ལྷ་ལས་ལྷག་པའི་རྨེའུ་རིན་ཆེན་འོད་ཟེར་ལ་ཞུས་པས། སྲས་ཉིད་སྲིད་རྒྱལ་དགོན་ཆེན་གནང་ན་ལེགས།   ནང་དུ་ཉར་ན་སྐུ་ཚེ་ལ་བར་ཆད་འབྱུང་ངེས་གསུང།  དེ་ནས་བླ་མའི་བཀའ་ལྟར་མཚམས་གྲྭ་རྣམས་ཀྱི་དྲུང་དུ་སྲས་ཉིད་སྲིད་རྒྱལ་དགོན་ཆེན་གནང་རྒྱུ་ཁས་བླང་། དེ་དུས་ཁོང་སྐུ་ན་ཕྲ་བའི་དབང་གི་ཕེབས་མ་ཐོབ། སྔོན་སྦྱངས་ལས་འཕྲོ་བཟང་པོའི་སྟོབས་ལ་བརྟེན་ཏེ།  ཁོང་ཆུང་ནས་གོང་མ་ལ་དད་པ་དང་། འོག་མ་ལ་སྙིང་རྗེ་དང་། བྱིས་པའི་རོལ་རྩེད་ལ་མི་དགའ་བ། མ་བསླབ་ཀ་ཁ་རང་བརྡོལ་མཁྱེན་པ་སོགས་ཡ་མཚན་པའི་རྟགས་ཀྱང་མང་པོ་ཡོད་པར་གྲགས། དགུང་གྲངས་བདུན་བརྒྱད་ཐོག་སྲིད་རྒྱལ་དགོན་གྱི་དབུ་བླའི་མཚན་རྟགས་གསོལ་ཏེ་གསེར་ཁྲིར་མངའ་གསོལ་བྱས།  དེ་སྐབས་འབྲི་འདོན་སྦྱང་སྟེ་ཁོང་སྐྱེས་སྟོབས་ཀྱི་ཤེས་རབ་གསལ་ཞིང་འབྲི་འདོན་གཟིགས་པ་ཙམ་གྱི་ངལ་བ་མེད་པ་མཁྱེན་པའི་རྣམ་དཔྱོད་རབ་ཏུ་རྫོགས་པའི་སྐྱེས་བུ་ཞིག་ཡིན་སྟབས་འབྲི་འདོན་ཕུལ་དུ་ཕྱིན་པ་བྱུང་། དགུང་གྲངས་བཅུ་གསུམ་ཐོག་རང་ཡུལ་དུ་ས་གསུམ་འགྲན་ཟླ་བྲལ་བའི་སྟག་ཞིག་རིན་ཆེན་དབང་ལྡན་གསེར་ཞལ་མཇལ་ཏེ་ཤར་རྫའི་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ལུང་ཆ་ཚང་སྦྱོང་བཙོན་མཛད།
   བཞི་བ། སྒོམ་སྒྲུབ་མཛད་ནས་བསྟན་པ་སྐྱོང་ཚུལ། དགུང་ལོ་བཅོ་ལྔ་ཐོག་སྨན་རིའི་མཁན་ཆེན་ཕུན་ཚོགས་བློ་གྲོས་གསེར་ཞལ་མཇལ་ཏེ།  ཁོང་གི་དྲུང་ནས་གཙང་གཙུག་ཉི་ཤུ་རྩ་ལྔའི་ཁྲིམས་ཞུས།  མཚན་མིང་གཡུང་དྲུང་བསྟན་པའི་ཉི་མ་ཞེས་གསོལ། མ་ཚད་ཨ་ཁྲིད་ཀྱི་སྔོན་འགྲོ་འབུམ་དགུ་དང་དངོས་གཞི་བཅས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཏེ་ཁོང་གི་ཐུགས་སྲས་སུ་གྱུར། ཁྱུང་ཡུལ་དུ་ཕེབས་ནས་ནག་རུ་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་ཀྱི་གསེར་ཞལ་མཇལ་ཏེ་ཁོང་གི་དྲུང་དུ་ཤར་རྫའི་སྒྲུབ་གྲྭའི་སྲོལ་ལྟར་ཟབ་གསང་གི་བོན་མང་ཙམ་གྱི་དབང་ལུང་ཁྲིད་གསུམ་ཐོབ།   དེ་སྐབས་ཁོང་གིས་སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་དང་ལྷག་ཏུ་གྲྭ་ས་སྲིད་རྒྱལ་དགོན་ཆེན་གྱི་བསྟན་པ་རྒྱ་ཆེན་སྤེལ།  