中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། གཞི་རིམ་སློབ་གསོའི་དགའ་ཚལ་ཡངས་པོ་རུ།། རྟག་གུས་བརྩོན་པས་འཇུག་པའི་དམ་པ་གང་།།--- ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་ཆེས་མཆོག་གྱུར་དགེ་རྒན་རྡོ་རྗེ་བྱམས་ཀྱི་གནས་ཚུལ་རགས་བཀོད།
དུས་ཚོད།2017-02-08 16:40:48     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། གསར་འགོད་པ་བཀྲ་ཤིས་ཚེ་རིང་དང་གནམ་ལྷ་རྒྱལ།     ཆུང་། | འབྲིང་། | ཆེ།
    མཛེས་སྡུག་གི་སྙན་པ་ཕྱོགས་བཞིར་ཁྱབ་པའི་ཀན་ལྷོའི་རྩྭ་ཐང་འདི་ན་སྙན་དབང་གསོ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད་ལ། ཡིད་སེམས་སྒུལ་བའི་མཛད་རྗེས་ཀྱི་འོད་སྣང་བསྩལ་མྱོང་བའི་མི་སྣ་མང་པོ་ཞིག་ཀྱང་བྱུང་དང་འབྱུང་བཞིན་ཡོད་དེ། དགེ་རྒན་རྡོ་རྗེ་བྱམས་ནི་ལྷག་བསམ་གྱི་འོད་སྣང་དྲོན་མོ་ལ་བརྟེན་ནས་མཐོ་སྒང་འདི་ནས་སློབ་གསོའི་མྱུ་གུ་འབུས་སུ་བཅུག་པའི་སྐྱེས་བུ་ཞིག་ཡིན།
    རྡོ་རྗེ་བྱམས་ནི་བསང་ཆུ་རྫོང་མཛོད་དགེ་རྐང་ཚ་ནས་སྐྱེས་ཤིང་། 1989ལོར་ཀན་ལྷོའི་མི་རིགས་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་ཀླུ་ཆུ་རྫོང་མཚོ་ཉིན་ཤང་ཀླུའི་ཆབ་བྲག་ས་ཆར་ཡོང་ནས་སློབ་གསོའི་བྱ་བར་འཇུས་ནས་ལང་ཚོའི་རྔུལ་ཁྲག་ས་དེ་ལ་གཏོར་ཞིང་ལས་བཞག་གི་ཞབས་རྗེས་གནས་འདི་ལ་བཀོད།
    ཀླུ་ཆུ་རྫོང་དང་བར་ཐག་ལེ་བར་བརྒྱད་ཅུས་ཆོད་པའི་ཀླུའི་ཆབ་བྲག་ས་ཆ་ནི་མཚོ་ངོས་ལས་མཐོ་ཚད་སྨི 3900ལྷག་དང་། ས་རྒྱུ་ཞན་ལ་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པ། གནམ་གཤིས་ཀྱི་འགྱུར་ལྡོག་དང་དྲོད་གྲང་དོ་མི་མཉམ་པར་དྲོད་ཁྱད་ཧ་ཅང་ཆེ་ཞིང་ཆར་ཆུ་འབབ་ཚད་མི་སྙོམས་ལ། སྡོད་ཁང་མང་ཤས་ས་གྱོས་བཟོས་པས་དབྱར་ཁར་དྲག་རླུང་དང་དྲག་ཆར་འབབ་དུས་སྡོད་ཁང་དུ་ཐིགས་ཆུ་འཛག་པ་རྒྱུན་མི་ཆད། དགུན་ཁར་བུ་ཡུག་གི་ངར་ཁ་རྩུབ་ཅིང་། གྲང་རླུང་གི་སེར་ཁ་རྒོད་པ། ད་དུང་ཅེ་སྤྱང་གི་ངར་སྐད་སོགས་རྒྱུན་པར་ཐོས་པས་སྐྱི་གཡའ་ཞིང་འཇིགས་ཡེར་བའི་གནས་ཚུལ་གྱིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གང་མང་ཞིག་འདུག་མ་བཟོད་པར་བུད་སོང་། ཡིན་ནའང་ལོ་ངོ་ཉེར་བཞིའི་སྔོན་དུ་བོད་ཀྱི་བུ་རྒོད་པོ་རྡོ་རྗེ་བྱམས་ཀྱིས་མཐོ་སྒང་འདིའི་མི་རིགས་སློབ་གསོ་ལ་བཟུང་བའི་བརྩེ་བ་ཟབ་མོ་དང་འགྱུར་མེད་ཀྱི་དམ་བཅའ་ཞིག་ཡིད་ལ་དམ་པོར་བཅངས་ནས་སློབ་མཐར་ཕྱིན་རྗེས་རང་རྟོགས་ཀྱིས་རེ་འདུན་ཡི་གེ་བྲིས་ནས་ཀླུ་ཆུ་རྫོང་གི་འགྲིམ་འགྲུལ་སྟབས་བདེ་མིན་པའི་མཐའ་ཁོབ་ཀྱི་ས་ཆ་སྟེ་ཀླུའི་ཆབ་བྲག་སློབ་ཆུང་དུ་འོངས་ནས་དེ་རུ་དཀའ་བ་གདོང་གིས་བསུ་རྒྱུའི་སེམས་ཐག་བཅད།
    ཇི་སྐད་དུ། དམ་པས་མང་བོ་ཁས་ཆེས་མི་བྱེད་ལ།། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ལྟ་བུ་ནི།། ཤི་ཡང་གཞན་དུ་བྱེད་པ་མི་འགྱུར་རོ།། ཞེས་པ་བཞིན་རྡོ་ལ་རི་མོ་བརྐོས་འདྲའི་ཁོའི་སེམས་ཀྱི་དམ་བཅའ་དེས་ཀླུའི་ཆབ་བྲག་སློབ་གྲྭར་གསོན་ཤུགས་དང་དྲོད་ཁོལ་ཞིག་སྦྱིན། ཁོས་ཐོག་དང་པོར་སློབ་གྲོགས་ཚོར་མགོ་བྱིལ་བྱིལ་བྱས་ནས་འབྲེལ་འདྲིས་བྱེད་འགོ་རྩོམ་དུས་ཁོའི་མདུན་དུ་གནད་དོན་ཞིག་ལྷགས་པ་ནི་ས་དེའི་སློབ་མ་ཚོའི་བག་འཁུམ་ཞིང་སྤོབས་པས་དབེན་པའི་ཉམ་ཆུང་གི་སྣང་ཚུལ་དེ་ཡིན་པས། ཁོས་གནད་དོན་དེར་དམིགས་ནས་དེ་འཚམ་གྱི་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་པ་ནས་འགོ་བརྩམས། ས་དེའི་དྲོད་ཁྱད་ཧ་ཅང་ཆེ་ལ། ཁྱིམ་གྱི་འཚོ་བའི་འཁོས་ཀ་ཞན་པའི་སློབ་མ་རེ་འགར་རྐང་འབོབ་དང་ལྷམ་སོགས་ཧྲུལ་བོ་ཙམ་ལས་མེད་པ་ལ་ཁོ་རྫོང་ཐོག་ཏུ་སོང་ནས་སྐབས་དེའི་སྒོར་བརྒྱ་ཕྲག་འགའི་ཟླ་ཕོགས་ལས་འགྲོ་གྲོན་བཏང་ནས་ཁོ་ཚོར་ལྷམ་དང་རྐང་འབོབ་ཉོས། ལྷག་པར་དུ་ཉིན་ཞིག་གི་མཚན་མོར་སློབ་མ་ཞིག་ལ་ན་ཚ་བྱུང་ནས་ཉེན་ཁའི་གནས་སུ་བཅར་བ་ཁོས་ཐོས་འཕྲལ་འདུག་མ་བཟོད་པར་ཡར་རྒྱུག་མར་རྒྱུག་བྱེད། སྐབས་དེར་འགྲིམ་འགྲུལ་འཕྲུལ་ཆས་མང་བོ་དར་མེད་པར་གཙོ་བོ་རྟ་ལ་ཞོན་ནས་འགྲོ་དགོས་མོད། དེའི་ཁར་ད་ནི་ནམ་གུང་ལོན་པས་སུ་ཚང་ལ་རྟ་ཞིག་གཡོར་བར་སྟབས་བདེ་འམ། ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར་ཁོས་ཅི་མི་བསམ་པར་སློབ་མ་དེ་ཁུར་ནས་བར་ཐག་ལེ་བར་བཅུ་ལྷག་གིས་ཆོད་པའི་ན་འདམ་གྱི་ལམ་དེ་བརྒྱུད་ནས་ས་དེའི་སྨན་ཁང་དུ་བསྐྱལ་བ་དང་ཉེན་ཁ་ལས་བསྐྱབས། གནས་ཚུལ་དེ་ས་དེའི་འབྲོག་པ་མང་ཚོགས་ཀྱི་ཐོས་པ་དང་མཉམ་དུ་རང་གི་བུ་དང་བུ་མོ་སློབ་གྲྭ་ནས་སློབ་བྱོལ་མི་བྱ་རྒྱུའི་ཆོད་སེམས་ཇེ་བརྟན་དུ་གྱུར།
    གློག་དང་ཆུ་མེད་པའི་གནས་ཚུལ་འོག་ནས་ཁོས་ཞག་སྒྲོན་བཀར་ནས་སློབ་མ་ཚོའི་ལས་བྱ་ཞུ་དག་དང་མཚན་མོའི་ཟུར་ཁྲིད་བྱས། འདི་ལྟར་ཞག་སྒྲོན་གྱིས་སྡོད་རོགས་བྱེད་པའི་ལོ་ངོ་བཞི་ལྷག་ཕར་ལ་བསྐྱལ། ཁོས་ད་དུང་སློབ་བྱོལ་དང་བྱིས་པ་ཕྱུགས་རྫིར་མངག་པའི་སྣང་ཚུལ་སྙིང་ཚ་བ་དག་མཐོང་ནས་ཁོ་གང་སར་སོང་ནས་ཁྱིམ་བདག་ལ་ཁ་ཏ་དང་སློབ་གསོ་བཏང་ནས་བྱིས་པ་མང་པོའི་རྨིག་རྗེས་ན་འཛད་པའི་ལས་དབང་ལ་ཁ་ལོ་བསྒྱུར་ནས་སློབ་གསོའི་ལམ་དུ་དྲངས་པ་སྟེ། རེ་ཞིག་ཁོས་སློབ་བྱོལ་བྱས་པའི་སློབ་གྲོགས་འགའ་ཞིག་ལ་ཁ་ཏ་གནང་བར་འགྲོ་བའི་ལམ་བར་དུ་དྲག་ཆར་བབས་པ་དང་། ཆུར་བརྒལ་བའི་སྐབས་སུ་ཆུ་ལོག་བྱུང་ནས་ཅུང་ཙམ་གྱིས་གཅེས་སྲོག་ཤོར། ཁོའི་ལྷག་བསམ་གྱིས་རྫ་ལུང་གི་སེར་ཁ་ན་འཚོ་བའི་བྱིས་པ་དག་ལ་དྲོད་ཁོལ་ཞིག་བསྩལ་དང་སྩོལ་བཞིན་པས་བྱིས་པ་ཚོའི་ཡབ་ལྟ་བུ་ཞིག་ཏུ་གྱུར་ཡོད་དོ།
    1992ལོར། རྡོ་རྗེ་བྱམས་ཀྱིས་གོང་རིམ་འབྲེལ་ཡོད་སྡེ་ཁག་དག་ལ་དཀའ་སྤྱད་ཀྱིས་རེ་བ་ཡང་ཡང་བཏོན་མཐར་ཀླུའི་ཆབ་བྲག་སློབ་ཆུང་ལ་ཐོག་དང་པོར་གློག་འཐེན་པ་དང་། མཚོན་སྐྱའི་བརྙན་འཕྲིན་གཉིས་ལོན་པས་དེ་ནས་བཟུང་མཚོ་ངོས་སྨི 3900ལྷག་གི་མཐོ་སྒང་གི་བྱིས་པ་ཚོས་ཕྱིའི་འཇིག་རྟེན་ལ་རྒྱུས་ལོན་བྱེད་འགོ་བརྩམས། ཁོས་ཕྱོཊ་གཅིག་ནས་སློབ་མའི་སློབ་གསེང་གི་འཚོ་བར་ཡང་གོ་སྐོན་སློབ་གསོའི་རིག་ལམ་དྲངས་ཏེ་བྱིས་གླུ་དང་སྒྲུང་གཏམ། གཏམ་དཔེ་དང་གར་ཆུང་སོཊ་ཀྱིས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་ལ། ཕྱོཊ་གཅིག་ནས་སློབ་ཁྲིད་དུ་བསླབ་གཞིའི་བླང་བྱ་དང་བསྟུན་ཅི་ཐུབ་ཀྱིས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ལ་གཞོལ་ཏེ། སློབ་མ་རྣམས་ཀྱི་རེ་བ་དང་རང་ཉིད་ཀྱི་ཡིད་ཆེས་ཀྱིས་རང་ཁྱིམ་གྱི་དོན་དག་གང་མང་ཕར་ལ་བསྐྱུར་ཅིང་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར་སློབ་གྲྭ་དེ་རུ་གཏན་འདུག་བྱས།
    རྡོ་རྗེ་བྱམས་ཀྱི་ཆུང་མས་བཤད་རྒྱུར་ཁོའི་ཉམས་པ་མེད་པའི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ནི་སུས་ཀྱང་བསྒྲུན་དུ་མེད་པ་ཞིག་ཡིན་ཞེས་བཤད། ཁོས་འདི་ལྟར་སློབ་མ་བུ་བཞིན་སྐྱོང་ཞིང་སློབ་གྲྭ་ཁྱིམ་བཞིན་གཅེས་པའི་བླ་མེད་ཀྱི་ཀུན་སྤྱོད་ལ་ས་དེའི་འབྲོག་པ་མང་ཚོགས་ཀྱི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བཞིན་ཡོད། འདི་ལྟར་ལོ་ངོ་བཞི་ལྷག་གི་རིང་གི་འབད་པས་སློབ་རའི་ཕྱིའི་ཁོར་ཡུག་ལ་དག་གཙང་གི་རྣམ་པ་ཞིག་མངོན་པ་མ་ཟད། ནང་གི་སློབ་གསོའི་ཐད་ནས་ཀྱང་མངོན་གསལ་གྱི་གྲུབ་འབྲས་བཟང་བོ་ཐོབ། 1990ལོར་ཁོས་བསྐྱངས་པའི་འཛིན་གྲྭར་རྫོང་ཡོངས་ཀྱི་སྤྱི་རྒྱུགས་ཁྲོད་བོད་ཡིག་གི་རྒྱུགས་འབྲས་ཨང་དང་པོ་ཐོབ་པ་དང་། 1991ལོར་མཚོ་ཉིན་ཤང་སློབ་ཁུལ་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ཨང་དང་པོ་ཐོབ། 1992ལོ་དང 1993ལོར་བསྟུད་མར་ཕུལ་བྱུང་དགེ་རྒན་གྱི་མཚན་རྟགས་ཐོབ།
    དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁོས་འགན་འཁྲི་ལ་བརྩི་མཐོང་དང་མི་སྒེར་གྱི་མཚན་སྙན་ལ་སྣང་ཆུང་བྱེད་པ་སྟེ། འགན་འཁྲིའི་འདུ་ཤེས་དྲག་པོས་སློབ་ཁྲིད་ཀྱི་གྲུབ་འབྲས་འབུར་དུ་ཐོན། གོང་རིམ་སློབ་གསོའི་སྡེ་ཁག་གིས་ཁོའི་འཇོན་ནུས་ལ་གདེང་འཇོག་བྱས་ཏེ 1994ལོར་ཁོ་མཚོ་ཉིན་ཤང་ཇ་ཚང་རུ་ཆེན་གྱི་སློབ་གྲྭར་སློབ་གསོའི་ལས་གནས་སྤར་བ་དང་། སློབ་གྲྭ་དེར་སླེབས་པ་ན་ སློབ་ཁྲིད་ཀྱི་སྒྲིག་ཆས་ཆ་མི་ཚང་བ་སོགས་ཀྱི་རྐྱེན་པས་ཁོས་རང་གི་ཉལ་ཁང་གིས་སློབ་ཁང་དང་། ཉལ་ཁྲིའི་པང་གཅལ་གྱིས་སྒོ་སམ་བྱས་ནས་སློབ་ཁྲིད་མི་བྱེད་ཐུ་མེད་བྱུང་། ཁོས་ཁྱིམ་བདག་རྣམས་ལ་ཁ་ཏ་ཡང་ཡང་བྱས་མཐར་སློབ་མ 13ནས་སློབ་མ 