中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > ལོ་རྒྱུས་དང་རིག་གནས་མི་སྣ། >
༄༅།།བོད་རིག་པའི་ཡིག་རྙིང་ཞིབ་འཇུག་མཁས་ཅན་གཉའ་གོང་དཀོན་མཆོག་ཚེ་བརྟན།
དུས་ཚོད།2016-09-28 15:48:18     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཨ་ལ་རྟ་མགྲིན་སྐྱབས།    ཆུང་། | འབྲིང་། | ཆེ།
     གཉའ་གོང་དཀོན་མཆོག་ཚེ་བརྟན་ནམ་དཀོན་རེ་ཞེས་འབོད་པ། ཁོང་ནི1946ལོའི་ཟླ6པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱར་འཁྲུངས་ཤིང་། 1979ལོར་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན། བོད་ཀྱི་མཁས་དབང་ཆེན་མོ་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི་སྐུ་མདུན་གྱི་ཐེངས་དང་པོའི་བོད་ཀྱི་ཡིག་རྙིང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་གྱུར་པ་དང་། 1982ལོའི་ཟླ7པར་མཐར་ཕྱིན་རྗེས་སློབ་གྲྭ་དེ་ག་ནས་བྱ་བའི་ལས་གནས་སུ་ཞུགས། རིམ་གྱིས་སློབ་གྲྭ་དེ་ག་ནས་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ཀྲུའུ་རེན་དང་། ནུབ་བྱང་མི་རིགས་སློབ་གླིང་གི་ཡོན་ཀྲང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། སློབ་གླིང་གི་ཏང་ཨུའུ་རྒྱུན་ཨུ་དང་། སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གླིང་གི་སློབ་གཙོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་སོགས་ཀྱི་འགན་ཆེན་མོ་རབ་དང་རིམ་པ་བཞེས། ད་ལྟ་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཞིབ་བཤེར་ཚན་ཁག་གི་ཆེད་མཁས་པ་དང་། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་དང་ཚོགས་གཙོ་གཞོན་པ། ཞིང་ཆེན་མཐོ་རིམ་སློབ་གྲྭའི་དགེ་རྒན་རིམ་པའི་ཆེད་ལས་ལག་རྩལ་མཐོ་རིམ་ཐོབ་ཐང་ཞིབ་བཤེར་ཚོགས་པའི་ཚོགས་མི། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་བདག་དམ་ཞིབ་བཤེར་ཚན་ཁག་གི་མཐོ་རིམ་ཐོབ་ཐང་ཞིབ་བཤེར་ཚོགས་པའི་ཚོགས་མི། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ(བོད་ཡིག)ཀྱི་གཙོ་སྒྲིག་པ། ལན་གྲུ་གྲོང་ཁྱེར་གྱི་ཐེངས་བཅུ་གཉིས་པའི་དམངས་ཆེན་གྱི་འཐུས་མི། ཀྲུང་ནན་མི་རིགས་སློབ་ཆེན་གྱི་སློབ་གཙོ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བོད་ཀྱི་ཡིག་རྙིང་ཞིབ་འཇུག་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་ཕོགས་སྣོན་ཐོབ་པའི་ཆེད་མཁས་པའི་གྲས་ཡིན།