དེ་མཚམས་ཁོང་སྔོན་སྦྱངས་ཐེག་ཆེན་བོན་གྱི་ལས་འཕྲོ་སད་ནས་དབེན་གནས་སྐྱོང་བའི་དགོངས་པར་ཤར་ཏེ།  ཁྱུང་ཡུལ་དུ་ཕེབས་ནས་ཞེ་གཡུང་དྲུང་དཔལ་རིའི་དབུ་བླ་བཟོད་པ་རྒྱལ་མཚན་གྱི་དྲུང་ནས་ཚེ་དབང་བོད་ཡུལ་མའི་སྔོན་འགྲོ་དང་ཉེ་ལམ་བོན་སྡེ་རྩ་རླུང་དང་མུན་མཚམས་ཐོད་རྒལ་སོགས་དང་དེ་མིན་གྱི་མདོ་སྔགས་སེམས་གསུམ་གྱ་གདམས་པ་མང་པོ་ཞིག་ཁོང་གི་བུམ་པ་གང་བྱོའི་ཚུལ་གསན་ཏེ་ཐུགས་རྒྱུད་ལ་ཡོན་ཏན་དུ་མ་མངའ་བར་མཛད། དེ་སྐབས་མཛོ་བྱ་བྲལ་དང་། མེ་སྟོན་ཉི་མ་རྒྱལ་མཚན། ག་ཤེལ་ཁྲི་ཆེན། ཀུན་གྲོལ་ཧྃྰུ་ཆེན་སོགས་འཁོར་འདས་བློར་ཆུབ་པའི་དམ་པ་མང་པོ་བརྟེན་ནས་གདམ་ངག་ཞུས། ཁོང་ཁྱུང་པོ་ནས་ཡར་མར་བྱོན་སྐབས་སུ་ཀོང་པོ་སྲིད་རྒྱལ་དགོན་ཆེན་མེ་ཡི་གནོད་པ་བྱུང་སྟེ།   ཕྱི་ཡི་དགོན་པ་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་གནོད་འཚེ་ཆེན་པོ་བྱུང་། ད་དུང་གྲྭ་སློབ་ཀུན་བསྟན་དང་འགྲོ་བའི་ཆེད་དུ་གདུལ་བྱ་ལྡོམ་བུར་ཕེབས་ཏེ་སྔ་ལྟར་བསྐྱར་གསོ་མཛད། ནང་རྟེན་སོགས་དཀར་མོ་སྲིད་རྒྱལ་སྐུ་གསོབ་དང་རྣམ་རྒྱལ་སྐུ་གསེར་ཟངས་ལས་གྲུབ་པ་ཞིག་དང་རྟོགས་ལྡན་རི་པ་འབྲུག་སྲས་ཀྱི་སྐུ་གདུང་དང་རག་ཤི་ཉི་མ་རྒྱལ་མཚན་སྐུ་གདུང་སོགས་རྟེན་བཞེངས་མཛད།    སྐུ་ཚེའི་དཀྱིལ་དུ་ཁོང་དང་སློབ་མ་ཀུན་སྒོམ་སྒྲུབ་ཆུ་བོའི་རྒྱུན་བཞིན་མཉམ་བརྩོན་མཛད།   ཉིན་ཞིག་སྲིད་རྒྱལ་གྱི་ལུང་བསྟན་གནང་སྟེ།   ད་སྐྱེས་བུ་མ་བཞུགས་སྐྱེས་བུ་ཕེབས་གསུང་།   ཁོང་དང་ཞབས་ཕྱི་རྣམས་རང་ཡུལ་དུ་ཕེབས་སྐབས་ལམ་ཁ་ནས་གངས་རི་གནས་སྐོར་ཕེབས་རྒྱུ་ཐུགས་གྲོས་མཛད།      སྟོད་གངས་རི་མཚོ་གསུམ་ལ་གནས་སྐོར་ཕེབས། དེ་སྐབས་དུས་ལྟས་ལ་རྐོང་པོའི་ཡུལ་དང་སྲིད་རྒྱལ་དགོན་སོགས་ས་འགུལ་གྱི་གནོད་པ་ཆེན་པོ་བྱུང་།     ཁོང་ཡབ་ཡུལ་དུ་ཕེབས་ཏེ་དགའ་རི་རི་ཁྲོད་ཀྱི་དབུ་བླ་རྨེའུ་སྐལ་བཟང་རྒྱ་མཚོ་དང་།  སན་ཚ་དགོན་གྱི་དབུ་བླ་ཞུ་ཚང་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་མཇལ་འཕྲད་གནང་།  དགའ་རི་རི་ཁྲོད་གཟིམ་ཁང་ཀ་བ་གཅིག་གི་ནང་དུ་བཞུགས་ཏེ། བསྟན་དང་འགྲོ་བའི་དོན་དུ་ཐུགས་འགན་རྒྱ་ཆེར་བཞེས།   