65རུ་འཕར། གནས་ཚུལ་ཉམས་དགའ་བ་དེ་ལ་བརྟེན་ནས་རྡོ་རྗེ་བྱམས་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཀ་ཇེ་མཐོར་འགྲོ་ཐབས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཀོད། ཁོའི་དཔེ་མཚོན་གྱི་སྣེ་ཁྲིད་འོག་སློབ་གྲྭ་དེའི་སློབ་ཁྲིད་ཀྱི་རྣམ་པ་ཇེ་ལེགས་སུ་སོང་ཞིང་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་ལྡབ་འགྱུར་གྱི་ཇེ་མཐོར་ཕྱིན། 1994ལོར་རྡོ་རྗེ་བྱམས་རྫོང་གིས་ལས་ཁུངས་ཉི་ཤུ་ལྷག་ལས་རིན་ཐང་སྒོར་ཁྲི 3.5ཡི་མ་དངུལ་དང་དངོས་རྫས་གྲབས་འཚོལ་བྱས་ཤིང་། སློབ་ཁང་ལ་དཀར་རྩི་བྱུག་པའམ་རང་འབབ་ཆུ་དྲངས་པ་དང་། དཔེ་ཀློག་ཁང་ཞིག་ཀྱང་བཙུགས། སློབ་མ་རྣམས་ཀྱི་ལམ་ཐག་རིང་བའི་དཀའ་ཁག་ལ་གཞིགས་ནས། རྡོ་རྗེ་བྱམས་ཀྱིས་སྡེ་ཨུ་ཁང་དང་གྲོས་མོལ་གྱིས་སློབ་གྲྭར་སྟབས་བདེ་ཟ་ཁང་ཞིག་ཀྱང་ཕྱེས་པ་དང་། སློབ་མ་རྣམས་ཀྱིས་ཟ་མ་ཚ་བོ་ཞིག་བཟའ་ཐུབ་པར་ཁོས་སློབ་ཁྲིད་གྲོལ་མ་ཐག་ཟས་སྐོལ་གཡོས་སྦྱོར་གྱི་ལས་ཀ་བྱས། འདི་ལྟར་ཁོའི་ཡང་དག་གི་སྣེ་ཁྲིད་འོག་ནས་ཇ་ཚང་སློབ་གྲྭའི་ཁོར་ཡུག་དང་སློབ་གསོའི་མ་ལག་འཐུས་ཚང་དུ་གྱུར། 1994ལོར་རྡོ་རྗེ་བྱམས་ལ་མཚོ་ཉིན་ཤང་སློབ་ཁུལ་གྱི་འཛིན་བདག་ཕུལ་བྱུང་བའི་མཚན་སྙན་ཐོབ།
    1994ལོར་ཁོའི་སློབ་ཁྲིད་བྱེད་ཐབས་དང་འཛིན་གྲྭའི་བདག་དམ་སོགས་ཀྱི་ཁྱད་ཐོན་གྲུབ་འབྲས་ཀྱིས་མཚོ་ཉིན་ཤང་སློབ་ཁུལ་དུ་ལས་གནས་སྤོས། ཁོས་བལྟས་ན་ཁོའི་འགན་འཁྲི་ནི་རང་ཉིད་ཀྱི་གྲུབ་འབྲས་ཀྱིས་ངོམ་པ་མ་ཡིན་པར། དགེ་རྒན་གང་མང་ལ་སློབ་གསོའི་ལས་དོན་དུ་ངེས་པ་དོན་གྱིས་སྣེ་ཁྲིད་ཀྱི་ནུས་པ་ཞིག་བཏོན་ཏེ་སློབ་གྲྭའི་སློབ་གསོར་འབྲས་ལེགས་ཐོན་རྒྱུ་དེ་ཡིན་པར་སྙམ། སློབ་གྲྭའི་སློབ་གཙོ་ཞིག་ཡིན་པའི་ཆ་ནས་ཁོས་དེ་བས་ཀྱང་ཉིན་མཚན་དབྱེར་མེད་ཀྱིས་སློབ་གྲྭའི་སྣ་སོ་སོའི་བྱ་བ་དང་མ་འོངས་པའི་ཕུགས་འདུན་དུ་བསམ་གཞིགས་གང་མང་གནང་། 2005ལོར་རྡོ་རྗེ་བྱམས་ཀྱིས་ས་གནས་མང་ཚོགས་ཁྲོད་ཀྱི་བག་ཆགས་དང་ཡིད་ཆེས་ལ་བརྟེན་ཅིང་། རུ་ཆེན་གསུམ་ནས་ས་མུའུ 