     ཁོང་ལ་ཆུང་དུས་ནས་བཟུང་ཤེས་རིག་སྦྱོང་བའི་འདུན་པ་དྲག་པོ་ཡོད་པས། ལོ་ཚོད་ཆུང་བའི་ཁོ་རང་ཨ་མྱེས་ཀྱི་རྗེས་སུ་འབྲངས་ཏེ་བོད་ཡིག་སློབ་སྦྱོང་བྱེད་འགོ་བརྩམས།  བཅིངས་འགྲོལ་རྗེས་སུ་རང་གི་ཕ་ཡུལ་རྒན་གྱ་ཡུལ་ཚོ་ནས་ཐེངས་དང་པོའི་སློབ་ཆུང་ཚུགས་ཐུབ་པ་བྱུང་བས་མིག་རྒྱང་རིང་བའི་ཕ་མ་གཉིས་ཀྱིས་ཁོ་རང་སློབ་གྲྭར་ཞུགས་པའི་གོ་སྐབས་བསྐྲུན་པ་རེད། དེ་ནས་བཟུང་ཁོ་རང་གི་སློབ་སྦྱོང་གི་ལམ་བུ་ཡང་དག་པའི་ཁ་ཕྱོགས་སུ་བསྒྱུར་ཏེ། སློབ་གྲྭ་དེ་ནས་རྒྱའི་སྐད་ཡིག གྲངས་རིག སྤྱི་ཚོགས་སློབ་ཚན་སོགས་རིག་ཚན་གཞན་པར་སློབ་སྦྱོང་བྱས། དུས་དེ་ནས་ཁོའི་ཕུགས་བསམ་གྱི་གཤོག་པ་རྒྱས་ཏེ་ད་ལྟའི་འོད་འཚེར་བའི་གྲུབ་འབྲས་ཀྱི་རྨང་བརྟན་པོར་བཏིང་།  ལོ་བཅུ་གསུམ་སྟེང་ཁོ་རང་ཕ་ཡུལ་དང་ཁ་བྲལ་ཏེ་ནུབ་བྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ཏེ་སློབ་གྲྭ་དེ་ག་ནས་ཉིན་དཀར་བྱ་བའི་ངལ་རྩོལ་ལ་ཞུགས་ཤིང་། མཚན་མོར་རིག་གནས་སློབ་སྦྱོང་བྱས་ནས་དུས་འདའ་བར་བྱས་པས་རྒྱ་བོད་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཚུགས་པས། སྐུ་ཉིད་ནི་ལོ་རབས་བདུན་ཅུ་བའི་མདོ་དབུས་མཐོ་སྒང་གི་རྟོགས་སད་པ་སྔ་གྲས་སུ་གྱུར་ཅིང་།  བྱིས་དུས་ནས་རིག་གནས་སྦྱངས་ཏེ་མི་ཚེའི་མདུན་ལྗོངས་ཡང་དག་པ་ཞིག་བསྐྲུན་པའི་སྤོབས་སེམས་ཅན་ཡིན་པ་མཚོན།
ཁོ་རང་དང་ཐོག་བསང་ཆུ་རྫོང་གི་བྱ་བའི་ལས་གནས་སུ་ཞུགས་ཏེ་བོད་རྒྱའི་ལོ་ཙཱ། བོད་སྐད་རྒྱང་སྒྲོག་བྱ་བར་ཞུགས་པ་དང་། རྫོང་རྩ་འཛུགས་པུའུ་སོགས་སུ་བྱ་བའི་འགན་དུ་མ་བཞེས་རིང་ས་གནས་མང་ཚོགས་ཀྱི་རེ་ལྟོས་དང་སྤྱི་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ། ཡིན་ནའང། ཁོ་རང་རིག་གནས་ལ་དུངས་པའི་ལྷད་མེད་ཀྱི་བརྩེ་ཞེན་དྲག་པོས་ད་དུང་ཁོའི་ཡིད་མ་ཚིམ་པར་སློབ་ཆེན་ཏུ་ཞུགས་ཏེ་ཚེ་སྲོག་གི་རིན་ཐང་སྔར་ལས་ཇེ་ལེགས་སུ་བཏང་བ་རེད།
