中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། བུད་མེད་སྙན་ངག་པ་ཚེ་རིང་འཚོ།
དུས་ཚོད།2016-11-23 09:43:11     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། སྐལ་བཟང་འཚོ།    ཆུང་། | འབྲིང་། | ཆེ།
   དེ་ཡང་དགེ་རྒན་ཆེན་མོ་ཚེ་རིང་འཚོ་ལགས་ནི1959ལོར་ཀན་ལྷོ་བོད་རིགས་རང་སྐྱོ་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་ཤང་རྟ་ཕུར་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་། ཆུང་དུས་སུ་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་མེད་པས་ལོ་དགུའི་སྟེང་དུ་ཕ་བསམ་ཤེས་ཅན་གྱིས་ཁོ་མོ་སྤྱི་ལེ་བཞི་བཅུའི་ཕ་རོལ་གྱི་ཤང་ལྟེ་བའི་སློབ་ཆུང་དུ་སློབ་གཉེར་བྱེད་པར་བསྐྱལ། དུས་དེར་ཁོ་མོས་རྒྱ་ཡིག་དང་རྒྱ་སྐད་སོགས་མི་ཤེས་པའི་རྐྱེན་གྱིས་དཀའ་ངལ་མང་བོར་འཕྲད་ཀྱང་། དགེ་རྒན་གྱི་ཐུགས་ཁུར་དང་རོགས་སྐྱོར་འོག མི་ལ་བརྩོན་འགྲུས་ལྡན་གྱུར་ན།། ལྕགས་དབྱུག་བརྡར་ནས་ཁབ་ཏུ་འགྱུར།། ཞེས་པའི་དཔེ་ལྟར་རིག་པ་རྣོ་ཞིང་གསལ་བའི་ཁོ་མོས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སྦྱང་བྱ་མཐའ་དག་ལ་སྦྱངས་པ་གཏིང་ཐུག་པ་བྱས་ཏེ། 1977ལོའི་ཟླ8པར་ནུབ་བྱང་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད་ཅིང་། ཁོ་མོས་དེ་ནས་ཀྱང་རྣམ་གཡེང་དང་ལེ་ལོ་རིང་དུ་དོར་ཞིང་ཁེངས་སྐྱུང་དང་ཞི་དུལ་བག་ཡོད་ཀྱི་སྤྱོད་པ་ལྷུར་བཞེས་ནས། བློ་རིག་པ་ནང་དུ་བཀུག་པ་དང་། དགོང་འཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་རང་འཁྲིའི་སློབ་སྦྱོང་ལ་བརྩོན་པ་བསྐྱེད་པ་དང་། ལྷག་པར་དུ་བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་རྒན་ཆེན་མོ་དཀོན་མཆོག་ཚེ་བརྟན་དང་དོར་ཞི་གདོང་དྲུག་སྙེམས་བློ། དཔའ་རིས་སངས་རྒྱས་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་མཐུ་ལས་བསླབ་ཚན་མཐའ་དག་ལ་ཕྱོགས་རིས་མེད་པར་སྦྱང་བ་གང་ལེགས་པར་མཛད་ནས་སྦྱངས་འབྲས་གཟེངས་སུ་ཐོན་པར་གྱུར་ཏེ། སྤྱི་ལོ1982ལོར་སློབ་མཐར་ཕྱིན་རྗེས་ཐད་ཀར་སློབ་གྲྭ་དེ་གར་དགེ་རྒན་གྱི་འགན་བཞེས། དེ་ནས་ད་ལྟའི་བར་དུ་ཤ་གསེང་ན་རུས་དཀར་ཞིང་། རུས་གསེང་ན་རྐང་སྣུམ་པའི་དགེ་རྒན་ཆེན་མོ་ཚེ་རིང་འཚོ་ཡིས་སློབ་ཁྲིད་གང་ལེགས་དང་གང་མུས་བྱས་པ་དེར་སྤྱི་