中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། ཀླུ་ཆུ་རྫོང་མ་ངེ་གྲོང་བརྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་གནས་ཚུལ་བཀོད་པ།
དུས་ཚོད།2019-01-04 14:47:42     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཅོར་འཇམ་གྱིས།     ཆུང་། | འབྲིང་། | ཆེ།
གཙང་མཁས་གཞན་ལ་ཕན་པའི་བཤེས་གཉེན་གང་།།
བྱིས་བློའི་མུན་པ་སེལ་བའི་སྒྲོན་མེ་ཡིན།
     ----ཀླུ་ཆུ་རྫོང་མ་ངེ་གྲོང་བརྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་གནས་ཚུལ་བཀོད་པ།
ཅོར་འཇམ་གྱིས།  
 
དང་པོ། རྩྭ་ཐང་གི་འབྲོག་ཕྲུག་ཅིག་ནས་དཀར་ནག་གི་ཡི་གེ་འཚོ་བའི་རྫི་བོ་ཞིག་ཏུ་གྱུར་བ།
     དེ་ཡང་བོད་ཀྱི་རིག་གནས་ལ་དུངས་ཞེན་ཆེ་ཞིང་གཞི་རིམ་སློབ་གསོའི་བྱ་གཞག་ལ་རྔུལ་ཆུ་རྫོགས་མེད་བཞུར་ནས་གཞན་ལ་ངོམ་རིན་དུ་ཡོད་པའི་རྐང་རྗེས་ཤར་མོ་གཅིག་རུས་པའི་རྐང་ལ་འཇོག་བཞིན་པའི་ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་ཅན་གྱི་སློབ་གསོ་བའམ་སྒྱུ་རྩལ་བ།རྩོམ་པ་པོ།རོལ་མོ་བ།མདོ་འཛིན་པ།རྡུང་ལེན་པ།དིང་གླིང་བ། ཡིག་བྲིས་པ་སོགས་ཀྱི་བདག་ཉིད་དུ་གྱུར་བའི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ལགས་ནི༡༩༦༨ལོའི་ཟླ༩བར་མདོ་སྨད་ཀླུ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཡུལ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཐང་འཁོར་དུ་མི་ཡུལ་ལ་གླུ་སྐད་ཀྱི་ང་རོ་ཐོག་མ་གྱེར།ཆུང་དུས་སུ་དྲིན་ཆེན་ཕ་མའི་བཀའ་དྲིན་ལས་དཀར་ནག་གི་ནོར་ལུག་འཚོ་བའི་འབྲོག་ཕྲུག་ཆུང་ཆུང་ཞིག་ནས་རིག་གནས་སློབ་གླིང་གི་ཚེ་སྲོག་ལ་འཁྱུད་པའི་ཀ་ཁའི་རྫི་བོ་ཞིག་ལ་ལས་དབང་གི་མདུད་པ་དམ་དུ་ཐེབས།དེ་ནས༡༩༨༢ལོ་རང་ཡུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་རབས་དང་པོའི་སློབ་མར་གྱུར་ཅིང་སློབ་གཉེར་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཀན་ལྷོ་མི་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭར་རྒྱུགས་འཕྲོད།དེ་ནས་བགྲང་བྱ་བཞི་ཡི་རིང་ལ་སློབ་ཆུང་དགེ་རྒན་གྱི་ཆེད་ལས་ལ་རྩེ་གཅིག་ཏུ་གཞོལ།༡༩༨༩ལོ་བསླབ་མཐར་ཕྱིན་རྗེས་ཀླུ་ཆུ་རྫོང་རྫས་ཚ་སློབ་ཆུང་དུ་ལས་བགོ་བྱས།ཁོང་གིས་རྫས་ཚ་སློབ་ཆུང་དུ་དགེ་རྒན་དཀྱུས་མ་ཞིག་གི་མི་ཚེའི་འགྲུལ་བཞུད་ཀྱི་ལམ་ལ་འོད་སྟོང་ལྡན་པའི་དཔའ་ངར་གྱི་གོམ་པ་དང་པོ་དེ་ནས་སྤོས་ཤིང་།རྩྭ་ཐང་གི་ནམ་མཁའ་ལ་འཇའ་ཚོན་གྱི་ཁ་དོག་ལྟ་བུའི་རིག་ཚན་གཞན་པའི་སྒྱུ་འཕྲུལ་སྟེ་གླུ་དང་རྡུང་ལེན།ཞབས་བྲོ།གླིང་བུ་འབུད་པ།གཏམ་རྒྱུད་བཤད་པ།རི་མོ་འབྲི་བ།ལུས་རྩལ་སྣ་ཚོགས་ཀྱི་འདུ་བྱེད་སྤེལ་བ་སོགས་ཀྱིས་རྫས་ཚའི་རྩྭ་ཐང་ལ་དཔྱིད་རླུང་གསར་བ་ཞིག་གི་དྲི་བསུང་ལྡང་བར་བྱས།དེ་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་ཀླུ་ཆུང་རྫོང་མ་ངེ་ལྟེ་བའི་སློབ་ཆུང་དུ་གནས་སྤོ་བྱས། དེ་ནས་བཟུང་དུས་ད་ལྟའི་བར་དུ་བགྲང་བྱ་ཉེར་བརྒྱད་ལྷག་གི་ཡུན་ལ་སློབ་གྲྭ་དེ་ག་ནས་བར་མ་ཆད་པར་སློབ་གསོའི་ལས་དོན་ལ་རང་ཉིད་ཀྱི་བླ་དང་རྐང་དང་རྣམ་ཤེས་བཅས་པ་ཞུ་འབུལ་གནང་བའི་དོན་དང་ལྡན་པའི་རླབས་ཆེན་གྱི་སྤྱོད་པ་མུ་རུ་སྐྱོང་བཞིན་འདུག