    ལོ་རབས་བདུན་ཅུ་བ་ནས་ལོ་རབས་བརྒྱད་ཅུ་བའི་བར་དུ་ཁོ་རང་གསར་རྩོམ་གྱི་ལམ་ལ་ཞུགས་ཏེ་གཞོན་དུས་ཀྱི་ལང་ཚོ་དང་། དུས་རབས་ཀྱི་ལྟ་ཚུལ། སྤྱི་ཚོགས་ཀྱི་འཕོ་འགྱུར་སོགས་བརྗོད་བྱ་སྣ་ཚོགས་ཀྱིས་གཏབས་པའི་ཁོས་རྩོམ་རིག་གསར་བའི་སྣང་བརྙན་སྣ་ཚོགས་འབྲི་བཞེངས་བྱས། ཐོག་མའི་བརྩམས་ཆོས《ཆུ་བོ་ལ་བསྔགས་པ》ཞེས་པའི་རྩོམ་ཡིག་ཏེ《ཀན་ལྷོའི་བོད་ཡིག་ཚགས་པར》སྟེང་དུ་འགོད་ཐུབ་པ་བྱུང་ཞིང་། རིམ་བཞིན་གཉེན་སྟོན་ལ་བསྔགས་པ་གསོལ་ཇ་ལ་བསྟོད་པ་སོགས་རྩོམ་ཡིག་མང་པོ་བརྩམས་པར་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་སྟེ་ཁོའི་གསར་རྩོམ་གྱི་རྣམ་དཔྱོད་ལ་ཀློག་པ་པོ་ཀུན་ཧ་ལས་པ་རེད། ལྷག་པར་ཏུ་རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཀྱི་ཕ་ཡུལ་མི་དམངས་ཀྱི་འཚོ་བའི་འགྱུར་ལྡོག་དང་། བསམ་བློའི་འཚོ་བའི་བདེ་སྐྱིད་མཚོན་ཐུབ་པའི་ལྷུག་བརྗོད་སྙན་ངག《ཕ་ཡུལ་གྱི་ལམ་དུ》ཞེས་པར1976ལོ་ནས1987ལོའི་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། གསར་རྩོམ་དང་ལས་ཀའི་ཞོར་དུ་ཁོས་མི་རིགས་གཞན་པའམ་རྒྱལ་ཁབ་གཞན་པའི་བརྩམས་ཆོས་ལེགས་ཤོས་བོད་ཡིག་ཏུ་བསྒྱུར་བ་དང་། རང་མི་རིགས་ཀྱི་བརྩམས་ཆོས་རྒྱ་སྐད་དུ་བསྒྱུར་ཅི་ཐུབ་བྱས་ཤིང་། ཡང་དག་པའི་རིག་གནས་མང་པོ་བསྡུ་ལེན་ཅི་ཐུབ་བྱས་ནས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། ཞིབ་འཇུག་སློབ་མའི་དུས་ནས་བཟུང་ཁོས་དཔེ་ཆ་མང་པོར་ལྟ་ཀློག་དང་། ཆེད་ལས་ཞིབ་འཇུག་ལ་འབད་པ་ཆེན་པོས་བོད་ཀྱི་ཡིག་རྙིང་གི་ཡིག་ཚགས་དུ་མར་སློབ་སྦྱོང་དང་ཞིབ་འཇུག་བྱེད་འགོ་བརྩམས་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་ས་ཆ་དུ་མར་དངོས་སུ་རྟོག་དཔྱོད་དང་འཚོལ་བསྡུ་བྱེད་དུ་སོང་། 1984ལོ་ནས་བཟུང་ཁོས་དཔྱད་རྩོམ་འབྲི་བའི་རླབས་ཆེན་གྱི་ལས་དོན་ཕྲག་ཏུ་བླངས་ཏེ་བོད་ཀྱི་གནའ་ཡིག་ཞིབ་འཇུག་གི་མདུད་པ་གྲོལ་ཏེ་ལོ་རྒྱུས་ཡིག་ཚགས་མང་པོའི་གནད་དོན་ཀུན་གྱི་མིག་མདུན་དུ་གསལ་བོར་བཀྲམ་ཐུབ་པ་བྱུང་། སྔ་རྗེས་སུ《བསམ་ཡས་དགོན་པའི་རྡོ་རིང་གི་འགྲེལ་བ》《ཏུན་ཧོང་གི་བོད་ཀྱི་གནའ་ཡིག་ལས་ཐུ་བྷོད་དུས་ཀྱི་ཁྲིམས་འཛུགས་སྒྲིག་སྲོལ་ཐོག་མར་གླེང་བ》《ཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་ཡིག་རྙིང་གི་རྩོམ་རིག་རིན་ཐང་གླེང་བ》《མའོ་ཀའོ་སྒྲུབ་ཕུག་བོད་ཀྱི་ཡིག་རྙིང་རཱ་མ་ཎའི་འགྱུར་ཡིག་ངོ་སྤྲོད་རགས་བསྡུས》《དབོན་ཞང་རྡོ་རིང་གི་དོགས་གནད་ཐོག་མར་གླེང་བ》《ཐུ་བྷོད་དུས་ཀྱི་གྲལ་རིམ་དབྱེ་བ》《ཐུ་བྷོད་དུས་ཀྱི་ཡུལ་ཤུལ་ས་ཆའི་རྡོ་བརྐོས་ཡིག་རིགས་ལ་དཔྱད་པ》《གནའ་བོའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དོགས་གནད་འགའ》སོགས་དཔྱད་རྩོམ་དུ་མ《ཀྲུང་གོའི་བོད་རིག་པ》དུས་དེབ་སྟེང་བཀོད། ལྷག་ཏུ《ཐུ་བྷོད་དུས་ཀྱི་ཡུལ་ཤུལ་ས་ཆའི་རྡོ་བརྐོས་ཡིག་རིགས་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་འདིར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཞེས་ཆེད་མཁས་པ་མང་པོའི་ཁས་ལེན་ཐོབ།《དབོན་ཞང་རྡོ་རིང་གི་དོགས་གནད་ཐོག་མར་གླེང་བ》 ཞེས་པར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི1979ལོ་ནས1988ལོའི་སྤྱི་ཚོགས་ཚན་རིག་ཞིབ་མཇུག་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཨང་གསུམ་པའི་བྱ་དགའ་ཐོབ།
     བག་འཁུམས་སུ་གྱུར་པའི་ཕ་ཡུལ་རྩྭ་ཐང་དང་ཁ་གྱེས་པའི་ཁོ་རང་རིག་གནས་གསར་བའི་མཁའ་དབུགས་སྟུག་པའི་གྲོང་ཁྱེར་དེར་བྱ་བའི་ལས་གནས་སུ་ཞུགས་ནས་ལོ་དུ་མར་འགོར་ནའང་། སེམས་ཁོང་ནས་མི་རིགས་ལ་དུངས་པའི་བརྩེ་ཞེན་དེ་ནམ་ཡང་འདོར་ཐབས་བྲལ། དུས་རྒྱུན་དུ་མི་རིགས་རང་ཉིད་ཀྱི་རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། དཔལ་འབྱོར་འཕེལ་རྒྱས་སོགས་མི་རིགས་གཞན་དང་བསྡུར་ན་རྗེས་ལུས་ཡིན་པར་ཧ་ཅང་དོ་སྣང་དང་ཐུགས་ཁུར་ཆེན་པོ་བྱས། 