400ཡི་རྩྭ་ས་བརྩོན་ལེན་བྱས་པ་ས་དེའི་མང་ཚོགས་ལ་བོགས་མར་བཏང་། ལོ་རེའི་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་གིས་སློབ་མ་རྣམས་ཀྱི་ཟ་མའི་ཁ་སྣོན་བྱས། དེ་ནས་བཟུང་སློབ་མ་རྣམས་ཀྱིས་ཟ་ཐུན་གསུམ་པོར་རྩམ་པ་གཅིག་རྐྱང་ལ་བསྟེན་མི་དགོས་པར། བྱ་སྒོང་དང་གོ་རེ། ཕྱེ་ཐུག་དང་འབྲས་ཐུག་སོགས་བཟའ་ཐུབ་སོང་། 2008ལོར། ཁོས་རང་སྦྱོང་གིས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ཆེད་ཚན་སློབ་གཉེར་བརྒྱུད་རིམ་ཐོབ་ཐང་བླངས། 2009ལོར་རྒྱལ་ཡོངས་སྐབས 183པའི་རེ་བའི་ལས་གྲྭའི་དགེ་རྒན་གསོ་སྦྱོང་སྐབས་སུ་ཀོང་ཀྲོའུ་ཝུའུ་ཧྥུན་སློབ་ཆུང་གི་སློབ་གཙོ་ངོ་ཤེས་ཏེ། སྔ་གཞུག་ཏུ་ཐེངས་གཉིས་ལ་སློབ་གྲྭ་དེའི་རོགས་སྐྱོར་དངོས་རྫས་དང་མ་དངུལ་སྒོར་ཁྲི 4བརྩོན་ལེན་བྱས་ནས་སློབ་གྲྭའི་གཞུང་སྒྲུབ་མཁོ་ཆས་དང་སློབ་མའི་མཁོ་ཆས། སློབ་ལྭ་སོགས་ཉོས།
    ཝུན་ཁྲོན་དང་ཡུལ་ཤུལ་ལ་ས་འགུལ་རྒྱུག་པའི་གནས་ཚུལ་ཐོས་ནས། ཁོས་སོམ་ཉི་ཅི་ཡང་མི་བྱེད་པར་རང་གི་འཕྲུལ་རྟ་བཙོངས་པའི་སྒོར 3000གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་སུ་ཕུལ།
    ཁོའི་མིག་དཔེའི་སྣེ་ཁྲིད་འོག་མཚོ་ཉིན་སློབ་ཆུང་རྫོང་རིམ་པའི་སློབ་གྲྭ་གྲགས་ཅན་གྱི་གྲས་སུ་ཚུད། ལྷག་པར་དུ“ཕལ་ཆེར་གཉིས”ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་བྱེད་སྐབས་མཚོ་ཉིན་སློབ་ཆུང་ལ་གདེང་འཇོག་ཚད་མཐོ་གནང་། ཁོ་རང་ཉིད་ལ་གོང་རིམ་སྡེ་ཁག་གི་མཚན་སྙན་དང་བྱ་དགའ་ཐེངས་མང་ཐོབ་པ་སྟེ། 1995ལོར་མཚོ་ཉིན་གྱིས་དགེ་རྒན་ཕུལ་བྱུང་ཅན་དུ་བདམས། 1996ལོར་རྫོང་སློབ་གསོ་ཅུས་ཀྱིས་དགེ་རྒན་ཕུལ་བྱུང་ཅན་དུ་བདམས། 1997ལོར་ཀན་ལྷོ་ཁུལ་སློབ་གསོའི་ཐེབས་རྩ་ཚོགས་པས་དགེ་རྒན་ཕུལ་བྱུང་ཅན་དུ་བདམས། 1998ལོར་ཁོས་ཁྲིད་པའི་མཐར་ཕྱིན་འཛིན་གྲྭས་རྫོང་ཡོངས་ཀྱི་འགྲན་ཞུགས་རྒྱུགས་སྤྲོད་དུ་བོད་སྐད་ཡིག་གི་བྱ་དགའ་ཨང་དང་པོ་བླངས། ལོ་དེར་མཚོ་ཉིན་སློབ་གྲྭའི་དགེ་རྒན་ཕུལ་བྱུང་ཅན་དུ་བདམས། 2001རྫོང་སློབ་གསོ་ཅུས་ཀྱིས་དགེ་རྒན་ཕུལ་བྱུང་ཅན་དུ་བདམས། 