ཁོང་གིས་ད་ལྟའི་བར་དུ་མ་ངེ་སློབ་ཆུང་ནས་སློབ་སྟོན་པའི་འགན་ཁུར་མྱོང་ཞིང་ཁོ་རང་སློབ་གཙོ་དང་པོ་ལའང་བསྡད་མྱོང་།སློབ་དཔྱོད་ཁང་གི་ལས་འཛིན་པ་བྱས་མྱོང་ལ་ད་དུང་ལོ་རིམ་ཁག་གི་གཙོ་སྐྱོང་བ་དང་ཁྱད་པར་ད་ལ་ཐུག་གི་བར་འཛིན་གྲྭའི་གཙོ་བདག་གི་འགན་ཁུར་བ་སོགས་བྱ་བ་ཆེ་འབྲིང་ཆུང་གསུམ་ཀུན་ལ་རང་ཉིད་ཀྱི་ལུས་སེམས་གཉིས་མེད་དུ་སྟོབས་དང་ཤུགས་ཀྱི་ཟུངས་བཅུད་ཕངས་མེད་དུ་སྦྱིན་དང་སྦྱིན་བཞིན་པ་འདིའོ།། ཁོ་རང་ད་ལྟ་ཀན་ལྷོའི་སློབ་ཁྲིད་སློབ་གསོའི་སྟེང་གི་སྐར་མ་འོད་ཆེན་ལྟ་བུའི་དགེ་རྒན་ཞིག་ཡིན་པ་མ་ཟད་ཀན་ལྷོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་རིམ་པའི་བྱ་རྒོད་དིང་རིའི་གླིང་བུ་རིག་གནས་རྒྱུད་འཛིན་པ། ཀླུ་ཆུ་རྫོང་རོལ་མོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀླུ་ཆུ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ། ཀླུ་ཆུ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད། ཁོས་སློབ་མ་རྣམས་ལ་སྐད་ཡིག་དགེ་རྒན་གྱི་འགན་ཁུར་བ་ཙམ་མ་ཟད་ད་དུང་རྡུང་ལེན་སློབ་ཁྲིད་དང་རྒོད་གླིང་འབུད་པའི་སློབ་མའང་ཞོར་དུ་གསོ་སྐྱོང་བྱེད་བཞིན་པ་སོགས་སྣ་མང་མཉམ་འདུས་ཀྱི་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཇི་སྙེད་པ་བོད་ཀྱི་ཕྱི་རབས་པ་དག་ལ་བརྒྱུད་སྤྲོད་བྱེད་པའི་ཚོགས་གཉིས་བསགས་པའི་ཕ་རོལ་ཏུ་འབད་པ་ལ་རྗེས་སུ་ཡི་རངས་མི་ཞུ་ཀ་མེད་རེད་ཨང་།
གཉིས་པ། ཕུགས་བསམ་གྱི་དར་ཆ་སྒང་ལ་བཙུགས་ནས་བརྩོན་འགྲུས་ཀྱི་ཆུ་འཛིན་རླུང་དང་འགྲོགས་པ།
     ཁོ་རང་དགེ་རྒན་གྱི་ཁྲིད་སྟེགས་སུ་བུད་པའི་ཉིན་དང་པོ་ནས་བཟུང་རྒྱང་ཐག་རིང་བའི་རྩྭ་ཐང་གི་ཕུགས་བསམ་སྙིང་ལ་ཉར་ནས།འོད་ཟེར་ལྡན་པའི་རྨི་ལམ་ཞིག་རྨི་མགོ་བརྩམས།རྨི་ལམ་དེ་ནི་སློབ་ཆུང་གི་དགེ་རྒན་ཚད་དང་ལྡན་པ་ཞིག་བྱེད་པའི་དམ་བཅའ་དེ་ཡིན།དམ་བཅའ་དེ་མངོན་འགྱུར་དོན་སྨིན་ཡོང་བར་ཁོས་སློབ་གྲྭ་ནས་ལྷག་བསམ་རྣམ་དག་གིས་གཞན་སྐྱོང་གི་དཀའ་བ་དང་དུ་བླངས་ཏེ།ཆེས་ཟབ་པའི་བྱམས་པ་དང་ཆེས་སྙན་པའི་སྐད་ངག་གི་གདམས་པ་ལས་སློབ་མ་རེ་རེ་ལ་སློབ་གསོ་གཏོང་བཞིན།རྒྱ་ཆེ་བ་ནམ་མཁའི་མཐོངས་དང་གཏིང་ཟབ་རྒྱ་མཚོའི་མཇིངས་ལྟ་བུའི་སློབ་གསོའི་ས་ཆེན་པོར་སྙིང་རུས་ཀྱི་ས་བོན་བཏབས།མི་ལོ་ཉི་ཤུ་ལྷག་གི་ཡུན་ལ་ཆེས་སྤྱིར་བཏང་གི་རྣམ་པས་ཆེས་བབ་ཆགས་པའི་གཤིས་སུ།ཡང་ན་ཆེས་ལྷོད་བག་གི་ངང་ནས་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་དཀའ་བ་ཁྱད་དུ་སེལ་ཞིང་ངལ་བ་དང་དུ་བླངས་ཏེ་སློབ་གསོའི་ལས་དོན་ལ་དགའ་བ་དང་དང་བ།མོས་པ།ཡིད་ཆེས།བརྩེ་བ་བཅས་ཀྱི་རང་གཤིས་ཡེ་ནས་མ་དོར་བར་དུས་དང་རྣམ་པ་ཀུན་དུ་འབད་པ་ཧུར་ཐག་བྱས་པའི་རྔུལ་ཆུའི་ཐིགས་པ་རེ་རེ་ལས་ཐོག་མའི་དམ་བཅའ་དེ་ཡང་མངོན་འགྱུར་བྱུང་སོང་།
༢༠༠༩ལོ<<སློབ་ཆུང་སློབ་མ་དམའ་འབྲིང་ལ་འཕར་བའི་སྐད་ཡིག་སྦྱང་གཞི་བྱིས་བློ་འབྱེད་པའི་ལྡེ་མིག>>ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།དཔེ་དེབ་འདི་ལ༢༠༡༠ལོར་ཀན་ལྷོ་ཁུལ་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཅན་ཞེས་པའི་བྱ་དགའ་ཐོབ།ད་ལྟའི་བར་དུ་སློབ་ཆུང་སྐད་ཡིག་སྐོར་གྱི་དཔེ་དེབ༣༧ལྷག་སྒྲིག་རྩོམ་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།༢༠༠༤ལོར་ཀན་སུའུ་དགེ་འོས་སློབ་གླིང་གི<<རིག་གཞུང་དུས་དེབ>>སྟེང་དུ་སྤེལ་བའི<<ན་ཆུང་སློབ་མའི་ཀུན་སྤྱོད་ལ་དཔྱད་པ་>>ཞེས་པར་ཁུལ་ཡོངས་ཀྱི་དུས་རབས་གསར་བའི་གླེང་སྟེགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ།༢༠༡༡ལོར་མཚོ་སྔོན་རྒྱང་སྒྲོག་ཁང་གི༣༧༥ཐད་གཏོང་ལེ་ཚན་གྱི་གདན་ཞུས་ལྟར།གཞི་རིམ་སྐད་ཡིག་སློབ་གསོའི་སྐོར་གྱི་སེམས་གཏམ་ཞེས་པ་ཁ་པར་གྱི་སྐུད་སྣེ་བརྒྱུད་དེ་བོད་ཁམས་ཡོངས་ལ་ཐད་གཏོང་བྱས།༢༠༡༢ལོར་མཚོན་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱི་གདན་ཞུས་ལྟར།ཁོས་བཅར་འདྲི་དང་ལེན་བྱས་ཏེ་སློབ་གསོ་གཏོང་ན་གོ་སྐབས་ལ་བརྟེན་དགོས་ཞེས་པའི་ཐུན་མོང་མ་ཡིན་པའི་སློབ་ཆུང་སློབ་མར་སློབ་གསོ་གཏོང་ཐབས་གཞན་ལས་ཁྱད་དུ་འཕགས་པའི་ཁྲིད་ཐབས་དོན་དང་ལྡན་པ་ཞིག་སྒྲ་གཟུགས་གཉིས་ལྡན་གྱི་བརྙན་ལམ་བརྒྱུད་དེ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་སྒྲོག་རྒྱང་བྱས། གཏམ་བཤད་དེ་ཕྱོགས་སོ་སོའི་ཉན་མཁན་མང་པོས་དགའ་བསུ་དང་ཡུལ་སོ་སོའི་རིག་གནས་ལས་འཛིན་གྱི་སྨྱུག་ཐོགས་པ་གང་མང་མང་ཞིག་ལ་ངེས་པ་དོན་གྱིས་སློབ་གསོ་བ་ཞིག་གི་བག་ཆགས་གཏིང་ཟབ་མོ་བཞག