1983ལོར་ཁོ་དང་གྲོགས་ཟླ་བ། ཚའོ་ཁྲུང་སོགས་ཀྱིས《གློག་རྡུལ་རྩིས་འཁོར་དུ་བོད་ཡིག་བཀོལ་སྤྱོད་བྱ་ཐབས》ཚན་རྩལ་གྱི་རྣམ་གྲངས་ཞིབ་འཇུག་གི་བྱ་བའི་འགན་གཙོ་བོ་འཁུར་ཞིང་། ཁོས་ལོ་རྒྱུས་རིང་བའི་བོད་ཡིག་དེ་སྔོན་ཐོན་ཆ་འཕྲིན་རིག་གནས་ཀྱི་མ་ལག་དང་སྦྲེལ་ཐུབ་པ་བྱུང་། ཞིབ་འཇུག་རྣམ་གྲངས་འདིར་ཀན་སུའུ་ཞིང་ཆེན་གྱི1984ལོ་ནས1985ལོའི་ཚན་རྩལ་ཡར་རྒྱས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ། ཁོས་ད་དུང་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་རྒྱལ་ཁབ་རིམ་པའི་མི་རིགས་ཨུ་ཡོན་ལྷན་ཁང་གི་བརྒྱད་ལྔའི་འཆར་གཞི《རྒྱ་བོད་དཔལ་འབྱོར་རྒྱུན་ཤེས་ཤན་སྦྱར་ཚིག་མཛོད》ཀྱི་གཙོ་སྒྲིག་པའི་འགན་ཁུར་ཏེ་པར་དུ་བསྐྲུན་ཞིང་། ད་དུང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཡིག་འབྲུ་ཁྲི40ཅན་གྱི《རྒྱ་གར་དང་རྒྱ་ནག་སོག་བོད་ཆོས་འབྱུང་དཔག་བསམ་འཁྲི་ཤིང》དང《ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར》སོགས་ཀྱི་དཔེ་སྐྲུན་གྱི་འགན་ཁུར། 
    1998ལོའི་ཟླ7པར་ཁོ་རང་ཨ་མེ་རི་ཁའི་ཡིན་ཏི་ཨན་ན་སློབ་གྲྭ་ཆེན་མོ་ནས་སྒྲུབ་པའི་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་སྟེང་ཞུགས་པ་དང་། ཁོའི་དཔྱད་རྩོམ《ཁ་གྱ་ཚོ་དྲུག་གི་བོད་ཀྱི་བུད་མེད་ཀྱི་མགོ་རྒྱན་རིག་གནས་ཞིབ་འཇུག》ཅེས་པར་རྒྱལ་སྤྱིའི་མཁས་པ་ཚོས་གདེང་འཇོག་ཆེན་པོ་ཐོབ་སྟེ་ད་ལྟ་ཁོ་རང《དེང་གི་ན་གཞོན་གསར་བའི་སྤྱི་ཚོགས་ཚན་རིག་མི་སྣ་གྲགས་ཅན་བདམས་བཏུས》སུ་འཁོད་ཡོད།
     སློབ་གསོའི་བྱ་བ་ནི་ཁོའི་མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་ཀྱི་ཆེས་གཟི་བརྗིད་ཀྱི་བྱ་གཞག་ཅིག་ཡིན་ལ། ཚེ་གང་བོར་ཏན་ཏན་ཏིག་ཏིག་གིས་སློབ་ཁྲིད་དང་སློབ་གྲྭའི་བྱ་བའི་དོ་དམ་གྱི་འགན་གཅིག་ལྕོགས་ཏུ་བཞེས་ནས་གྲངས་ཉུང་མི་རིགས་ཀྱི་ཕྱི་རབས་པ་མང་པོ་སྐྱེད་བསྲིང་བྱས། ལྷག་ཏུ་ཁོས་ནུབ་བྱང་མི་རིགས་སློབ་གླིང་གི་སློབ་གཙོའི་འགན་བཞེས་པའི་སྐབས་སུ་ཁོའི་མིག་རྒྱང་དུས་རབས་དང་འཛམ་གླིང་གི་ཁ་ཕྱོགས་སུ་བསྟུན་ཅི་ཐུབ་བྱས་ནས་མ་ཡུམ་སློབ་གྲྭའི་མ་འོངས་པའི་མདུན་ལམ་ལ་མནོ་བསམ་ཆེན་པོ་བཏང་བ་ཡིན་ཏེ། སློབ་ཁུལ་གསར་བའི་ཁོར་ཡུག་འཛུགས་སྐྲུན་དང་། སློབ་གླིང་དེ་སློབ་ཆེན་ཏུ་བསྒྱུར་བའི་བྱ་གཞག་རབ་དང་རིམ་པ་མང་བོ་དང་། ད་དུང་འབུམ་རམས་པའི་གསོ་སྐྱོང་ལྟེ་གནས་སྒྲུབ་པའི་བྱ་བ་ཆེ་ཁག་གི་གཙོ་འགན་འཁུར་ཏེ་མུ་མཐུད་དུ་སློབ་གསོ་བཅོས་སྒྱུར་དང་བསླབ་ཚན་གསར་བ་ཁ་སྣོན། རིག་ཚན་ཞིབ་འཇུག་གི་རྣམ་གྲངས་ཇེ་མང་དུ་གཏོང་བ་བཅས་ཀྱི་རྨད་བྱུང་མཛད་རྗེས་བསྐྲུན། 