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་མི་དམན་པ་བྱེད་བཞིན་ཡོད། སློབ་གསོའི་ལས་དོན་ལ་ཞུགས་པ་ནས་བཟུང་སྟེ་ཁོ་མོས་བོད་ཡིག་སྡེ་ཁག་གི་དངོས་གཞི་སློབ་མར་ཆེད་ལས་རྨང་གཞིའི་བསླབ་བྱ《སྙན་ངག་གི་གཞུང་ལུགས》སློབ་ཁྲིད་བྱེད་པའི་འགན་བཞེས་པ་དང་། སྔ་རྗེས་སུ་སློབ་མ་བརྒྱ་ཕྲག་མང་བོར་བསླབ་བྱ་འདི་སློབ་ཁྲིད་གནང་སྐབས་ཐོག་མཐའ་བར་གསུམ་དུ་གསར་བ་ཞེས་པའི་ཡིག་འབྲུ་དེ་མ་ལྷོད་པར། ཤེས་བྱ་གསར་བ་དང་བསམ་བློ་གསར་བ། རིག་ལམ་གསར་བ། ཁྲིད་ཐབས་གསར་བའི་སྒོ་ནས་སློབ་ཁྲིད་ཁྲོད་ཀྱི་ལམ་གསར་བ་འཚོལ་ཞིབ་མཛད་པར། དགེ་རྒན་དང་སློབ་མ་སྐོར་ཞིག་གིས་བསམ་འཆར་མི་འདྲ་བ་བཏོན་ཏེ་བསླབ་བྱའི་ནང་དོན་གོ་བདེར་བཏང་ན་སྙན་ངག་གི་གཞུང་ལུགས་ཁྲོད་ཀྱི་སྙན་ངག་ཅེས་པའི་གོ་དོན་ཉམས་པར་སྙམ་ཡང་། ཁོ་མོས་རང་གི་ལྟ་བ་མཐའ་གཅིག་ཏུ་རྒྱུན་འཁྱོངས་མཛད་དེ་ནུས་ལྡན་གྱིས་སྙན་ངག་གི་འབྲི་སྲོལ་ངེས་གཏན་ལྡན་པའི་ཚིགས་བཅད་ཅན་དང་རོལ་རྩེད་ཅན། གོ་དཀའ་བ་ཅན་གྱི་ནང་དོན་ནས་སྤྱི་ཚོགས་ཅན་དང་གོ་བདེ་ཅན། དེང་རབས་ཅན་གྱི་ལམ་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་མཛད་པ་དང་། འཚོ་བའི་ཁྲོད་དུ་དུས་ཚོད་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་ཉིན་ཧྲིལ་བོ་ཞིབ་འཇུག་དང་འཚོལ་ཞིབ་ཀྱི་ཁྲོད་ནས་དུས་འདའ་ཞིང་། དངོས་ཡོད་དང་ཟུང་འབྲེལ་བྱ་རྒྱུ་དེ་སྤྱི་ཚོགས་ཞབས་འདེགས་ཀྱི་དམིགས་འབེན་ཞིག་ཏུ་བསམ་ནས་སློབ་ཁྲིད་ཀྱི་ཉེར་སྤྱོད་ཐུབ་པའི་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་། མི་ལོ་མང་བོའི་རིང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཁོ་མོས་རང་གི་ཁྱད་ཆོས་ལྡན་ཞིང་དེང་རབས་བོད་ཀྱི་སློབ་གསོ་དང་འཚམ་པ། སློབ་མའི་ཤེས་བྱའི་རྨང་གཞི་ཇེ་མཐོ་དང་ཤེས་རྒྱ་བསྐྱེད་པའི་ཐབས་ལམ་ཞིག་འཚོལ་དཔྱོད་ཐུབ་པར་གྱུར། སྙན་ངག་ཅེས་པ་ནི་སློབ་མའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བའི་ལག་ལེན་གྱི་བསླབ་བྱ་ཞིག་ལ་ངོས་བཟུང་རྐྱེན། ཁོ་མོས་དྭངས་གཙང་གི་ལྷག་བསམ་མཁའ་ལ་བཏེགས་ཅིང་དཀའ་ངལ་གྱི་ལམ་ཕྲེང་རྡོག་པས་བརྫི་གཞིན་སྲོལ་རྒྱུན་གྱི་འབྲི་སྲོལ་ངེས་གཏན་ལྡན་པའི་ཚིགས་བཅད་སྙན་ངག་གི་རྩོམ་འབྲིའི་ཐབས་ཤེས་ལས་བརྒལ་ཏེ། རྒྱལ་ཁབ་ཕྱི་ནང་གི་གནའ་དེང་གསུང་རྩོམ་གྲགས་ཅན་ཁྲོད་ཀྱི་དཔེ་མཚོན་རྩོམ་ཡིག་ཚུར་དྲངས་ནས་སློབ་མར་མཚམས་སྦྱོར་མཛད་པས། སློབ་མ་རྣམས་ལ་སྙན་ངག་བསླབ་བྱའི་རྩོམ་རིག་གི་ནང་དོན་ནས་ཚིག་རྒྱན་སྦྱོར་ཐབས་དང་། རྩོམ་རིག་གི་རྣམ་པ་ནས་སྙན་ངག་རིག་པའི་སྒྱུ་རྩལ་སོགས་ཀྱི་ཕྱོགས་སུ་མྱོང་ཚོར་གསར་བ་ཐོབ་ཏུ་བཅུག་ཅིང་། རྩོམ་ཡིག་འབྲི་སྦྱོང་གི་ཕྱོགས་སུ་རྨང་གཞི་བརྟན་པོ་བཏིང་། དེ་དང་ལྷན་དུ། རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མར《བོད་རྒྱ་ལོ་ཙཱའི་ལག་ལེན》དང《རྒྱ་བོད་ལོ་ཙཱའི་ལག་ལེན》སོགས་ཀྱི་བསླབ་བྱ་སློབ་ཁྲིད་མཛད་པའི་འོས་འགན་ཕྲག་ཏུ་བླངས། སློབ་མའི་ཆུ་ཚད་རིམ་པ་ཞིག་གི་འཕར་བས་རང་གིས་རང་ལ་རེ་བ་ནན་མོ་བཏོན་ཏེ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་སློབ་ཐུན་རེ་རེ་ཕྱོད་ཆེ་བ་ཡོང་ཆེད། ཉིན་མཚན་དབྱེར་མེད་དུ་ལོ་ཙཱའི་ལག་ལེན་དུ་ཞུགས་པ་དང་ལོ་ཙཱའི་ཡིག་ཆ་མང་བོ་ཀློག་འདོན་མཛད་མཐར། ད་ལྟ་ཁོ་མོ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན་དུ་གྱུར་ཡོད། 2000ལོ་ནས་བཟུང་ཁོ་མོས་ད་དུང་ལོ་རྒྱུས་སྡེ་ཁག་དང་སོག་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མའི་འཛིན་གྲྭའི《བོད་ཡིག་གི་རྨང་གཞིའི་ཤེས་བྱ》དང《ནང་བསྟན་གྱི་རྨང་གཞིའི་ཤེས་བྱ》གཉིས་ཀྱི་སློབ་ཁྲིད་ཀྱི་འགན་བཞེས་པ་དང་། ཁོ་མོའི་ངང་རྒྱུད་རིང་ཞིང་ཞིབ་ཚགས་ལྡན་པ་དང་སྟབས་བསྟུན་སྣ་མང་གི་སློབ་ཁྲིད་ཀྱི་ཐབས་ཤེས་ལ་སྡེ་ཁག་གཉིས་ཀྱི་སློབ་མ་རྣམས་ཀྱི་གདེང་འཇོག་ཆེན་པོ་ཐོབ། ཁོ་མོས་སྤྲོ་བ་ཆེན་པོས་སློབ་ཁྲིད་ཀྱི་ལས་འགན་ལེགས་གྲུབ་བྱུང་བའི་དུས་མཚུངས་སུ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དབྱིན་ཡིག་གི་སློབ་གཉེར་ལ་དཀའ་སྤྱད་འབད་བརྩོན་མཛད་དེ་དབྱིན་ཡིག་གི་ཆེད་ཚན་སློབ་གྲྭ་ཆེན་མོ་བའི་སློབ་ཐོན་ལག་འཁྱེར་བླངས་ཤིང་། 1994ལོ་ནས་བཟུང་སྡེ་ཁག་གི་བཀོད་སྒྲིག་ལྟར《རྩིས་འཁོར་དབྱིན་ཡིག》གི་སློབ་ཁྲིད་ཀྱི་ལས་འགན་དང་སློབ་དེབ་སྒྲིག་སྒྱུར་གྱི་ལས་འགན་དང་ལེན་བྱས་དེ་ལོ་ལྔའི་རིང་ལ་འབད་པ་ལྷོད་མེད་མཛད་མཐར་ཡིག་འབྲུ་ཁྲི་བཅུ་ལ་ཉེ་བའི་དབྱིན་བོད་ལོ་ཙཱའི《རྩིས་འཁོར་སྐད་ཡིག》ཞེས་པའི་རྨང་གཞིའི་རང་བཞིན་དང་ཤེས་བྱའི་རང་བཞིན། ཀློག་འོས་རང་བཞིན་ལྡན་པའི་ཕུལ་བྱུང་སློབ་དེབ་ལེགས་གྲུབ་བྱུང་བ་མ་ཟད། 2000ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། 