༄༅།། ལྷག་དཀར་སེམས་དང་བརྩོན་པའི་རྒྱུན།། མ་འོངས་སློབ་གསོ་འཕེལ་དོན་བསྔོས།། --ཅོ་ནེ་རྫོང་བྲག་ཁུང་ལུང་སློབ་ཁུལ་གྱི་སློབ་གཙོ་བཀའ་ཐུབ་ཚེ་རིང་གི་གནས་ཚུལ་རགས་བཀོད། - སློབ་གསོའི་མི་སྣ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། ལྷག་དཀར་སེམས་དང་བརྩོན་པའི་རྒྱུན།། མ་འོངས་སློབ་གསོ་འཕེལ་དོན་བསྔོས།། --ཅོ་ནེ་རྫོང་བྲག་ཁུང་ལུང་སློབ་ཁུལ་གྱི་སློབ་གཙོ་བཀའ་ཐུབ་ཚེ་རིང་གི་གནས་ཚུལ་རགས་བཀོད།
དུས་ཚོད།2019-03-15 09:18:34     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། གསར་འགོད་པ་ལྷ་མོ་བཀྲ་ཤིས་ཀྱིས།     ཆུང་། | འབྲིང་། | ཆེ།
 ཅོ་ནེ་རྫོང་བྲག་ཁུང་ལུང་སློབ་ཁུལ་གྱི་སློབ་གཙོ་བཀའ་ཐུབ་ཚེ་རིང་ནི༡༩༧༤ལོའི་ཟླ༡༡པར་སྐྱེས་ཤིང་། ༡༩༩༥ལོར་བྱ་བའི་ལས་གནས་སུ་ཞུགས། ༢༠༠༡ལོར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། བྱ་བའི་ལས་གནས་སུ་ཞུགས་པ་ནས་བཟུང་ཁོས་ནམ་རྒྱུན་དུ་ལྷག་བསམ་རྣམ་དག་གི་བྱ་བའི་སྤྲོ་སེམས་དང་བརྩོན་སེམས་ཀྱིས་ཕྱུག་པའི་བྱ་བ་བྱེད་སྟངས། འཕེལ་རྒྱས་ཀྱི་གོམ་འགྲོས་ལ་ལྷོད་པ་མེད་པའི་སྙིང་སྟོབས། ཞིང་སྡེ་རུ་རྨང་བཙུགས་པའི་གཞི་རིམ་སློབ་གསོ་སྤེལ་བ་སོགས་ལག་ལེན་པུར་གྱི་མཛེས་སྡུག་སོར་རྩེ་ནས་འཕེལ་གྱིན་དུས་རབས་གསར་བའི་དགེ་རྒན་ཞིག་གི་གཟི་ཉམས་འབྲི་བཞིན་མཆིས།
    དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁོ་རང་གིས་དགེ་རྒན་གྱི་ཀུན་སྤྱོད་རྣལ་མ་གཙིགས་སུ་འཛིན་ཞིང་། སློབ་གསོ་བྱེད་སྟབས་གཟབ་ནན་ཡིན་ལ། སུ་ལའང་བུམ་པ་གང་བྱོའི་གི་ཚུལ་དུ་བྱམས་ཀྱིས་སྐྱོང་གིན་ཡོད་ལ། ཉམ་ཆུང་བྱམས་ཀྱིས་སྐྱོང་བ་ནི་ཁོའི་རྒྱུན་ལྡན་གྱི་བྱ་བའི་བྱེད་ཕྱོགས་ཡིན། ནམ་རྒྱུན་ཁོས་ལག་ལེན་དངོས་ཀྱིས་དགེ་སློབ་རྣམས་ཡར་རྒྱས་སུ་འགྲོ་བར་སྣེ་ཁྲིད་ལེགས་པོ་བྱེད་ཀྱི་ཡོད།
