༄༅།།བླ་ཆེན་དགོངས་པ་རབ་གསལ། - ལོ་རྒྱུས་དང་རིག་གནས་མི་སྣ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > ལོ་རྒྱུས་དང་རིག་གནས་མི་སྣ། >
༄༅།།བླ་ཆེན་དགོངས་པ་རབ་གསལ།
དུས་ཚོད།2019-08-26 11:30:44     རྩོམ་གྱི་ཡོང་ཁུངས། ཡོངས་འཛིན་ལས།     ཆུང་། | འབྲིང་། | ཆེ།
དེ་ཡང་ཕྱི་དར་བསྟན་པའི་མེས་པོ་བླ་ཆེན་པོ་དགོངས་པ་རབ་གསལ་ནི། རྒྱལ་བུ་དོན་གྲུབ་ཀྱི་མདོར་རྒྱལ་བའི་ལུང་གིས་ཟིན་པའི་གནས་མཆོག་རི་བོ་དན་ཏིག་དང་ཁད་ཤིན་ཏུ་ཉེ་བའི་ཆར། རྨ་འགྲམ་དུ་ལྷམ་མེར་ཆགས་པའི་ཡུལ་རྒྱ་ཞུར་ཞེས་པའི་གྲོང་ཚོ་རུ་ཆུ་ཕོ་བྱི་བའི་ལོ་དུ་སྐུ་འཁྲུངས། ད་ལྟ་བལྟམས་པའི་གནས་དེ་རུ་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཏེ་དད་ལྡན་བསོད་ནམས་བསགས་པའི་རྟེན་དུ་མཆིས་སོ།།
 
  རྒྱས་འགྲེལ།
 
  དེ་ཡང་ཕྱི་དར་བསྟན་པའི་མེས་པོ་བླ་ཆེན་པོ་དགོངས་པ་རབ་གསལ་ནི། རྒྱལ་བུ་དོན་གྲུབ་ཀྱི་མདོར་རྒྱལ་བའི་ལུང་གིས་ཟིན་པའི་གནས་མཆོག་རི་བོ་དན་ཏིག་དང་ཁད་ཤིན་ཏུ་ཉེ་བའི་ཆར། རྨ་འགྲམ་དུ་ལྷམ་མེར་ཆགས་པའི་ཡུལ་རྒྱ་ཞུར་ཞེས་པའི་གྲོང་ཚོ་རུ་ཆུ་ཕོ་བྱི་བའི་ལོ་དུ་སྐུ་འཁྲུངས། ད་ལྟ་བལྟམས་པའི་གནས་དེ་རུ་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཏེ་དད་ལྡན་བསོད་ནམས་བསགས་པའི་རྟེན་དུ་མཆིས་སོ།།
 
  རྗེ་ཉིད་ཁྱིམ་ན་བཞུགས་པའི་སྐབས་སུ་ཡང་གདོད་མའི་བག་ཆགས་ཀྱིས། ཆོས་ལ་མོས་པ་བརྟན་པོར་མཆིས་པས་ནོན་འཇམ་དཔལ་བྱ་བ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ཞེས་བྱ་བ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་ཞིག་ལ་སེམས་བསྐྱེད་ཞུས། སྐྱི་རྒྱལ་བའི་གཙིག་ཏོར་ལས་དབུ་མ་དང་ཚད་མའི་བསྟན་བཅོས་གསན། ནམ་དགའ་ལྡན་བྱང་ཆུབ་ལས་ཡོ་ག་ལ་སོགས་པའི་ཆོས་ཅི་རིགས་གསན་གསུངས། དགུང་ལོ་བཅོ་ལྔར་རབ་ཏུ་བྱུང་། ཉི་ཤུ་ལ་བསྙེན་པར་རྫོགས་པར་སྣང་། དེ་ཡི་རྗེས་སུ་དབུས་གཙང་གི་མི་བཅུ་དན་ཏིག་ཏུ་སླེབས་ནས་མཁས་པ་མི་གསུམ་ལ་བསྙེན་རྫོགས་ཞུས་སྐབས། ཁོང་རྣམ་པས་ང་ཚོ་རྒས་པས་མཁན་བུ་སྐྱོང་མི་ཐུབ། བླ་ཆེན་པོས་མཁན་པོ་གྱིས་གསུངས་པར། མཁན་པོ་གཙང་རབ་གསལ་གྱིས། མདོ་རྩ་བར་ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱོར་བ་མཐའ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ།། ཞེས་གསུངས་པའི་དགོངས་པ་བླངས་ནས་བསྟན་པ་ཉག་ཕྲ་བའི་དུས་འདི་ལྟ་བུར་དམིགས་གསལ་གྱིས་རུང་བ་ཡིན་གསུངས་ནས་དེ་དག་བླ་ཆེན་གྱིས་སྟན་ཐོག་གཅིག་ལ་སྡོམ་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། དེ་ནས་སྐྱེ་དགུའི་བསོད་ནམས་ཀྱི་མཐུ་བྲི་བའི་དབང་གིས་མངའ་བདག་ཁྲི་རལ་བ་ཅན་འདས་པའི་རྗེས་ཐོག་ཏུ། སྡིག་རྒྱལ་གླང་དར་མས་བསྟན་པ་བསྣུབས་པའི་དུས་དེར། དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ན་བཞུགས་པའི་འཇད་ཀྱི་གྱེལ་མི་གཙང་རབ་གསལ་དང་། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་བ་དམར་ཤཱཀྱ་མུ་ནེ་གསུམ་གྱིས་འདུལ་པའི་པོ་ཏི་དྲེལ་ཁལ་གཅིག་བཀལ་ནས་ཉིན་མོ་ཡིབ་ཅིང་མཚན་མོ་བྲོས་ཏེ་མངའ་རིས་ནས་ཐོན། གར་ལོག་དང་ཧོར་ཡུལ་རྣམས་བརྒྱུད། རིམ་གྱིས་མདོ་སྨད་དུ་སླེབས་ནས། ཐོག་མར་ཨན་ཆུང་གནམ་རྫོང་དང་། ལོ་རྡོ་རྗེ་བྲག་ཏུ་བཞུགས། དེ་ནས་གནས་མཆོག་དན་ཏིག་ཤེལ་གྱི་ཡང་དགོན་གྱི་སྙན་པའི་གྲགས་པའི་དྲི་བསུང་གིས་ཐུགས་རང་དབང་མེད་པར་ཕྲོགས་ནས་དན་ཏིག་ཏུ་ཕེབས། དེར་ཡུན་རིང་བཞུགས་པའི་སྐབས་སུ་ཁོང་རྣམ་པ་གསུམ་ལ་བོད་ཀྱི་མཁས་པ་མི་གསུམ་ཞེས་མཚན་ནས་འབོད། དེའི་སྐབས་སུ་རྒྱ་ཞུར་རྨ་ཆུ་ཁའི་ཕྱུགས་རྫི་རྣམས་ཀྱིས་མཐོང་ནས། དགོང་ཁར་གྲོང་གི་མི་རྣམས་ལ་དེའི་གཏམ་སྨྲས་པ་ན། བོད་རྒྱལ་བོའི་བློན་ཆེན་འབྲོང་སྟག་སྣང་ཁྲི་སུམ་རྗེ་ཞེས་པ་དགུང་ལོ་སོ་ལྔ་བ་ལྕགས་མོ་ཕག་གི་ལོར་འདས་པའི་སྐབས་སུ་བསམ་བཞིན་ཐུགས་སྨོན་གནང་ནས། ཡབ་བོན་རྒན་རྨུ་གཟུ་གསལ་བཟང་ཟེར་བའི་བུར་འཁྲུངས་པ་རྨུ་གཟུ་གསལ་འབར་ཞེས་བྱ་བའི་ཁྱེའུ་ལ་རིགས་ཀྱི་བག་ཆགས་སད་ནས་ཕྱི་ཉིན་བལྟ་བར་ཕྱིན།  ད་ལྟའི་སྒོམ་ཆེན་ཟེར་བའི་བྲག་ཕུག་དེར་བཞུགས་པའི་ཁོང་རྣམས་ཀྱི་ཀུན་སྤྱོད་མཐོང་བ་ཙམ་གྱིས་ངེས་འབྱུང་གི་རྟོགས་པ་རང་འཁྲུངས་སུ་སྐྱེས་ནས་རབ་ཏུ་བྱུང་བར་ཞུས་པས། ཁོང་རྣམ་པ་གསུམ་གྱི་དངོས་ཀྱི་སློབ་དཔོན་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་འདུལ་བའི་ལས་ཆོག་ཀརྨ་ཤཱ་ཏཾ་གྱི་དཔེ་ད་ལྟ་བསྟན་འགྱུར་གྲས་སུ་བཞུགས་པ་འདི་གཏད་ནས་འདི་བཞིན་ཅིས་ཀྱང་ནུས་པས་རྗེས་སུ་བཟུང་དུ་གསོལ།ཞེས་ཞུས་ཤིང་ངུས་ནས་མཆི་མ་མི་ཆོད་པ་བྱུང་། དེ་ནས་གཙང་རབ་གསལ་གྱིས་མཁན་པོ་བྱས། གཡོ་དགེ་འབྱུང་གིས་སློབ་དཔོན་དང་དམར་ཤཱཀྱ་མུ་ནེས་དུས་གོ་བ་བྱས་ཏེ་རབ་ཏུ་བྱུང་ཞིང་དགེ་ཚུལ་དུ་བསྒྲུབས་ནས་མཚན་ལ་དགེ་བ་རབ་གསལ་དུ་བཏགས།
 
  ཕྱིས་སུ་མཁྱེན་རབ་ཤིན་ཏུ་ཆེ་བར་གྱུར་པས་དགོངས་པ་རབ་གསལ་དུ་གྲགས། དེའི་ཚེ་དབུས་གཙང་ན་སྡོམ་པ་འབོགས་ལེན་དང་འཆད་ཉན་སོགས་ཀྱིས་ལས་ཀ་ཧ་ཅང་དབེན་པས། ཁུ་སིམ་མེར་ལུས།མདོ་སྨད་ན་བསྟན་པ་ཅུང་ཟད་ཚུགས་པའི་སྐད་ཆ་དབུས་གཙང་དུ་གོ་པས། བསམ་ཡས་ན་བཞུགས་པའི་བཙན་པོ་ཡུམ་བརྟན་གྱི་རྒྱུད་ཡབ་ཚབ་ན་ཡེ་ཤེས་རྒྱལ་མཚན་དང་། སྲས་མངའ་བདག་ཁྲི་བ་ལ་སངས་རྒྱས་ཀྱི་འཕྲིན་ལས་ཅུང་ཟད་ཞུགས་ནས། ཀླུ་མེས་ཚུལ་ཁྲིམས་ཤེས་རབ།འབྲིང་ཡེ་ཤེས་ཡོན་ཏན།རྦ་ཚུལ་ཁྲིམས་བློ་གྲོས། རཀ་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་ཏེ་དབུས་པ་ལྔ་དང་། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེམངའ་རིས་འོད་བརྒྱད་སྤུན་གཉིས།  བོ་དོང་བ་ཨུ་བ་དེ་གར་ཏེ་གཙང་བ་ལྔ་རྣམས་མདོ་སྨད་དུ་བརྫངས།  དེའི་ཚེ་སྡོམ་རྒྱུན་དང་བསྟན་པའི་མེ་རོ་གསོ་བའི་དབུ་བཙུགས་ཏེ་བླ་ཆེན་གྱིས་སྙན་པ་ཡང་དབུས་གཙང་གི་ཞིང་དུ་ཁྱབ། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླངས་ཞེས་པའི་སྙན་པ་ཡང་རྗེ་འདི་ལས་བཀའ་དྲིན་ནོ།། རྗེ་ཉིད་རབ་བྱུང་དང་པོའི་བགྲང་བྱ་དགུ་བ་ཤིང་མོ་ཕག་གི་ལོར་དམར་གཙང་དུ་མྱ་ངན་ལས་འདས་པར་གྲགས་སོ།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།