2001ལོར་ནུབ་བྱང་དང་ལྷོ་ནུབ་ས་ཁུལ་གྱི་ཚན་རྩལ་དཔེ་དེབ་ཕུལ་བྱུང་ཅན་གྱི་བྱ་དགའ་ཨང་གཉིས་པ་བླངས། རང་གི་ཤེས་རིག་དང་ལྷག་བསམ་གྱི་ཟེའུ་འབྲུ་ཡོད་ཚད་སློབ་མའི་ཆེད་དུ་ཕངས་མེད་དུ་གཏོར་བར་དགེ་སློབ་རྣམས་ཀྱིས་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་ཅིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད་པ་སྟེ། 1995ལོར་ཁོ་མོས་སློབ་ཁྲིད་ཀྱི་འགན་བཞེས་པའི《སྙན་ངག་གི་གཞུང་ལུགས》ལ་སློབ་གླིང་རིམ་པའི་ཕུལ་བྱུང་བསླབ་བྱའི་མཚན་སྙན་ཐོབ་པ་དང་། 1997ལོར་དཔྱད་རྩོམ《སྙན་ངག་གི་དཔེ་བརྗོད་དང་ཁྲིད་ཐབས་གསར་བ》ལ་ཀན་སུའུ་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཅན་གྱི་བྱ་དགའ་ཨང་གཉིས་པ་ཐོབ། ཆེད་རྩོམ《སྙན་གཞུང་མེ་ཏོག་མ》ཞེས་པ་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་སློབ་གྲྭ་ཆེན་མོའི་སློབ་ཚན་གལ་ཆེན་གྱི་ལས་གཞི་རུ་བཅུག་པ་མ་ཟད། 2001ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་འབྲས་བུའི་ཨང་གསུམ་པའི་བྱ་དགའ་ཐོབ། 1997ལོ་ནས་བཟུང་དགེ་རྒན་ཆེན་མོ་ཧྭ་ཁན་སོགས་ལས་གྲོགས་བཞི་དང་མཉམ་འབྲེལ་གྱིས་སློབ་གླིང་རིམ་པའི་ཞིབ་འཇུག་ལས་གཞི《དབྱིན་བོད་སྐད་གཉིས་ཀྱི་ཞིབ་བསྡུར་དང་སློབ་ཁྲིད་ཞིབ་འཇུག》ཞེས་པ་གྲུབ་ཅིང་། 2002ལོར། རྒྱལ་ཡོངས་སློབ་གསོའི་ཚན་རིག"ལྔའི་བཅུའི"འཆར་གཞི་པུའུ་ཨུའི་ཞིབ་འཇུག་བྱ་གཞི་གལ་ཆེན《ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་མི་རིགས་སློབ་གསོའི་འཕེལ་རྒྱས། བོད་རིགས་ས་ཁུལ་གྱི་བོད་རྒྱ་དབྱིན་གསུམ་གྱི་སློབ་གསོ་ཚོད་ལྟའི་ཞིབ་འཇུག》རེ་ཞུ་ཐུབ་པ་མ་ཟད། ཧུར་བརྩོན་གྱིས་དགེ་རྒན་ཆེན་མོ་ཧའོ་སུའུ་རྨིན་གྱིས་གཙོ་འགན་ཁུར་ཞིང་ཞང་ཀང་ཡའེ་ཧྲི་ཚོགས་པས་ཆོག་མཆན་གནང་བའི《ཀྲུང་གོའི་ཀན་སུའུ་རྨ་ཆུ་རྫོང་གི་བོད་རིགས་འབྲོག་ཁུལ་གྱི་སྤྱི་ཚོགས་ཕོ་མོའི་འབྲེལ་བར་བརྟག་དཔྱད་ཞིབ་འཇུག་བྱེད་པ》ཞེས་པའི་ལས་གཞིའི་ཁྲོད་དུ་ཞུགས། དེ་མིན་ད་དུང《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་སློབ་གསོ》《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》སོགས་ཀྱི་སྟེང་དུ《དུས་རབས་ཉེར་གཅིག་ལ་ཁ་ཕྱོགས་པའི་བོད་ཀྱི་སྙན་ངག་ཁྲིད་ཐབས་གསར་བ》དང《སུའོ་པ》ཡི་སྒྱུ་རྩལ་གླེང་བ། 