    བྲག་ཁུང་ལུང་ལོ་དགུའི་འོས་འགན་སློབ་གསོ་ལམ་ལུགས་ཀྱི་སློབ་གྲྭ་ནི༡༩༧༤ལོར་བཙུགས་ཤིང་། སྔ་མོར“ཅོ་ནེ་རྫོང་སློབ་འབྲིང་གཉིས་པ”ཞེས་སུ་འབོད་ཅིང་། ༡༩༨༦ལོར་མཐོ་འབྲིང་སྡེ་ཁག་རྫོང་སློབ་འབྲིང་དང་པོ་རུ་གཅིག་བསྡུ་བྱས་པས་དམའ་འབྲིང་སྡེ་ཁག་གཅིག་པུ་ལུས་ཡོད། རྐྱེན་དབང་གིས༡༩༩༣ལོར་མ་རུ་ལྟེ་བའི་སློབ་ཆུང་དང་གཅིག་བསྡུ་བྱས་པར་བྲག་ཁུང་ལུང་ལོ་དགུའི་འོས་འགན་སློབ་གསོ་ལམ་ལུགས་ཀྱི་སློབ་གྲྭ་འདི་བཙུགས་ཤིང་། སྐབས་དེར་སློབ་གྲྭ་དེ་ནི“རྒྱ་ཡིག་གཙོ་བོའི”སྐད་རིགས་གསུམ་ཅན་གྱི་སློབ་གྲྭ་ཞིག་ཡིན་ལ། བྲག་ཁུང་ལུང་སློབ་ཁུལ་ལ་ད་ལྟ་སློབ་མ༡༠༤༩ཡོད་ཅིང་། དགེ་རྒན༨༧ཡོད་འདུག  ཁོས་བྲག་ཁུང་ལུང་ལོ་དགུའི་འོས་འགན་སློབ་གསོ་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གཙོའི་འགན་བཞེས་པ་ནས་བཟུང་། ཁོས་སྤྱོད་གཙང་གཞུང་བཀུར་དང་སྲིད་དོན་ལྷུར་ལེན། དགེ་རྒན་ལ་ཆ་རྐྱེན་ནན་འདོན་དང་གཟབ་ནན་གྱིས་སློབ་མ་གསོ་སྐྱོང་བྱེད་ཅིང་། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་རྩ་དོན་ནན་འཛིན་བྱས་ཏེ། ལས་གྲོགས་ཕུ་ནུ་དང་སློབ་མ་བུ་ཕྲུག་གི་ལྷག་དཀར་གྱི་འདུ་ཤེས་གཙང་མ་འཛིན་ཐུབ་ཀྱིན་ཡོད། ལོ་ངོ་དྲུག་ལྷག་གི་རིང་ལ། ཁོས་གནང་ཞུ་ཉིན་གཅིག་ལའང་མ་བྱས་པར་མ་ཟད། རང་ཉིད་ཀྱི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་སློབ་གྲྭ་འདིར་བདག་སྐྱོང་བྱེད་ཀྱིན་ཡོད་ཅིང་། སློབ་གྲྭ་དངོས་གནས་རང་ཁྱིམ་དུ་བརྩི་ཞིང་དགེ་སློབ་གང་གི་བྱ་བ་ཡོད་དོ་ཅོག་རང་སྒེར་གྱི་བྱ་བར་བརྩིས་ཏེ་འབད་པ་ལྷུར་ལེན་བྱེད་ཀྱིན་ཡོད། ཁོ་ནི་འགོ་ཁྲིད་པ་བཟང་བོ་ཞིག་དང་ལས་གྲོགས་ཚོའི་སེམས་ནང་གི་ཕུ་བོ་བཟང་བོ། སློབ་མ་ཚོའི་མིག་ནང་གི་དགེ་རྒན་ཚད་ལྡན་དེ་ཡིན།
    སློབ་གྲྭ་དེ་རྗེས་ལུས་དབུལ་ཕོངས་ཀྱི་རི་ཁུལ་དུ་གནས་ཡོད་སྟབས། ལོ་ངོ་མང་བོའི་རིང་། ཁོས་སྤྱི་ཚོགས་ལས་རིགས་སོ་སོའི་བྱམས་ལྡན་གྱི་མི་རྣམས་ལ་རོགས་རམ་བྱེད་པའི་རེ་ཞུ་ཐེངས་མང་དུ་བྱས་ཏེ། བྲག་ཁུང་ལུང་སློབ་གསོའི་འཕེལ་རྒྱས་རོགས་སྐྱོར་མ་དངུལ་སྒོར་ཁྲི༡༠༥ལྷག་བསྡུ་ཐུབ་པ་བྱུང་ཡོད་ཅིང་། སློབ་མ་ཚོར་སློབ་གསོའི་ཐད་ཀྱི་རོགས་སྐྱོར་མང་ཙམ་ཐོབ་ཏུ་བཅུག  