དེ་སྐབས་འགྲོ་ལ་བོན་འཁོར་བསྐོར་ཏེ།   བུ་སློབ་རྣམས་ལ་བཀའ་ལུང་རྒྱ་མཚོའི་ཁྲིད་ཐུན་མོང་ཕྱི་ཡི་སྔོན་འགྲོ་ཐུན་མིན་ནང་གི་སྔོན་འགྲོ་ཉེར་མཁོ་འཕོ་བའི་ཁྲིད་དང་བསྙེན་བསྙུང་སྡོམ་པ་སོགས་གནང་།   སྐལ་ལྡན་རྣམས་ལ་དངོས་གཞི་སེམས་དོན་རྩད་བཅད་བྱེད་དུ་བཅུག    ཁོང་དབྱར་དུས་སུ་དགའ་རི་དགོན་གྱི་གཡས་རྒྱབ་ཏུ་ཁྱད་དུ་འཕགས་པའི་དབེན་ས་ཞིག་ཏུ་སྦྲ་ནག་ཅིག་གི་ནང་ལ་བཞུགས་ཏེ་བུམ་པའི་གཟུངས་ཐག་ལུས་དང་མ་བྲལ་བ་ཡིད་དམ་དབལ་ཕུར་ནག་པོའི་སྒྲུབ་པ་མཛད།  ད་ལྟ་ཡང་ས་མིང་ལ་བླ་མ་བཞུགས་ཁྲི་ཟེར་གྱི་ཡོད།   ཉིན་ཞིག་ཡབ་ཁྱིམ་དུ་བྱོན་སྐབས་གྲུབ་པ་མངའ་བརྙེས་འབྱུང་ལྔ་རང་དབང་ཐོབ་པའི་རྟགས་རྡོ་བྲག་སྨུག་པོའི་ངོས་སུ་ཕྱག་མཛུབ་ཀྱིས་བྲིས་པའི་སྐྱེ་མེད་ཨ་ཡིག་ངོ་མཚར་ཅན་ད་ལྟ་སོ་སྐྱེས་མཇལ་ཡུལ་དུ་མངོན་གསལ་དོད་པོ་ཡོད།    སྐུ་ཚེའི་སྨད་རིག་གནས་གསར་བརྗེའི་དུས་འགྱུར་ཆེན་མོ་ཆོས་དད་རང་དབང་མེད་པའི་སྐབས་དེ་ན། ལོ་དུ་མའི་རིང་ལ་དཀའ་སྡུག་གི་འཕྲང་ཆེན་བརྒྱུད་དེ་འཁོར་བའི་གྲོང་གསེབ་སོགས་སུ་འགྲིམས་དགོས་བྱུང་བའི།  བོན་ལ་རྒྱུན་ཆགས་སུ་ཉམས་ལེན་གྱི་གོ་སྐབས་ཕྲ་ན་ཡང་།  སྔར་ཇི་ལྟར་གསན་པའི་བོན་རྣམས་རས་སུ་མ་བོར་བར་དལ་ཁོམ་བྱུང་རིང་རྣམས་སུ་གདམས་ངག་དང་བསླབ་བྱ་ཀུན་ཉམས་འོག་ཏུ་ཚུད་པར་མཛད་པ་དང་།  ངོ་ལོག་ཧུར་བརྩོན་པ་ཕོ་མོ་ཁག་ཅིག་གིས་ཁོ་ད་ལྟ་ཡན་དུ་མི་འགོ་སྐོར་མཁན་ཅིག་ཡིན་ཟེར་ནས།   ཁོང་ལ་སྐྱག་གཅིན་དྲང་པ་དང་རྒྱབ་རྡུང་བྱེད་པ་ངོ་རྒོལ་བྱེད་པ་སོགས་བྱས།   དེ་སྐབས་སྐད་ཅིག་ཙམ་ཡང་དགོངས་པ་རྒྱ་ཡན་དུ་མི་གཏོང་བ་སྤྱི་རྒྱ་རླབས་ཆེན་རྟོག་མེད་རང་གསལ་གྱི་ངང་ནས་བསྙེན་བསྙུང་དང་བཅུད་ལེན་དཀའ་ཐུབ་སོགས་མཛད།     ༡༩༨༠ལོ་སྲིད་ཇུས་ཅུང་ཙམ་ལྷོད་དེ་སན་ཚ་གཡང་ཤོད་གྲོང་ཧོར་བ་ཚང་གི་ནང་དུ་བཞུགས།  ལོ་འགའ་སྒྲུབ་པ་ཉམས་ལེན་མཛད། དེ་སྐབས་བསོད་ལྡན་སློབ་མ་ཐུགས་སྲས་ཁྱད་དུ་འཕགས་པ་རྨེའུ་ཐུགས་དགའ་རིན་པོ་ཆེ་དང་། ཧོར་བ་བསྟན་འཛིན་རྣམ་རྒྱལ། བ་བ་སྟག་ལ་སོགས་སློབ་མ་ཉི་ཤུ་ཙམ་ཞིག་ལ་སྐྱབས་འགྲོ་སེམས་བསྐྱེད་བློ་ལྡོག་བོན་བཞི་ལྷག་པར་དངོས་གཞིའི་གདམས་པ་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་།   བོད་ཤིང་བྱི་ལོ་༡༩༨༤ལོ་འགོ་ནས་བཟུང་སྟེ་མ་གྱུར་འགྲོ་བའི་སྣང་ངོར་ཟླ་བ་༧ཙམ་གྱི་རིང་ལ་སྐུ་བསྙུང་བའི་ཚུལ་བསྟན་ཏེ་བཞུགས།