《རྩོམ་རིག་གི་ཁྱད་ཆོས་རགས་ཙམ་གླེང་བ》《ཧ་ཧྥོ་སློབ་ཆེན་གྱི་སློབ་གསོའི་རིག་ལམ་ཐད་ཀྱི་བསམ་གཞིགས》《བོད་རྒྱ་དབྱིན་གསུམ་གྱི་དཔེ་རྒྱན་གྱི་ཞིབ་བསྡུར་དང་ལོཙཱ》《བོད་རྒྱ་དབྱིན་གསུམ་གྱི་བསྐོར་བའི་ཚིག་གི་ཞིབ་བསྡུར་དང་ལོ་ཙཱ》《བོད་རྒྱ་དབྱིན་གསུམ་གྱི་ཁ་དོག་མཚོན་པའི་མིང་གི་ཞིབ་བསྡུར་དང་ལོ་ཙཱ》《བོད་རྒྱ་དབྱིན་གསུམ་གྱི་ཁྱབ་བརྡ་སྙན་ངག་གི་ཞིབ་བསྡུར་དང་ལོ་ཙཱ》སོགས་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་བར་རྒྱ་ཆེའི་ཀློག་མཁན་དང་མཁས་པ་རྣམས་ཀྱི་བསྟོད་བསྔགས་ཚད་མེད་ཐོབ། རྒན་ཚེ་རིང་འཚོ་ཡི་རིག་གཞུང་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལག་ལེན་དངོས་ཁྲོད་ཀྱི་བསུབ་ཏུ་མེད་པའི་འབྲས་བུ་དང་། ཁོ་མོའི་དཀའ་སྤྱད་གསར་གཏོད་ཀྱི་འགྲོ་ལམ་དང་ཟོལ་མེད་གཞུང་དྲང་གི་སྤྱོད་ལམ་གྱིས་ཁོ་མོ་ཀན་སུའུ་ཞིང་ཆེན་གྱི་སྐབས་དགུ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་། ལན་གྲུ་གྲོང་ཁྱེར་གྱི་སྐབས་བཅུ་གཉིས་པའི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀན་སུའུ་ཞིང་ཆེན་གྱི་བོད་རིག་པ་ཞིབ་འཇུག་ཁང་གི་རྒྱུན་ལས་ལས་འཛིན་པར་བདམས་པ་མ་ཟད། ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མའི་བྱ་འགའ་བླངས་ཤིང་། 1995ལོར་སྐབས་བཞི་བའིNGOའཛམ་གླིང་བུད་མེད་འཐུས་མིའི་ཚོགས་ཆེན་དུ་ཞུགས་ཤིང་། 2002ལོར་ཀན་སུའུ་ཞིང་ཆེན་གྱི"ཕུལ་བྱུང་དགེ་རྒན"གྱི་མཚན་སྙན་ཐོབ། 2005ལོའི་ཟླ8པ་ནས2006ལོའི་ཟླ8པའི་བར་ལ་ཨ་མེ་རི་ཁའི་ཧ་ཧྥོ་སློབ་ཆེན་གྱི་ཧི་མ་ལ་ཡའི་ཞིབ་འཇུག་ཁང་དུ་སོང་ནས་བཅར་འདྲིའི་མཁས་པ་མཛད་མྱོང་།  འདི་ལྟར་མི་ཚེའི་ལང་ཚོ་ཡོད་ཚད་བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའི་ལས་དོན་ཐད་ཕུལ་ཅིང་། ལོ་ངོ་སུམ་ཅུ་ལྷག་གི་དགེ་རྒན་གྱི་འཚོ་བའི་ཁྲོད་ནམ་ཡང་རང་གིས་རང་ལ་རེ་བ་ནན་མོ་འཛིན་བཞིན་སློབ་མ་རྣམས་ལ་ཐུགས་བརྩེ་བའི་སྒོ་ནས་སློབ་ཁྲིད་གནང་བ་དང་།
བོད་ཀྱི་སྲོལ་རྒྱུན་སློབ་གསོའི་སློབ་གཉེར་ཐབས་ལམ་དེ་དེང་རབས་སློབ་གསོའི་མ་ལག་ཁྲོད་ནང་འདྲེན་བྱེད་པར་རང་ནུས་ཅི་འཇོན་གྱིས་བརྩོན་པའི་ལྷག་བསམ་དང་དུང་ཞེན་ནི་རབ་དཀར་གངས་ཀྱི་རི་བོས་མཚོན་ཐབས་མེད་པ་དང་། གཤིས་སྤྱོད་བབ་ཆགས་དང་རླབས་ཆེན་བྱས་རྗེས་ནི་དེ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་གོ།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།