དེས་སློབ་གྲྭའི་ནང་གི་ཁྱིམ་བསྐྱུར་བྱིས་པ་དང་དབུལ་བོའི་བྱིས་པར་ལྭ་བ་སོ་མ་དང་ལྷམ་སོ་མ་གོན་ཞིང་། དཔེ་ཁུག་སོ་མ་ཁུར་བའི་འདུན་པ་འགྲུབ་དུ་བཅུག་པ་མ་ཟད། སློབ་གྲྭ་ཡོངས་ཀྱི་སློབ་མ་ཚོས་རིན་མེད་སློབ་ལྭ་གོན་ཐུབ་པ་བྱུང་ཡོད། དུས་མཚུངས་སུ་རོགས་སྐྱོར་དཀའ་སེལ་གྱི་བྱ་འགུལ་མང་པོ་བརྒྱུད་སློབ་མ་ཚོའི་རྒྱུ་ལ་ཉམ་ཆུང་བྱམས་ཀྱིས་སྐྱོང་བའི་བྱང་ཚད་ལེགས་པའི་འདུ་ཤེས་འཇོག་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་པོ་འདིའི་ནང་གི་དྲོལ་ཁོལ་ཟབ་མོ་དེར་མྱོང་རོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་ཀྱི་གྲལ་ནང་དུ་སྤྲོ་བས་ཞུགས།
    དགེ་སློབ་ཚོའི་འཚོ་བ་དང་ལས་ཀའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་དགུན་ཟླ་དྲོད་ཀྱིས་བསྐྱེལ་ཆེད། ཁོས་སློབ་མ་ཚོའི་མལ་ཁང་དུ་དྲོད་རླངས་བཞག་པ་མ་ཟད། ཞག་སྡོད་སློབ་མར་བལ་གདན་དང་མལ་གདན། མལ་ཐུལ་ཕྱི་མ་སོགས་སྒོར་ཟུར་གཅིག་ཀྱང་མ་བླངས་པར་སྦྱིན་པས་སློབ་མ་ཚོའི་དངོས་ཡོད་ཀྱི་དྲོད་འཁྱག་གི་གནད་དོན་ཐག་གཅོད་བྱས་ཏེ། ཕྱི་རུ་ལས་གཉེར་བྱེད་ཀྱིན་པའི་སློབ་མ་ཚོའི་ཁྱིམ་བདག་ལ་སེམས་ཚེགས་མེད་པར་བྱས། ཁོས་ད་དུང་དགེ་སློབ་ཡོངས་ཀྱི་ཇ་ཁང་གི་ལྷུ་ལག་མང་དུ་ཉོས་ཏེ་སློབ་གྲྭའི་ཇ་ཁང་བཙུགས་ཏེ། དགེ་སློབ་ཡོངས་ཀྱི་ཟ་འཐུང་གི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། དགེ་སློབ་ཡོངས་ལ་དངོས་པོ་དང་བསམ་པའི་དཔལ་ཡོན་གཉིས་ཀྱི་སྟེང་ནས་ཐུགས་ཁུར་གྱི་བརྩེ་བ་ཐོབ་པར་བྱས། ཁོས་སློབ་གྲྭ་དང་དགེ་རྒན། སློབ་མ་སོགས་ཀྱི་དོན་དུ་དངོས་ཐོག་བདེན་འཚོལ་གྱིས་བྱ་བ་བྱེད་ཀྱིན་ཡོད་པས། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་དགའ་མོས་དང་མང་ཚོགས་ཀྱི་བརྩི་བཀུར། རིམ་པ་སོ་སོའི་འགོ་ཁྲིད་ཀྱི་གཟེངས་བསྟོད་ཐོབ་པར་མ་ཟད། སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་གཞི་ལ་སྲ་མཁྲེགས་ཀྱི་རྨང་གཞི་བཏིང་ཡོད།