2006ལོར་རྫོང་སློབ་གསོ་ཅུས་ཀྱིས་རྫོང་རིམ་པའི་རྐང་འཛིན་དགེ་རྒན་དུ་བདམས། རྔུལ་ཆུ་དང་སེམས་ཤུགས་གང་མང་ལས་ཐོན་པའི་བྱ་དགའི་མཚན་སྙན་འདི་དག་གི་མདུན་དུ། རྡོ་རྗེ་བྱམས་ཡིད་མགུ་ནས་མ་བསྡད། ཁོ་ལ་ལས་གནས་འཕར་བའི་གོ་སྐབས་ཡོད་ཀྱང་། ཁོས་དེ་མི་བསམ་པར་ལྷག་བསམ་གྱི་ས་བོན་སློབ་གསོའི་ལས་དོན་གྱི་ཞིང་སར་བཏབ་ནས་དཀའ་བ་ཁྱད་གསོད་དང་། སྙིང་སྟོབས་ཞུམ་མེད་ཀྱིས་སློབ་གསོའི་ལས་དོན་ལ་འབད། གཞི་རིམ་ལས་ཐོག་དང་པོའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་གསོའི་ལས་གནས་གང་དུ་ཕྱིན་ཡང་ཁོས་དང་ཐོག་གི་དམ་བཅའ་ཡེ་ནས་བོར་མ་མྱོང་། དེ་བཞིན་དུ་བྱ་བ་ཅི་ལྟ་ཇི་སྙེད་ཅིག་བསྒྲུབ་པར་རང་གིས་སྐུལ་སློང་རྣམ་དག་དང་སྦྱར་ཚེ་དེ་ལ་རེ་བའི་འབྲས་བུ་ཡིད་བཞིན་དུ་འབྱུང་བར་ཁོ་རང་ལ་ཡིད་ཆེས་བླ་ལྷག་འཕེལ། 2010ལོར་ཁོ་རང་ཀ་ཤུལ་སློབ་ཆུང་དུ་ལས་གནས་སྤོས། ལོ་གཉིས་ཀྱི་རིང་སློབ་གྲྭའི་སྣ་སོ་སོའི་བྱ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཀླུ་ཆུའི་ཤང་གྲོང་སློབ་གསོའི་དར་ཆ་ཞིག་ཏུ་གྱུར། ཁུལ་ཐོག་འགོ་ཁྲིད་ཀྱིས་བྱ་བར་ཞིབ་བཤེར་བྱེད་སྐབས་བཤད་རྒྱུར། དགེ་རྒན་རྡོ་རྗེ་བྱམས་ཀྱི་བྱས་རྗེས་ང་ཚོས་ཐེངས་མང་ཐོས་མྱོང་ཞིང་སེམས་འགུལ་ཐེབས། མཚོ་ཉིན་ས་ཆའི་མི་རིགས་སློབ་གསོར་ཁོ་བོའི་ཞབས་རྗེས་ཀྱིས་ཁེངས་སོང་ཟེར།
    འདི་ལྟར་ཁོའི་རྣམ་དག་གི་སེམས་འདུན་དྲོན་མོ་དེ་འཁྱག་རླུང་གིས་བསྡམས་པའི་མཐོ་སྒང་གི་ཉམས་ཐག་པའི་སློབ་གསོའི་ཟུངས་ཁྲག་གི་བར་གསེང་ལ་སིམ་ནས། རྨིག་རྗེས་ན་ཕྱུགས་ཟོག་གི་རྡོག་བརྫིས་གཏོང་བཞིན་པའི་སློབ་གསོའི་རྣམ་ཤེས་དེ་ཡང་བསྐྱར་མཐོ་སྒང་གི་ཕུང་བོ་འདི་ནས་གསོན་དུ་བཅུག ལང་ཚོའི་སྙོམ་ལག་རྒྱས་བཞིན་པའི་བྱིས་པ་ཚོ་ཁོའི་བྱམས་བརྩེའི་འོག་ནས་ནར་སོན་ཏེ་ཕུཊ་བསམ་གྱི་ལམ་ཕྲན་རེ་རེ་དེད་ནས་བུད་སོང་མོད། འོན་ཀྱང་དགེ་རྒན་རྡོ་རྗེ་བྱམས་ཀྱིས་ཁ་ཆར་བུ་ཡུག་གིས་གཙེས་བཞིན་པའི་མཐོ་སྒང་གི་ཡུལ་གྲུ་དེ་ན་གསར་དུ་འཕེལ་བཞིན་པའི་བུ་ཚ་དག་ལ་སློབ་གསོའི་ནུ་ཞོ་སྣུན་བཞིན་བསྡད་ཡོད།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།