中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སྔོན་བྱོན་མཁས་དབང་། >
༄༅།། རོང་ཟོམ་པཎྡི་ཏ་ཆོས་ཀྱི་བཟང་པོའི་རྣམ་ཐར་མདོར་བསྡུས།
དུས་ཚོད།2019-05-28 10:02:11     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
རོང་ལོ་ཙཱ་བ་ཆོས་བཟང་ངམ་རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོ་ནི་དུས་རབས་བཅུ་གཅིག་པའི་ནང་དུ་དབུས་གཙང་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སྣར་ལུངས་རོང་རུ་ལག་གཙང་སྨད་ཀྱི་སྣང་ཀླུ་ས་རོང་དུ་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པ་མ་ཡི་པང་དུ་བཞུགས་པའི་དུས་ནས་ཀྱང་ལེགས་སྦྱར་གྱི་སྐད་དང་ཆོས་གཏམ་སྣ་ཚོགས་མཛད་པས། ཇོ་བོ་ཆེན་པོ་མར་མེ་མཛད་ཀྱིས་ཨཱ་ཙརྱ་ནག་པོ་སྤྱོད་པ་ཆེན་པོའི་སྐུ་སྐྱེས་ཡིན་པར་གསུངས། དེ་ནས་སྐུ་བྱིས་པ་གཞོན་ནུ་ལ་ཉང་སྨད་དུ། རྗེ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ཞེས་བྱ་བ་ལས་གསན་པ་མཛད་པའི་ཚེ། དེ་ཙམ་ན་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་རྒྱགས་སྐྱེལ་དུ་བྱོན་པ་ལ་དེར་ཡོད་ཀྱི་གྲྭ་པ་རྣམས་ན་རེ། ཁྱེད་ཀྱི་བུ་ཆུང་འདི་ཁོ་རང་བློ་འདྲེད། ངེད་ཅག་ལ་རྣམ་ཀུན་སུན་འབྱིན་ལ་རྣོ་བས། ཁྱེད་ཀྱིས་ད་རེས་ཕྱིར་ཁྲིད་ན་འཐད་ཟེར་སྐད། དེ་ཡབ་ཀྱིས་དགེ་བཤེས་འགར་ལ་བསྙད་དེ། ཁོ་ལ་དེ་སྐད་ཟེར་བས་ཕྱིར་ཁྲིད་ལ་འགྲོའམ་ཞུས་པས། སློབ་དཔོན་གྱི་ཞལ་ནས་དེ་སྐད་མ་ཟེར་ཅིག། ཁོས་ཆོས་ཐམས་ཅད་གོ་ནས་ཡོད་པས་ཡིན། དོན་མེད་ཀྱི་སུན་འབྱིན་མི་གསུངས་ཞེས་གསུངས། སྐྱེས་བུ་འདི་ནི་ཤེས་རབ་ཟབ་ལ་རྒྱ་ཆེ་བས་རྒྱ་གར་གྱི་ཆོས་བཟང་པོ་མདོ་རྒྱུད་དམ་བསྟན་བཅོས་སུ་གཏོགས་པ་སྔར་མ་གཟིགས་པ་མཐའ་དག་ཚར་རེ་གཉིས་གཟིགས་པས་མཁྱེན་ཅིང་། ཚིག་དང་དོན་མ་ལུས་པ་ཐུགས་ལ་ཟིན་ནས་ཐམས་ཅད་མི་བརྗེད་པའི་གཟུངས་ཐོབ་ཅེས་གྲགས། དགུང་ལོ་བཅུ་གསུམ་ལོན་པ་ན་གསན་པ་རྫོགས་པ་ལྟར་མཁྱེན་པ་ཆེ་བར་གྱུར། གཞན་ཡང་སྐབས་དེ་ཙམ་དུ་སྤྱི་གཏམ་དུ་ཡང་། མུར་པ་ཚུར་སྟོན་ཡི་གེ་མཁས། །ཆིག་སྒྲིགས་གྲངས་ཀྱི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམས་པ་ཆོས་བཟང་ཙམ། །ཞེས་ཡོད་སྐད། ལོ་རྒྱུས་སྨྲ་བའི་དབང་པོ་འགོས་ལོ་ཆེན་པོས་ཀྱང་། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ངོ༌། །ཞེས་བསྔགས་པ་མཛད། དེ་ལྟར་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པའི་པཎྜི་ཏ་འདི་ཉིད་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང་། མཉྫུ་ཤྲཱི་ཛྙ་ན་སོགས་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། རྟོག་པ་གསུམ་པ་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་ལེགས་པས་གསར་འགྱུར་གྱི་ནང་དུ་ཕུལ་དུ་བྱུང་བའི་ཚད་དུ་འཇོག་པར་བྱུང་། དེ་ནས་དུས་ཕྱིས་བླ་མས་གསུངས་པའི་དགོངས་པ་རྫོགས་པའི་ཕྱིར། བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་ཆེད་དུ་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། མཉམ་སྦྱོར་ལའང་འགྲེལ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཛད། ངན་སོང་སྦྱོང་རྒྱུད་དང༌། འཇིགས་བྱེད་དང༌། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་དང་བསྟན་བཅོས་མང་དུ་མཛད། དེ་ལྟར་བདག་ཉིད་ཆེན་པོ་འདིས་གསར་རྙིང་ཡོངས་འཛིན་དུ་མ་ལ་བསྟེན་ཅིང་གསན་བསམ་རྒྱ་མཚོའི་མཐར་ཕྱིན། ཁྱད་པར་དུ་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་སོགས་ཀྱི་གདམས་པ་ཐམས་ཅད་རོང་ཟོམ་ཆེན་པོ་ལ་འདུས་ཤིང་བཀའ་བབས་པས། ཉམས་ལེན་གྱི་གཙོ་བོ་སྔ་འགྱུར་པའི་ཆོས་ལ་མཛད། བོད་གངས་ཅན་དུ་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་རྟེན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས་ཤིང་། དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་སྐུ་ལ་སྙུང་མེད་པར་གཤེགས། སྲས་བརྒྱུད་རྣམས་ཕྱི་དུས་བར་བྱོན་ཞིང་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་ཏུ་གྱུར། སློབ་བརྒྱུད་ནི་གོ་རུབ་ལོ་ཙཱ་བ་དང་། མར་པ་དོ་བ་དང་། འགོས་ལ་སོགས་པའི་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་ཕྱུག་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་པའི་སློབ་ཚོགས་བྱུང་བར་བཤད་དོ།  །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།