དེ་ལྟ་བུའི་ནུབ་རྒྱུ་མེད་པའི་སློབ་གསོ་དོན་གཉེར་གྱི་ས་རྟགས་རེ་རེ་ཁོས་མི་ཡུལ་ལ་གཅིག་ཐོག་གཉིས་བརྩེགས་སུ་བཞག་ཡོད། མི་ལོ་དུ་མའི་རིང་ལ་ཁོས་སློབ་གསོ་ནི་རང་ཉིད་འཚོ་སྟངས་རྣལ་མ་ཞིག་ཏུ་ངོས་བཟུང་འདུག་སྟེ།དགེ་རྒན་ཞིག་ཡིན་ན་དེ་ལ་སློབ་མ་སྐྱོང་བའི་འགན་འཁུར་ལྕི་མོ་ཡོད་པས་སློབ་ཁྲིད་བྱེད་པའི་དུས་སུ།ཁོས་རང་ཉིད་ལའང་རེ་བ་ནན་མོ་བཟུང་སྟེ་ཉི་མ་རེ་རེ་ལ་སློབ་ཁྲིད་ནན་ཏན་བྱེད་པ་རྒྱུན་འཁྱོངས་བྱས།དེ་ལྟར་དུ་ཁོའི་སློབ་གསོའི་ཁ་ཕྱོགས་ཀྱང་གཞན་ལས་ཕུན་སུམ་ཚོགས་པ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་གོམ་གང་མདུན་དུ་སྤོ་བར་འགྱུར་བ་མེད་པའི་དཔའ་གདང་བརྙེས།ཁོས་དུས་ནམ་ཡིན་ན་ཡང་ཁྱིམ་དོན་དང་རྐྱེན་གཞན་པ་གང་རུང་གིས་ནོག་པའི་སེམས་ཁམས་སྡིག་པོ།ཡང་ན་རྙོག་པོར་གྱུར་བའི་སེམས་ནང་གི་འཚོ་བའི་ན་ཟུག་སོགས་རང་གི་ཆགས་སྡང་གང་ཡིན་པ་དེ་དག་གི་གྲིབ་མ་ཙམ་ཡང་སློབ་ཁང་དུ་ཁྱེར་མི་ཡོང་བར།སློབ་ཁང་ནས་ནམ་ཡང་སྤྲོ་སྣང་གི་རང་གཤིས་ཤིག་རྒྱུན་འཁྱོངས་བྱས་ཏེ་སློབ་མ་ཚང་མར་བདག་ཅག་གི་སྟོན་པས་རིགས་མི་གཙོ།རུས་མི་གཙོ།བསླབ་པ་གཙོ་ཞེས་གསུངས་པ་ལྟར་དུ་རིས་སུ་མ་ཆད་པར་ངོས་སྙོམས་གཅིག་གི་སྟེང་ནས་འདྲ་མཉམ་དུ་ལྟ་ཞིང་།དགེ་སློབ་གཉིས་ལ་བར་ཐག་མེད་པའི་སློབ་གསོའི་མཁའ་དབུགས་ཡག་པོ་ཞིག་ཆགས་པར་ནམ་རྒྱུན་བྱིས་བློ་དང་མཐུན་པའི་ཁ་བརྡ་བྱེད་པ་དང་བྱིས་པའི་ན་ཚོད་དང་རན་པའི་སྤྲོ་སྣང་ཅན་གྱི་བློ་སྒོ་འབྱེད་ཐབས་བཅས་ལ་སུན་སྣང་མེད་པར་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་མཛད་མེད་དུ་བེད་སྤྱོད་གཏོང་བས།སློབ་མ་རྣམས་ལའང་སྐྱོན་སྣ་གཅིག་འགྲིབ་པ་དང་ཡོན་ཏན་སྣ་གཅིག་ལྡན་པ་ལ་མ་བཅོས་པའི་མཐུན་རྐྱེན་སྦྱོར།མཐུན་རྐྱེན་དེ་ལས་སློབ་མ་ཚང་མ་དགེ་རྒན་ལ་དགའ་བ་དང་དགེ་རྒན་ཁོ་ལ་ཡིད་ཆེས་ཀྱི་མོས་པ་ཞིག་ངང་གིས་ཆགས་ཏེ་ཤེས་བྱ་གང་ཡང་སློབ་མའི་རྒྱུད་ལ་བདེ་བླག་ངང་འཇོག་པའི་ཡོན་ཏན་དུ་མ་ལྡན།ཁོ་ནི་དུས་ཚོད་ག་དུས་ཡིན་ན་ཡང་སློབ་གསོའི་ལས་དོན་ལ་སྤྲོ་སྣང་རིང་ལུགས་པ་ཞིག་ཡིན་པས་དགེ་གྲོགས་མང་བོས་སློབ་སྦྱོང་བྱེད་སའི་དམིགས་དཔེ་ཡང་རེད།ཁོས་ད་ལྟའི་བར་དུ་མཐར་ཕྱིན་སློབ་མ་རབས་བདུན་ལྷག་བསྐྱངས་མྱོང་བ་དང་རྒྱུགས་འབྲས་ཀྱང་རྫོང་ཡོངས་ཀྱི་ཡང་རྩེ་བླངས་མྱོང་།ཁོས་བསྐྱངས་པའི་སློབ་མ་དག་ནི་རབས་སྔོན་མ་ལས་རབས་ཕྱི་མ་དག་ལ་སྣ་འཛོམས་ཀྱི་ཁྱད་ཆོས་ལྡན་པའི་བཤད་ཕོད་པ་དང་སྒྲུབ་ཕོད་པའི་མི་རབས་གཅིག་ཁོ་ལག་རྫོགས་པར་རྨང་གཞི་ཡག་ཐག་ཆོད་པོ་བཏང་དང་གཏོང་བཞིན་འདུགཁོ་རང་དགེ་རྒན་བྱས་པའི་དུས་ཡུན་ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ་དཔེ་དེབ་ཀྱི་འགྱུར་བཟོ་ཐེངས་དགུ་ལ་བརྗེ་སོང་།ཡིན་ན་ཡང་ཁོས་དཔེ་དེབ་དེ་དག་རེ་རེ་བཞིན་དུ་ཞིབ་འཇུག་བྱས་ཏེ་དེ་ལས་བསླབ་ཚན་རེ་རེ་དང་སློབ་ཐུན་རེ་རེ་ལ་ཁྲིད་ཐོ་གཟབ་ནན་བྱས་ཏེ་འབྲི་རྒྱུར་གོམས་ཡོད་པས་༡༩༩༩ལོར་ཁུལ་ཡོངས་ཀྱི་བོད་ཡིག་སློབ་ཁྲིད་འགྲན་བསྡུར་ལས་ཨང་གཉིས་པའི་མཚན་སྙན་བླངས།༢༠༠༧ལོར་རང་ཁུལ་གྱི་སྐབས་བཞི་བའི་ན་གཞོན་སློབ་ཁྲིད་པ་འཇོན་ཐང་ཅན་དུ་བདམས།ཁོས་སློབ་ཆུང་སློབ་མ་རྣམས་ལ་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ཀུན་སློང་བསྐྱེད་བསྲིང་བྱེད་པའི་བྱེད་ཐབས་དེ་ནི་སློབ་མ་རང་ཉིད་ཀྱི་མི་གཤིས་ཅན་དུ་བསྒྱུར་བའི་མཐར་ཐུག་གི་སློབ་གསོའི་དགོངས་པ་རྫོགསས་པར་བྱེད་པའི་དེང་རབས་སློབ་གསོ་བ་ཤ་སྟག་ཅིག་རེད།སློབ་མ་སློབ་སྦྱོང་ལ་མི་དགའ་བ་དང་སློབ་སྦྱོང་བྱེད་པར་སྤྲོ་སྣང་མེད་པ་།ཡང་ན་སློབ་སྦྱོང་བྱེད་པ་ནི་ཁུར་བོ་ཞིག་ཏུ་འདོད་མཁན་གྱི་རྗེས་སུ་ལུས་པ་དག་ལ་ཁོས་ཐབས་བརྒྱ་ཇུས་སྟོང་གིས་སྐུད་སྣེ་ཁབ་ཀྱིས་ཁྲིད་དེ་སློབ་མའི་རྒྱུད་བཏུལ་ནས་ཡ་རབས་སྤྱོད་བཟང་ཅན་ལ་བསྒྱུར་བར།རང་གི་བློ་གྲོས་རྩལ་དུ་སྤྲུགས་སྟེ་ཐབས་ཤེས་གཉིས་ལྡན་གྱི་བྱེད་ཐབས་ལས་ལེགས་པའི་ལམ་དུ་དྲངས།ད་དུང་ཁོས་སློབ་མ་ཚོར་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ནུས་པ་བསྐྱེད་བསྲིང་བྱེད་པ་ནི་སློབ་གསོའི་མཐོ་ཚད་དུ་བཟུང་སྟེ་རང་གི་མིག་མདུན་གྱི་སློབ་མ་ཆུང་ཆུང་ཚོ་ནི་མ་འོངས་བའི་རེ་བ་དང་མི་རིགས་ཀྱི་བདག་པོ་ཡིན་པས་གཞན་སྐུལ་ལས་རང་འགུལ་གྱི་སེམས་པ་ལྡན་པར་བྱས་པས།ཁོའི་སློབ་མ་ཞིག་ཡིན་པར་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་སློབ་མ་རྣམས་ཀྱིས་ཀྱང་བསླབ་ཕྱིའི་དཔེ་ཆ་རང་འགུལ་གྱིས་ཀློག་པ།སློབ་ཁྲིད་ཀྱི་རེ་འདུན་ལྟར་དུ་སྦྱོང་བ་བྱེད་པའི་གོམས་གཤིས་བཟང་བོ་ཞིག་ཀུན་ལ་ལྡན་ཡོད་པས་།དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་སློབ་མ་རྣམས་ནི་འཛིན་གྲྭ་གཞན་པ་ལས་མངོན་གསལ་དུ་ཁྱོན་ཡོངས་ནས་གསོན་མདངས་ཆེ་ཞིང་འདབ་ལག་རྒྱས་པའི་ལྗོན་ཤིང་ཞིག་དང་འདྲ།ཁོ་ནི་སློབ་གསེང་སྐབས་སུ་སློབ་མ་རྣམས་དང་མཉམ་དུ་འདྲེས་ནས་སློབ་མ་རེ་རེའི་མི་གཤིས་སྔོག་འདོན་བྱས་ཏེ་སློབ་མ་ཚོའི་སེམས་ཀྱི་ཆེས་གཉོམ་ས་ལ་འཇམ་ལྷོད་ལྷོད་དུ་སེམས་ཀྱིས་བྱིལ་བྱིལ་གནང་བས་སློབ་མའི་སྙིང་གི་བུ་ག་རེ་རེ་བརྟོལ།དེ་བས་དགེ་རྒན་ནི་སློབ་མ་ཚོས་གཟིམ་རྒྱུ་མེད་པའི་སྒྲོན་མེ་ཞིག་ལྟར་གཅེས་གཅེས་བྱེད།ཁོས་ཇི་གསུང་སློབ་མ་ཚོས་སེམས་དང་བསམ་པའི་གཏིང་ནས་དང་ལེན་བྱེད།ཁོང་གི་སློབ་ཁྲིད་ནི་སྤྲོ་སྣང་རང་བཞིན་ཅན་གྱི་རྩེ་ནས་བླངས་པའི་གྲུབ་འབྲས་ཅེས་པ་ལྟར་དགེ་སློབ་མཉམ་འབྲེལ་དུ་མཛའ་བརྩེ་ལྡན་པའི་ངང་ནས་དཀའ་ཁག་མེད་པར་ལྷོད་ལྷོད་དུ་སློབ་མ་རྣམས་ཀྱི་རྒྱུད་ལ་སིམ་པོར་འཇོག་ཐུབ།ཁོས་སློབ་མ་ཡོངས་ལ་ཁ་ཕྱོགས་སྟེ་སློབ་མའི་སྤྱི་ཡོངས་འཕེལ་རྒྱས་སུ་གཏོང་བ་དང་སློབ་མའི་སྤུས་ཚད་སློབ་གསོ་ལ་མཐོང་ཆེན་བྱེད་དགོས་པའི་དགོངས་པ་ལྟར།སློབ་མ་ནི་སྤྱི་ཚོགས་ཀྱི་ཐུན་མོང་གི་སྟོབས་ཤུགས་དང་ཤེས་རིག་གི་བང་མཛོད་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་པས་ཁོང་གིས་སློབ་མ་ཚོ་སློབ་གྲྭའི་ནང་དུ་ཡོང་དོན་ནི་མི་ངོ་མའམ་མི་ཧྲིལ་བོ་ཞིག་ཏུ་འཚར་ལོངས་འབྱུང་བར་སློབ་གྲྭར་ཡོང་བ་ཡིན་པ་ལས།ཡི་གེ་ཁོ་ན་ཙམ་ངོས་འཛིན་བྱེད་ཐུབ་པའི་མི་ཕྱེད་ཀ་བ་ཙམ་གྱི་ཆེད་དུ་ཡོང་བ་མ་ཡིན་ལ།སློབ་གྲྭས་ཐོན་སྐྱེད་བྱེད་དོན་ཀྱང་དེ་ལྟ་བུའི་ཕལ་བའི་ཕལ་བ་ཞིག་མ་ཡིན་པས།ངཚོའི་དགེ་རྒན་ཚང་མའི་འགན་འཁུར་ཡང་ཡི་གེ་ཁྲིད་པ་ཁོ་ན་མ་ཡིན་པར་གཙོ་བོ་ཀུན་སྤྱོད་སློབ་གསོ་གཙིགས་སུ་བཟུང་སྟེ་སློབ་མ་ཚང་མ་སྤྱོད་ཡོན་གཉིས་ལྡན་གྱི་མི་གཞི་དྭངས་མ་ཞིག་ནར་སོན་པར་གསོ་སྐྱོང་བྱེད་དགོས་ཟེར།ཁོས་ཀུན་སྤྱོད་སློབ་གསོ་གཏོང་དགོས་ན་གཙོ་བོ་དགེ་རྒན་རང་ཉིད་ལ་འབྲེལ་བ་དམ་དུ་ཡོད་དེ་དགེ་རྒན་གྱི་སྤྱོད་ལམ་ཇི་ལྟ་བུ་ཞིག་ཡིན་ན་སློབ་ཆུང་སློབ་མ་རྣམས་ཀྱི་སྤྱོད་ལམ་ཡང་ཇི་སྙེད་པ་དེ་ལྟ་བུ་ཡིན་ཏེ་མེ་ལོང་དུ་གཟུགས་བརྙན་འཆར་བའི་དཔེ་ལྟ་བུ་ཡིན།དེ་བས་ཐོག་མར་དགེ་རྒན་རང་ཉིད་ཀྱི་སྤྱོད་ལམ་ལ་མཉམ་འཇོག་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོར་བརྩི།
གསུམ་པ། ཐབས་ཤེས་ཀྱི་རྩོལ་བ་ཟུང་དུ་སྦྲེལ་ཞིང་ལྷག་བསམ་གྱི་ཆུ་མིག་གངས་ལ་བརྡོལ་བའི་སྐད་ཡིག་དགེ་རྒན་ཞིག་གི་བཞུར་རྒྱུན།
     དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ནི་སྐད་ཡིག་དགེ་རྒན་ཞིག་ཡིན་པ་དང་འཛིན་གྲྭའི་གཙོ་བདག་གི་འགན་ཁུར་བའི་དོ་དམ་པ་ཞིག་ཡིན་པའི་ཆ་ནས།ཁོའི་འཛིན་གྲྭར་ཐུན་མོང་གི་སྒྲིག་གཞི་ཞིག་ཡོད་དེ།དེ་ནི་ཕ་སྐད་གཙང་མ་བཤད་རྒྱུ་ནི་སློབ་གྲོགས་ཐུན་མོང་གི་འོས་འགན་དང་སྐད་ཡིག་བཟང་བོ་སྦྱོང་རྒྱུ་ནི་འཛིན་གྲྭ་ཐུན་མོང་གི་དམ་བཅའ་ཡིན་པ་རྩ་དོན་དུ་བཟུང་ནས།སློབ་མ་རྣམས་ལ་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ་དམངས་གཙོ་ནི་འཛིན་གྲྭ་ཡག་པོ་ཞིག་གི་སྔོན་འགྲོ་རུ་བཀུར་ཞིང་དྲང་བོ་དྲང་བཞག་ནི་འཛིན་གྲྭ་ཐུན་མོང་གི་སྟོབས་ཤུགས་སུ་བྱས།བདེན་བཟང་མཛེས་གསུམ་ཀྱང་འཛིན་གྲྭ་ཐུན་མོང་གི་སྣང་བརྙན་དུ་བཞེངས།སློབ་གྲོགས་ཕན་ཚུན་དང་དགེ་སློབ་ཕན་ཚུན་བར་ལ་ཡིད་ཆེས་བརྟན་པོ་བཅིངས་རྒྱུ་ནི་འཛིན་གྲྭ་ཐུན་མོང་གི་དར་ཆ་རུ་མཐོན་པོར་བསྒྲེངས་ཤིང་ད་དུང་འཛིན་གྲྭ་གསོན་ཉམས་ཀྱིས་ཁེངས་པ་ནི་དགེ་སློབ་ཐུན་མོང་གི་སྒུལ་ཤུགས་ཤིག་ཡིན་པས་ཆོས་དངོས་གང་ལ་གཅེས་སྤྲས་བྱེད་པ་དང་གཞུང་སྒེར་གང་ཡང་གཙང་དག་བྱེད་པའི་གོམས་གཤིས་ནི་འཛིན་གྲྭ་ཐུན་མོང་གི་རང་ཚུགས་ཡིན་པ་མ་དོར་བར།རྡོག་རྩ་གཅིག་སྒྲིལ་ནི་འཛིན་གྲྭ་ཐུན་མོང་གི་སྒལ་ཚིགས་སུ་བཟུང་བ་བཅས་སློབ་གྲོགས་ཚང་མས་འཛིན་གྲྭ་སྤྱི་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་འབྲེལ་ཟམ་ཞིག་ངང་གིས་ཆགས།ཁོས་སློབ་མ་ཚང་མ་རེ་རེ་བཞིན་འཛིན་གྲྭའི་ལྟེ་སྙིང་དུ་བཟུང་སྟེ་བྱེད་སྒོ་སྣ་ཚོགས་ཚོགས་སྤེལ་བས་སློབ་གྲྭའི་ཁོར་ཡུག་གི་གྲུ་ག་རེ་རེ་དང་སྤྱི་ཚོགས་ཀྱི་ཟུར་སོ་སོ་ནས་བསྟོད་པའི་མཐེ་བོང་བསྒྲེངས་ཞིང་རེ་འདུན་གྱི་སྨོན་སེམས་རྒོད།
ཁོང་གིས་སློབ་མ་སྐྱོང་བ་ལ་ཡི་གེ་ཁྲིད་པ་ཁོ་ན་མ་ཡིན་པར་དགེ་རྒན་ཞིག་ལ་མཚོན་ན་སློབ་མ་སྐྱེད་བསྲིང་བྱེད་པ་ནི་བཟོ་གྲྭ་ནས་དངོས་པོ་ཐོན་སྐྱེད་བྱེད་པ་ལས་བརྒལ་ཏེ་སློབ་གྲྭ་ནས་མི་ཞིག་བཟོ་སྐྲུན་བྱེད་བཞིན་འདུག་པ་དང་ཀུན་ནས་མཚུངས་བས།མི་ཞིག་བཟོ་སྐྲུན་བྱེད་པ་ལ་གཙོ་བོ་ཀུན་སྤྱོད་སློབ་གསོ་ལྟེ་སྙིང་དུ་འཛིན་པ་ལས་ལྷག་པའི་གལ་ཆེན་ཞིག་མི་འདུག་ཟེར།སློབ་མའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བར་དགེ་རྒན་རང་ཉིད་ནས་མགོ་བརྩམས་ཏེ་རང་གི་འགྲོ་འདུག་ཉལ་ཆགས་ལ་དོ་སྣང་བྱེད་པ་དང་གཞན་སློབ་མའི་སེམས་ཁམས་ཀྱི་དགའ་སྐྱོ་ཆགས་སྡང་གང་ཡིན་པ་ཁྱིམ་ཚང་གི་སློབ་གསོ་ལ་ཐད་ཀར་འབྲེལ་བ་ཡོད་པས།ཁོས་ཁྱིམ་བདག་དང་ཕན་ཚུན་གྲོགས་བསྒྲིགས་ཏེ་སློབ་མའི་རྒྱུད་ལ་བསམ་པ་ཡག་པོ་ཞིག་དང་པོ་ནས་ཆགས་པར་ཁྱིམ་བདག་ལ་སློབ་གསོ་བརྒྱབ་པའི་ཐབས་ཤེས་བཙལ།དེ་ལས་གཞན་སློབ་མའི་བག་ཆགས་ཀྱི་ངོས་ན་གཉུག་གཤིས་སུ་གྲུབ་པའི་དགའ་ཕྱོགས་སོ་སོ་བ་ཤེས་རྟོགས་བྱེད་པའི་ཆེད་དུ།ཁོས་ཡང་བསྐྱར་ཁྱིམ་བདག་དང་འབྲེལ་བ་བྱས་ཏེ་སློབ་མའི་ནང་སེམས་ལ་དཔུང་འཇུག་གིས་མི་གཤིས་དང་སློབ་སྦྱོང་གཉིས་ཐག་ཇེ་ཉེ་རུ་འགྲོ་བར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།ལྷག་པར་དུ་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་འཐུས་ཤོར་མི་འབྱུང་བའི་ཆེད་དུ་ནམ་ཡིན་ན་ཡང་སྐྱོ་ངལ་གྱི་སྒྱིད་ལུག་སྤང་ཏེ་ཁྱིམ་ཚང་རེ་རེ་བཞིན་སྒོ་གཏུག་བྱེད།ཁོས་སློབ་མ་སུ་ཡིན་ན་ཡང་ལོག་ལམ་དུ་མི་ཤོར་བའི་ཆེད་ལ་སུན་སྣང་མེད་པར་དབྱར་དགུན་སྟོན་དཔྱིད་བཞི་ལ་སློབ་ཁྲིད་བྱེད་ཞོར་དུ་སྡེ་བ་ཡར་མར་ཀུན་གྱི་ཁྱིམ་བདག་དང་འབྲེལ་བ་བཙུགས་ཏེ་སློབ་གྲྭ་དང་སློབ་ཁང་།ཁྱིམ་ཚང་གསུམ་ནི་བདེ་ཐང་གི་མི་བུ་ཞིག་སྐྱེད་བསྲིང་བྱེད་པའི་ཁོར་ཡུག་ཁྱད་པར་ཅན་ཞིག་ཏུ་ངེས་བཟུང་སྟེ་སེམས་ཀྱི་རྔུལ་ཆུ་རྫོགས་མེད་པ་ཞིག་སློབ་གསོའི་ལས་དོན་གྱི་ས་ཞིང་དུ་བཞུར་ནས་འཐིམས་མྱོང་།