2000ལོ་ནས2004ལོའི་བར་དུ་དངོས་གཞིའི་ཆེད་ལས་མི་འདྲ་བ19ཇེ་མང་དུ་བཏང་། 2001ནས2003ལོར་ཆེད་ལས་མི་འདྲ་བ17ལ་རབ་འབྱམས་ཞིབ་འཇུག་གི་ཆོག་མཆན་ཐོབ། 2002ནས2004ལོའི་བར་དུ་མ་དངུལ་སྒོར་ཁྲི3175བཏང་སྟེ་སློབ་གྲྭའི་ཚན་རིག་ཚོད་ལྟ་ཁང་དངོས་སུ་ལེགས་གྲུབ་བྱུང་། རྒྱལ་ཁབ་རིམ་པའི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པའི་སྐྱེ་དངོས་ཚན་རྩལ། གསོ་རིག་ཚན་ཁག གློག་རྡུལ་ཡིག་ཆ། བོད་ཡིག་ཆ་འཕྲིན་ལག་རྩལ་སོགས་རིག་ཚན་བཞིའི་ཚོད་ལྟ་ཁང་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་གཙོ་ཁག་གི་ཚོད་ལྟ་ཁང་གི་གྲས་སུ་ཚུད་པ་རེད། 2001ལོར་ཀྲུང་གོའི་མི་རིགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་གསར་དུ་ཚུགས་ཐུབ་པ་བྱུང་། ལོ་དེར་ཞིབ་འཇུག་ཁང་དེར་རྒྱལ་ཁབ་རིམ་པའི་ཚན་རྩལ་ཡར་ཐོན་གྱི་ཨང་གཉིས་པའི་བྱ་དགའ་ཐོབ། 2000ལོ་ནས2004ལོར་སློབ་གྲྭས་མ་དངུལ་བཏང་སྟེ《གེ་སར་རིག་གནས་དཔེ་ཚོགས》སུ་དཔེ་དེབ50ལྷག་པར་དུ་བསྐྲུན། 2003ལོའི་ཟླ4པའི་ཚེས16ཉིན་དངོས་སུ་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སློབ་ཆེན་གྱི་ཆ་རྐྱེན་ཡོངས་སུ་ཚང་བར་ཁས་ལེན་ཐོབ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་ཞེས་མིང་གསར་བ་བཏགས་ཤིང་། ལོ་རྒྱུས་ཀྱི་དཀྱོག་མཚམས་གསར་བ་ཞིག་གི་དབུ་བརྙེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་འབུམ་རམས་ཞིབ་འཇུག་ལྟེ་གནས་ཀྱི་ཆོག་མཆན་ཡང་ཐོབ་སྟེ། ནུབ་བྱང་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཐོད་བརྒལ་གྱི་ཟིན་ཐོ་གསར་བ་བཀོད། མི་རིགས་ས་ཁུལ་གྱི་རིག་གནས་སྲུང་སྐྱོབ་ཐད་ཡང་དག་པའི་ཁ་ཕྱོགས་བསྐྲུན་པས། ཁོ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དང་པོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣའི་བྱ་དགའ་གནང་བ་རེད།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།