ལྔ་པ། དགོངས་པ་བོན་དབྱིངས་སུ་བསྡུ་ཚུལ།  ཟླ་བ་༦པའི་ཚེས་༡༥ཉིན་ཁོང་ན་དགའ་འཆི་སྐྱིད་ཀྱི་ངང་ནས་བོན་སྐུའི་བཞུགས་སྟངས་མཛད་དེ་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་གཤེགས།  དེ་མ་ཐག་ཏུ་རྫོགས་ཆེན་གྱི་རྣལ་འབྱོར་བའི་དགོངས་པ་བོན་དབྱིངས་སུ་གཤེགས་པའི་རྟགས་དུ་མ་བྱུང་སྟེ།   ནམ་མཁའ་ལ་གཞའ་གུར་དཀྲིགས་ཤིང་སྒྲ་འུར་བ་དང་ས་གཡོས་པ་ལ་སོགས་ཉིན་འགའ་བྱུང་།  དེ་རྗེས་གཟིམ་སྒོ་ཕྱེས་ཏེ་གཟིམ་ཁང་ནང་དུ་གཞའ་གུར་དང་དུ་མུན་དཀྲིག་པ་སོགས་བྱུང་འདུག།   དེ་མཚམས་སྐུ་གདུང་གྲུ་གང་ལྷག་ཙམ་དེ་གདུང་ཁྲུས་མཛད་པ་དང་གདུང་རས་ལ་སོགས་གསོལ།     ནང་གསང་སྔགས་ཀྱི་ཆས་རས་དཀར་དང་ཕྱི་འདུལ་ཆས་ལ་སོགས་གསོལ་བར་མཛད།   དེ་མིན་སྐུ་གདུང་གི་མདུན་དུ་མཆོད་པ་རྣམ་ལྔ་བཤམས་ཏེ་དད་ལྡན་མང་ཚོགས་ལ་གདུང་མཇལ་མཆོད་འབུལ་བྱས།  མཐར་ལས་བཞི་རྒྱུན་ལྔའི་ཞུགས་ལ་བསྲེགས་པའི་སྐབས་སུ་མེ་རང་བཞིན་དུ་འབར་བ་དང་མ་འོངས་འགྲོ་བའི་རྟེན་སྐལ་དུ་བྱོན་པ་རིང་བསྲེལ་ཤ་རི་རམ་ཆུ་རི་རམ་སོགས་ཡོད་པ་དང་། མེ་གདུག་དུ་བཞུགས་པའི་དབུ་ཐོད་སྟེང་དུ་སྐྱེ་མེད་བོན་སྐུའི་ས་བོན་ཨ་ཡིག་གསལ་པོ་ཡོད་དེ་ད་ལྟ་དཔོན་ཚང་ཞུ་བླ་སྟག་ལ་རྒྱ་མཚོའི་ཕྱག་ཏུ་ཡོད། གཡུང་དྲུང་བསྟན་པའི་ཉི་མའི་རྣམ་ཐར་མདོར་ཙམ་བཀོད་པའོ། །
གོང་གི་མཛད་རྣམ་ལྷ་ལམ་ཡངས་པའི་དཀྱིལ།
བདག་བློའི་རྐང་དྲུག་བུང་བས་གཞལ་མིན་ཡང་།།
ད་གསུམ་ཀུན་སློང་དག་པས་འབྲི་ཁུལ་བགྱིས།།
ཉེས་ཆ་རྩ་གསུམ་ལྷ་ལ་བཟོད་པར་གསོལ།།
 
ལེགས་ཆའི་ཡོན་ཏན་ཅུང་ཟད་མཆིས་གྱུར་ན།
རྗེས་འཇུག་དམ་པའི་རྣམ་ཐར་ལ་བརྟེན་ནས།།
མི་རིང་གཞི་མེད་རྩ་བྲལ་དོན་རྟོགས་ནས།།
གཏན་བདེའི་བཙན་ས་ཟིན་པའི་རྒྱུར་གྱུར་ཤོག །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།