ཉིན་མོ་སློབ་ཁྲིད་བྱེད་པ་དང་སྦྱང་བྱ་ཞུ་དག་བྱེད་པ་དང་ཁྲིད་ཐོ་བཟོ་བ།སློབ་གསེང་གི་བྱེད་སྒོ་སྤེལ་བ་སོགས་ཀྱིས་དུས་ཚོད་ཀྱི་ཁོམ་པ་ཞིག་ཡེ་ནས་མ་བྱུང་ན་ཡང་།མཚན་མོ་ཡིན་ཀྱང་ཉིན་གཅིག་གི་སློབ་གསོའི་ལས་འགན་མ་འགྲུབ་ན་སློབ་མ་ཚོ་ཁྱིམ་ཚང་རེ་རེའི་སྒོ་ཁར་བསྐྱལ་ཏེ་སློབ་ཁྲིད་ཀྱི་འགན་ཁུར་བརྒྱ་ཆ་བརྒྱ་ནས་འགྲུབ་པར་བྱེད་པ་ལ་ཐེ་ཚོམ་མ་ཡོད།རླབས་ཆེན་གྱི་སྤྱོད་པ་འདི་ནི་མི་རང་ག་བ་ཞིག་གིས་སྒྲུབ་པ་སྨོས་ཅི་དགོས་ཐ་ན་ཡིད་ལའང་དྲན་དཀའ།ཁོས་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ལའང་སློབ་སྦྱོང་ལ་ཅུང་ཞན་པ་དང་རིག་པ་རང་བཞིན་གྱིས་རྟུལ་བའི་སློབ་མ་དག་ལ་གསབ་ཁྲིད་བྱས་ཏེ།གཟའ་རྗེས་མར་སློབ་གྲོགས་གཞན་པ་ཚོ་དང་མཉམ་མཉམ་དུ་གཏོང་བར་དཀའ་ལས་ཁག་པོ་རྒྱག་བཞིན་ཡོད།ད་དུང་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་བོད་ཡིག་གི་རྒྱུན་མཁོའི་ཤེས་བྱ་གང་མང་མང་ཞིག་སློབ་མ་ཚོར་གསབ་ཁྲིད་བྱེད་བཞིན་ཡོད།ལས་ཀ་འདི་ནི་ཉིན་གཅིག་གཉིས་དང་ཟླ་གཅིག་གཉིས་ཙམ་གྱི་དུས་ཡུན་མ་ཡིན་པར་ལོ་དང་ལོ་མཐུད་དེ་བགྲང་བྱ་མང་བོ་ཞིག་ལ་ཆད་པ་མེད་པར་རྒྱུན་འཁྱོངས་བྱེད་པའི་སྙིང་སྟོབས་ཡིན་པས་ཁོ་དང་ཆ་རྒྱུས་ཡོད་པའི་མི་སུ་ཞིག་ཡིན་ན་ཡང་ཁོང་ལ་རྗེས་སུ་ཡི་རངས་མི་བྱེད་མཁན་གཅིག་ཀྱང་མ་ཡོད།དགོན་སྡེ་དང་མཆོན་རྟེན་སོགས་རྒྱལ་བའི་བསྟན་སྐོར་རྒྱག་རྒན་རྒོན་ཚོས་ཀྱང་སྐོར་མཐའ་ན་ཁ་བརྡ་འདི་ལྟར་བྱེད་བཞིན་འདུག་སྟེ།སེམས་ཅན་ནང་ན་སངས་རྒྱས་དང་ས་རྡུལ་ནང་ན་གསེལ་དངུལ་ཟེར་བའི་དཔེ་ལྟར་དུ་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ནི་གཞན་ཕན་ལྷག་བསམ་གྱི་སྙིང་རྗེ་ལྡན་པའི་རྒྱལ་སྲས་བྱང་སེམས་དཔའ་ཞིག་འཇིག་རྟེན་མི་ཡུལ་དུ་བྱུང་བའི་བདེན་དཔང་རེད་ཨང་ཞེས་མགོ་བོ་གཡུག་གཡུག་བྱེད་བཞིན་བཤད་མི་ཚར་བའི་བསྟོད་བསྔགས་འཐེན་བཞིན་འདུག དཔེར་ན། ཁོའི་ལོ་རབས་ཞིག་གི་སློབ་མའི་གྲོས་ན་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་སྡུག་པོ་ཡིན་པའི་བུ་གུ་ཞིག་ཡོད།ཉིན་གུང་རྒྱུན་དུ་ཟ་མ་ཟ་བར་ཡུལ་དུ་ཕྱིར་མི་ལོག་པ་དང་སློབ་སྦྱོང་བྱེད་པའི་སེམས་ཁམས་ཀྱང་ཧ་ཅང་རྙོག་པོ་རེད།ཁོས་རྒྱུ་མཚན་དེ་ཤེས་རྗེས་རྒྱུན་པར་སློབ་མ་དེར་འབྲེལ་བ་བྱས་ཏེ་ཁ་བརྡ་བྱེད་པ་དང་རང་གི་ཤོག་དངུལ་བཏང་སྟེ་ཟ་ཁང་དུ་ཟ་མ་ཟ་རུ་བཅུག སེམས་པ་རྣམ་དག་གིས་སློབ་མ་དེའི་ཆེད་དུ་སེམས་ཁུར་བྱས་ཏེ་སློབ་གྲྭ་གྲོལ་རྗེས་རང་ཁྱིམ་དུ་ཁྲིད་ཡོང་སྟེ་ཡི་གེ་གསབ་ཁྲིད་ཀྱང་བྱས།སློབ་སྦྱོང་གི་སེམས་ཁམས་མི་རྙོག་པའི་གཡའ་དག་པའི་ཁོར་ཡུག་ཅིག་ཅི་ནུས་ཀྱིས་མཁོ་སྤྲོད་བྱས་ཏེ་མཐར་སློབ་བུ་དེས་གཡུལ་དུ་ཟ་བའི་རྒྱུགས་འབྲས་དང་བཅས་གཙོས་བོད་རིགས་སློབ་འབྲིང་དུ་རྒྱུགས་ཚད་ལོན་སོང་། ཁོ་རང་སློབ་གྲོགས་ཚོས་སྐྱེལ་མ་བྱེད་པའི་དུས་དེར་མིག་ཆུ་ཤམ་ཤམ་དུ་བཞུར་གྱིན་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་བཀའ་དྲིན་མིན་ན་དེ་རིང་གི་ངའི་ཉི་མ་འདི་ཡོད་མི་སྲིད་ཟེར་བཞིན་དགེ་རྒན་ལ་འཐམ་ནས་འབྲལ་མི་ཕོད་པར་གྱུར།གཞན་ད་དུང་༡༩༩༢ལོར་མི་གཞན་གྱི་སྲོག་སྐྱོབས་པའི་བླ་མེད་སྙིང་སྟོབས་ཞིག་གི་ཆེད་དུ།ཁོ་རང་བདག་འཛིན་དང་རིང་དུ་བརྒལ་ཏེ་ཐ་ན་རང་གི་སྲོག་ལའང་མི་འཛེམ་པར་ལྷོག་ལྷོག་ཏུ་འཁོལ་བའི་ལུས་གསེང་གི་ཁྲག་རྒྱུན་དྲོན་མོས་གཞན་དོན་དུ་སྦྱིན་པ་བཏང་བའང་ཡོད།ཁོས་ནམ་ཡང་རང་ཉིད་ནི་མགོ་ནག་བོད་ལུས་བླངས་པའི་བོད་མི་ཞིག་ཡིན་པས་བོད་ཀྱི་སྐད་དང་ཡི་གེ་ནི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་ལ།ད་དུང་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་པའི་མི་བུ་ཞིག་ཡིན་པའི་ཆ་ནས་ལས་རྒྱུ་འབྲས་ནི་རང་གི་རྣམ་ཤེས་ཀྱི་ཆེས་མཐོ་ས་ནས་གཙིག་ཆེན་བྱེད།དེ་བས་ཁོ་རང་བོད་ཡིག་དགེ་རྒན་ཞིག་གི་རྩ་དོན་དང་མ་འགལ་བར་འགན་འཁྲི་དང་དུ་བླངས་ཤིང་།ཆོས་ཀྱི་དགོངས་དོན་དང་མཐུན་པའི་གཞན་དོན་ཁུར་དུ་བླངས་ཏེ་སློབ་མ་རྣམས་ལ་ཡང་དག་པའི་ཀུན་སྤྱོད་སློབ་གསོ་ཕུ་ཐག་ཆོད་པ་བཏང་རྗེས།ཁོ་རང་ཚོ་མ་འོངས་པ་ན་སྤྱོད་ཡོན་གཉིས་ལྡན་གྱི་མི་རབས་གསར་བ་ཞིག་འཚར་ལོངས་འབྱུང་བར།ཡང་ན་སང་ཉིན་གྱི་སྐྱ་རེངས་གསར་བའི་ཞོགས་པ་ཞིག་གི་མདུན་བསུ་བར།ཁོས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མི་འཛེམ་པར་ཡོད་ཚད་ཀྱི་ཡོད་ཚད་ཕུལ་དང་འབུལ་བཞིན་འདུག
ཁོའི་སེམས་ཁོང་ནས་སློབ་མ་དང་རང་ཉིད།ཁྱིམ་བདག་ཚང་མ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་སྟོབས་ཤུགས་ཡོད་ཚད་འབུལ་སའི་ང་ཚོའི་ཐུན་མོང་གི་མི་རིགས་སློབ་གསོའི་གར་སྟེགས་ཆེས་སྣུམ་པོ་ཞིག་ཡིན་པར་ངེས་བ་བརྟན་པོ་བཟུང་སྟེ་དུས་ཡུན་རིང་བོ་འདས་སོང་།ད་ལྟ་ཁོས་སྐྱེད་བསྲིང་བྱས་པའི་སློབ་མ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན།ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ལས་བོད་རིག་པའི་ཆེད་ལས་སྦྱངས་ཤིང་སློབ་མཐར་ཕྱིན་སྟེ་སྤྱི་ཚོགས་ལ་གཞུང་ཞབས་ཀྱི་ལས་ཀ་སྒྲུབ་བཞིན་པར་བསམ་བློ་རེ་བཏང་ན།མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་འདི་ལ་རང་གིས་མི་རིགས་སློབ་གསོའི་ཞིང་ས་ནས་རྔུལ་ཆུ་འཛག་གིན་ས་ཞིང་རྨོས་པ་དོན་སྨིན་བྱུང་སོང་བར་སྙམ་ནས་ཞལ་ལ་འཛུམ་ཆུང་གི་དྲི་བསུང་ཡུན་གྱིས་འཐོར་གྱིན་པ་འདི་ནི་ཇི་འདྲའི་ལྷིང་འཇགས་ལྡན་པའི་དག་པའི་ཞིང་ཁམས་ཞིག་རེད་ཨང་།
བཞི་བ། དཀའ་སྡུག་གི་རྔུལ་ཁྲག་ས་ལ་འཐོར་ཞིང་ཤེས་རབ་ཀྱི་འོད་ཟེར་མཁའ་ནས་འཐོར་བའི་གསེར་ནག་གི་ཐིགས་པ།
     སློབ་གསོའི་ལས་ཀ་གཉེར་བའི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱིས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཆོག་ཤེས་ཀྱི་ང་རྒྱལ་སྤང་སྟེ་དཔེ་ཀློག་གི་ཐོས་པ་རྒྱུན་མ་ཆད་པར་རང་ཉིད་བསྲེག་བཅད་བརྡར་གསུམ་དུ་སྦྱོང་བ་བྱས་མྱོང་།ཁོ་རང་གཞུང་སྒེར་གང་རུང་གི་སློབ་གསོའི་དཔྱད་གླེང་འཚོགས་འདུ་གྲངས་མེད་པ་ཞིག་ཏུ་ཞུགས་མྱོང་ཞིང་།གཞུང་སྒེར་གཉིས་ཀྱིས་སྒྲུབ་པའི་ཚགས་པར་དང་དུས་དེབ་སོགས་སུ་སློབ་གསོའི་ཆེད་རྩོམ་འབོར་ཆེན་ཞིག་སྤེལ་མྱོང་།ད་དུང་ཀླུ་ཆུ་རྫོང་གི་སློབ་ཆུང་མང་ཤོས་ཤིག་གི་གདན་ཞུ་ལྟར་ཁོས་འཆད་ཁྲིད་དང་བགྲོ་གླེང་།གླེང་མོལ།གཏམ་བཤད་སོགས་འཆད་པ་ཅི་རིགས་སྒྲོག་རྒྱང་བྱས་མྱོང་།༡༩༩༤ལོ་དང་༡༩༩༦ལོ།༡༩༩༨ལོ་བཅས་ལ་ཀན་ལྷོའི་གསར་འགྱུར་ཁང་གིས་ཕུལ་བྱུང་རྩོམ་པ་པོར་བདམས་པ་དང་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ།ཨང་གསུམ་པ་བཅས་གནང་།༡༩༩༤ལོར་ཀན་ལྷོ་ཁུལ་ཨུ་དང་ཁུལ་སློབ་གསོ་ཅུས་གཉིས་ཀྱིསས་མཉམ་སྒྲུབ་དུ་གནང་བའི་ན་ཆུང་གདོང་ལེན་རུ་མའི་ཕུལ་བྱུང་ཟུར་ཁྲིད་པར་བདམས།༡༩༩༩ལོར་རང་ཁུལ་གྱི་སློབ་ཆུང་སྐད་ཡིག་འགྲན་བསྡུར་ལས་ཨང་གཉིས་པའི་མཚན་སྙན་ཐོབ།༢༠༠༤ལོར་རང་ཁུལ་གྱི་སྐབས་གསུམ་པའི་སྤུས་ཚད་སློབ་གསོའི་སློབ་ཁྲིད་ཀྱི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གཟེངས་རྟགས་བླངས།༢༠༠༦ལོར་དུས་རབས་གསར་བའི་རིག་གཞུང་གླེང་སྟེགས་དུས་དེབ་ཀྱིས་ཁོའི་དཔྱད་རྩོམ་ན་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོ་ལ་རགས་ཙམ་དཔྱད་པ་ཞེས་པའི་རྩོམ་ཡིག་ལ་ཕུལ་བྱུང་རྟགས་མ་བསྩལ།༢༠༠༧ལོར་རང་ཁུལ་གྱི་སྐབས་བཞི་བའི་ན་གཞོན་སློབ་ཁྲིད་པ་འཇོན་ཐང་ཅན་དུ་བདམས།༢༠༡༡ལོར་ཀན་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ནས་ཁུལ་རིམ་ལྡུམ་ར་སྐྱོང་མཁན་དང་ཕུལ་དུ་བྱུང་བའི་དགེ་རྒན་གྱི་གཟེངས་སྐྱེས་རྟགས་མ་གནང་།༢༠༡༡ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་མཐུན་ཚོགས་ཀྱིས་སྐབས་དང་པོའི་ཞིང་ཆེན་རིམ་པའི་ཕུལ་བྱུང་འཛིན་གྲྭའི་གཙོ་བདག་གི་གཟེངས་རྟགས་གནང་།༢༠༡༡ལོར་དཔྱད་རྩོམ་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ལ་ཉན་རྗེས་ཀྱི་མྱོང་ཚོར་ཞེས་པར་ཁུལ་རིམ་པའི་སྐད་གཉིས་སྨྲ་བའི་བསླབ་གཞི་ཚན་ཁག་ལས་ཕུལ་བྱུང་རྩོམ་ཡིག་གདམ་གསེས་ལས་ཨང་དང་པོའི་བྱ་དགའ་ཐོབ།༢༠༠༩ལོར་སློབ་ཆུང་སློབ་མ་དམའ་འབྲིང་ལ་འཕེལ་བའི་སྐད་ཡིག་སྦྱང་གཞི་བྱིས་བློ་འབྱེད་པའི་ལྡེ་མིག་ཅེས་པ་རྩོམ་སྒྲིག་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས།༢༠༡༡ལོར་སློབ་ཆུང་སྐད་ཡིག་སློབ་སྦྱོང་ཡར་རྒྱས་ལྷན་ཐབས་ཞེས་པའི་སྟོད་ཆ་དེབ་དྲུག་དང་།༢༠༡༢ལོར་སློབ་ཆུང་སྐད་ཡིག་སློབ་སྦྱོང་ཡར་རྒྱས་ལྷན་ཐབས་ཞེས་པའི་སྨད་ཆ་དེབ་དྲུག༢༠༡༢ལོར་སློབ་ཆུང་སྐད་ཡིག་སློབ་སྦྱོང་ཡར་རྒྱས་ལྷན་ཐབས་རྒྱུགས་གཞི་ཀ་བ་ཁ་བ་དེབ་བཅུ་གཉིས།༢༠༡༣ལོར་སློབ་ཆུང་སྐད་ཡིག་དབྱར་གནང་དགུན་གནང་གི་སྦྱང་བྱ་དེབ་བཅུ་གཉིས་བཅས་སློབ་ཆུང་སློབ་མའི་སྐད་ཡིག་གི་ཤེས་བྱའི་སྐོར་གྱི་དཔེ་ཆ༣༧ལྷག་སྒྲིག་རྩོམ་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
ལྔ་བ། སྐད་ཡིག་གི་སློབ་གསོ་སྲོག་ཏུ་བཟུང་སྟེ་སྒྱུ་རྩལ་གྱི་སྨྱུ་གུ་སོར་མོས་སྐྱོར་བ།
     ཁོས་སྐད་ཡིག་དགེ་རྒན་རྣམ་དག་ཅིག་བྱེད་ཞོར་དུ་མི་སྒེར་གྱི་རིག་གནས་ཆུ་ཚད་ཀྱང་དུས་བསྟུན་བརྗེ་འགྱུར་དང་མཐུན་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་པའི་དཔའ་སྤོབས་འདི་ནི་སྙིང་ལ་རུས་པ་ཡོད་པའི་ཨ་མའི་བུ་རྒོད་ཅིག་གི་སྣང་བརྙན་ཅི་ལ་མ་ཡིན།ཁོས་སློབ་ཁྲིད་བྱེད་པའི་ཞོར་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་ཞུགས་ནས་ཆེད་སྦྱོང་རིམ་པའི་མཐར་ཕྱིན་དཔང་ཡིག་བླངས་ཤིང་།ད་ལྟའི་བར་དཔེ་ཀློག་དང་རྩོམ་འབྲི་རྒྱུན་མ་ཆད་པ་དང་ལྷག་པར་དུ་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་དུངས་ཞེན་ཟབ་ཅིང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡབ་འགྱུར་གྱིས་འཕེལ་རྒྱས་སོང་།ཁོས་ད་ལྟའི་བར<<བོད་ཀྱི་སློབ་གསོ>>དང་<<དུས་རབས་གསར་བའི་རིག་གཞོན་གླེང་སྟེགས>> <<སློབ་གསོའི་ཆེད་རྩོམ་ཕྱོགས་བསྒྲིགས>>ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི<<རིག་གཞུང་དུས་དེབ>><<ཟླ་ཟེར>><<ཀན་ལྷོའི་གསར་འགྱུར>>སོགས་བོད་ཁུལ་གྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་སྟེང་སློབ་གསོའི་སྐོར་གྱི་དཔྱད་རྩོམ་གཙོ་བྱས་ཏེ་རྩོམ་ལུས་སྣ་མང་སྤེལ།དེ་དང་མཉམ་དུ་ཁོ་ནི་གླུ་ལེན་ངག་འགུགས་དང་འབུད་རྡུང་དཀྲོལ་གསུམ་ལ་བྱང་རྩལ་ཆེ་བའི་རོལ་མོ་བ་ཞིག་དང་ངག་འཇམ་སྨྲ་མཁས་དང་གཏམ་བཤད་འགོ་འཛིན་ལ་ལྕེ་དབང་རྣོ་བའི་མདོ་འཛིན་པ་ཞིག་ཀྱང་ཡིན།འོད་སྡེར་དང་ཆེད་བསྒྲིགས་སྒྲ་ཐག་རབ་དང་རིམ་པ་ཕབ་བསྐྲུན་བྱས་ཤིང་ཀླུ་ཆུའི་རྩྭ་ཐང་ལ་པི་ཝང་གི་བསྟན་པ་དར་ཁྱབ་གཏོང་མཁན་ཐོག་མ་ཡིན་པས།དུས་རབས་ཀྱི་ཕོ་ཉའམ་ཀླུ་ཆུའི་རྡུང་ལེན་གྱི་མི་རབས་དང་པོ་ཞེས་པའི་ཆོ་ལོའང་བསྩལ་མྱོང་།༡༩༨༩ལོར་བསང་ཁོག་རྩྭ་ཐང་ནས་བསྡུས་པའི་རང་ཁུལ་གྱི་ཐེངས་དང་པོའི་དམངས་ཁྲོད་རྩེད་རིགས་ཀྱི་རྡུང་ལེན་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་ཐོབ།༢༠༠༣ལོར་ལོ་འཁོར་ལྔ་བཅུའི་ཁུལ་སྟོན་བསུ་བའི་གླུ་དབྱངས་དང་ཞབས་བྲོ་འགྲན་བསྡུར་དུ་ན་གཞོན་ཚན་པའི་གླུ་དབྱངས་སྐོར་ལས་ཕུལ་བྱུང་གི་རྟགས་མ་ཐོབ་པ་མ་ཟད་རང་ཁུལ་གྱི་ན་གཞོན་གླུ་བ་མིང་གྲགས་ཅན་གྱི་མཚན་སྙན་བྱ་དགའ་ཡང་ཐོབ་མྱོང་།དེ་ཡང་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མི་རིགས་ཤིག་གནས་རྒྱུ་དང་དེ་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ནི་སྐད་དང་ཡི་གེ་ཡིན་ཞེས་གསུངས་བ་ལྟར་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱིས་ཀྱང་ང་ནི་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས།དུས་ནམ་ཞིག་ཡིན་རུང་རང་ཉིད་ནི་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ནང་སྙིང་དྲོན་པོ་སེམས་ལ་སྦྲུམ་ཏེ།མི་རང་ཉིད་ནས་འགོ་བརྩམས་ཏེ་འཚོ་བ་དངོས་ཀྱི་ཁྲོད་དུ་ལག་ལེན་ལ་བསྟར་བའི་བཀོལ་སྤྱོད་བྱེད་པ་དང་སློབ་མ་རྣམས་ལ་བློ་སེམས་འགྱུར་མེད་ཀྱིས་བརྒྱུད་སྤྲོད་བྱས་དང་བྱེད་སྒང་གི་མཛད་པ་སྐྱོང་མུས་ཡིན་པ་དགེའོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།