    ལོ་ངོ་མང་བོའི་རིང་། ཁོའི་འགོ་ཁྲིད་འོག་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བྱ་འགུལ་སློབ་གྲྭའི་བྱ་བ་སོ་སོའི་གཞི་རྩའི་འགན་འཁྲི་ལ་བཟུང་སྟེ། བློ་སེམས་རྩེ་གཅིག་གིས་མི་རིགས་མཐུན་སྒྲིལ་གཙོ་གནད་དུ་བཟུང་བའི་སློབ་རའི་རིག་གནས་དང་འཛིན་གྲྭའི་རིག་གནས། འཁྱམས་རིང་དང་རྡོ་སྐས་ཀྱི་གྱང་ངོའི་རིག་གནས་སོགས་ཀྱིས་བདེ་ཐང་ཡར་ཐོན་གྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་པ་དང་སློབ་རའི་རིག་གནས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ་པ་བྱེད་ཀྱིན་ཡོད། རིམ་དབྱེ་སྒྲིག་བཀོད་ལ་ཤེས་བྱའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། སློབ་གསོའི་རང་བཞིན་གྱི་ཁྱད་ཆོས་ལྡན་པས་མི་རིགས་མཐུན་སྒྲིལ་གྱི་སྐས་རིམ་ལྟ་བུ་ཞིག་ཏུ་ཆགས་ཡོད། ཁོས་སློབ་ཁང་གི་ཐོག་དང་པོའི་འཁྱམས་རིང་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཙོ་ཡིན་པའི་རིག་གནས་འཁྱམས་རིང་སྒྲིག་བཀོད་བྱས་ཡོད་ལ། ཐོག་གཉིས་པར་བོད་ཀྱི་རིག་གནས་གཙོ་ཡིན་པ་དང་ཐོག་གསུམ་པར་དགེ་སློབ་ཚོའི་ཡིག་གཟིགས་གཙོ་ཡིན་པའི་སྒྱུ་རྩལ་གྱི་འཁྱམས་རིང་སྒྲིག་བཀོད་བྱས་ཡོད། ཐོག་བཞི་བར་ཚན་རིག་འཕེལ་རྒྱས་གཙོ་ཡིན་པའི་ཚན་རྩལ་གྱི་འཁྱམས་རིང་སྒྲིག་བཀོད་བྱས་ཡོད་ལ། དེ་དག་གིས་གཞི་གཅིག་ཏུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་མཁའ་དབུགས་ལེགས་པོ་ཞིག་གྲུབ་ཡོད། དེ་མ་ཟད་ཁོས་སློབ་རའི་ཕྱོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་སློབ་གསོའི་བརྡ་ཁྱབ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྟངས་དེ་དགེ་སློབ་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཏུ་འགྲུབ་ཅི་ཐུབ་བྱ་ཀྱིན་ཡོད།
    སློབ་གྲྭ་ཞིག་གི་སློབ་གཙོ་ཡིན་པའི་ཆ་ནས་ཕྲག་ཏུ་བབ་པའི་འགན་ཁུར་ཅི་ཙམ་ལྕི་བ་ཁོས་གཞི་ནས་ཤེས་ཡོད་ལ། སློབ་མ་སྟོང་ལྷག་གི་སློབ་གསོའི་འབྲས་བུས་ཁྱིམ་ཚང་སྟོང་ལྷག་གི་བདེ་སྐྱིད་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་ཤེས་ཡོད་རྐྱེན། ནམ་རྒྱུན་ཁོས་ཁྱིམ་བདག་དང་སྤྱི་ཚོགས་ཀྱི་ལངས་ཕྱོགས་ནས་བཟུང་སྟེ་ཧུར་ཐག་གིས་སློབ་གསོ་སྤེལ་གྱིན་ཡོད། ཉེ་བའི་ལོ་འགའི་རིང་། ཁོའི་སྣེ་ཁྲིད་འོག་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་ཀྱི་ངེས་ཤེས་ལ་གཏན་འཁེལ་གསལ་བོ་ཐོབ་ཅིང་། ༢༠༡༤ལོ་ནས་བཟུང་སློབ་གྲྭས་བོད་ཡིག་འཛིན་གྲྭ་བསྡུ་བའི་འགོ་བརྩམས་ཤིང་། ཕྱོགས་ཡོངས་ནས་བྱང་ཚད་སློབ་གསོ་སྤེལ་ཏེ་སློབ་གསོའི་འགྲོ་ལམ་ལེགས་པོ་ཞིག་གཏོད་ཡོད། ༢༠༡༣ལོ་ནས༢༠༡༤ལོའི་བར་ཁོས་གྲོང་རྡལ་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་གནང་མཁན་གྱི་མི་རྣམས་བསྡུས་ཏེ་སློབ་གསོའི་བགྲོད་གླེང་ཐེངས་གཉིས་ལ་ཚོགས་ཤིང་དེའི་ཁྲོད་ཀྱི་བསམ་འཆར་བསྡུ་ལེན་དང་ཉམས་མྱོང་བསྡུ་ལེན་བྱས། ཁོས་བསྡུས་པའི་ཚོགས་ཞུགས་ཀྱི་མི་སྣ་ལ་གྲོང་རྡལ་གྱི་འགོ་ཁྲིད་དང་ས་དེའི་བླ་མ་བླ་ཆེན། སྲིད་གྲོས་དང་མི་དམངས་འཐུས་མི། ས་དེའི་ཚོང་བ་སོགས་སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅན་དག་ཡིན། ཁོས་སྒྲིག་གཞི་ལྡན་པའི་སྒོ་ནས་གྲོང་རྡལ་ཡོངས་ཀྱི་སློབ་གསོའི་གནས་ཚུལ་དང་གྲོང་རྡལ་གཞན་དང་བསྡུར་ན་རྗེས་ལུས་ཡིན་པའི་གནས་ཚུལ་སོགས་འགྲེལ་མཐར། ཁོ་ཚོས་སློབ་གསོར་བཟུང་བའི་ལྟ་སྟངས་འགྱུར་ཞིང་ཁོ་ཚོས་སློབ་གསོའི་བྱ་གཞག་ལ་རོགས་སྐྱོར་གྱི་བསམ་འདུན་དང་ཤུགས་ཇེ་ཆེར་བཏང་སྟེ། ཁྱིམ་བདག་ཚོས་བྱིས་པ་སློབ་གྲྭར་མི་བསྐྱེལ་བ་དང་སློབ་ཞོལ་བྱེད་པའི་སློབ་མ་ཡང་ཇེ་ཉུང་དུ་སོང་ཡོད། ད་ལོར། ཁོས་ངལ་གསོའི་དུས་ཚོད་བེད་སྤྱད་དེ་གཞི་རིམ་ནས་རྟོག་ཞིབ་བྱས་ཤིང་། སློབ་གྲྭའི་ཡིག་ཚགས་སུ་བཀོད་ཡོད་པའི་དབུལ་ཕོངས་ཁྱིམ་ཚང༧༠ལྷག་གི་ཁྱིམ་དུ་འཚམས་འདྲི་དང་རྒྱུས་ལོན་བྱེད་དུ་སོང་།  ཁོས་ཁྱིམ་ཚང་སོ་སོའི་གནས་ཚུལ་གསལ་བོ་ཐོ་འགོད་བྱས་ཏེ་ཁོ་ཚོའི་གནས་ཚུལ་དངོས་གྲོང་རྡལ་གྱི་སྲིད་གཞུང་གི་འགོ་ཁྲིད་ལ་ཞུ་བཞིན་ཡོད་ཅིང་། དུས་མཚུངས་སུ་ཁྱིམ་བདག་རྣམས་ལ་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་བཟང་བོ་དེ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། དེར་མ་ཟད་ཁོས་ཁྱིམ་བདག་རྣམས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ཁོ་ཚོའི་ཡིད་ཚིམས་པར་བྱེད་ཀྱིན་ཡོད། སྔར་ལོའི་ཟླ་དྲུག་པའི་ནང་ཁོའི་སྐུལ་སློང་འོག་ཉེ་འཁོར་གྱི་སློབ་གྲྭ་དག་དང་མཉམ་འབྲེལ་གྱིས་ཅོ་ནེ་རྫོང་ནུབ་ཁུལ་སྐད་གཉིས་སློབ་གྲྭ་དག་གི་སྐབས་དང་བོའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དར་སྤེལ་གཏོང་བ་དང་བྱང་ཚད་སློབ་གསོའི་སློབ་འབྲས་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་བ་དེ་ཅོ་ནེ་མ་ཟད་ཀན་ལྷོ་ཁུལ་གྱི་བྱ་འགུལ་དང་བོ་ཡིན་འདུག  བྱ་འགུལ་གྱི་ཁྲོད་དུ་འགྲེམས་སྟོན་བྱས་པའི་རིག་རྩལ་གྱི་ལེ་ཚན་དང་ཡིག་གཟིགས། པར་རིས་སྒྱུ་རྩལ། ལག་ཤེས་བཟོ་རྩལ་སོགས་དགེ་སློབ་དག་གི་བརྩམས་ཆོས་དང་ཆས་པའི་གཤིས་ཀྱི་མི་རིགས་ཀྱི་གྱོན་ཆས་གོན་པའི་ཤོམ་འགྲོ་སོགས་ཀྱིས་ཆས་པའི་གཤིས་ཀྱི་མི་རིགས་ཀྱི་རྒྱུན་རིང་བའི་རིག་གནས་གྱི་ཁྱད་ཆོས་གྱ་ནོམ་པར་བཀྲམ་ཡོད་ལ། དགེ་སློབ་ཡོངས་ལ་ས་དེའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་སྐུལ་སློང་གི་ནུས་པ་ཆེན་པོ་ཐོན་ཡོད།
    རྟེན་འབྲེལ་གྱི་ཚོགས་ལ་རྒྱུ་དཀའ་སྡུག་གི་རྔུལ་ཆུ་ཅི་ཙམ་བསགས་པར་འབྲས་བུ་ཡེ་ཤེས་ཀྱི་བསོད་ནམས་དེ་འཕེལ་བ་ནི་བརྟན་དུ་ཡིད་ཆེས་དགོས་པ་ཞིག་ཡིན་སྟབས། ཁོའི་དཀའ་ལས་བྱས་པའི་རྒྱུའང་འབྲས་བཟང་ལྗོན་པའི་དཔེ་རུ་མངོན་ཡོད། ༢༠༡༢ལོར་ཁོ་རང་ལ་ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོའི་ལས་དོན་གྱི་སྔོན་ཐོན་པ་དང་སློབ་གསོའི་མ་ལག་གི་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་མིའི་མིང་རྟགས་བསྩལ་ཞིང་། ༢༠༡༣ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“གཞི་རྩ་གཉིས”ཀྱི་མི་སྒེར་སྔོན་ཐོན་པ་དང་ཀན་ལྷོ་ཁུལ་གྱི་དགེ་རྒན་གྱི་ཀུན་སྤྱོད་རྣལ་མའི་ཚད་གཞིར་འཛིན་པའི་མི་སྒེར་སྔོན་ཐོན་པའི་མཚན་བཟང་བསྩལ། དུས་མཚུངས་སུ་ཁོ་རང་གི་སློབ་གྲྭ་དེ“གཞི་རྩ་གཉིས”ཀྱི་སྔོན་ཐོན་ཐུན་མོང་དུ་བདམས། ༢༠༡༤ལོར་རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི་རྒྱལ་ཡོངས་ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་ལག་རོགས་པ་གསོ་སྐྱོང་གི་ལས་གཞིའི་ཁྲོད་སློབ་གསོ་པུའུ་སློབ་གསོ་སི་ཡིས་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་སློབ་མ་ཕུལ་བྱུང་བའི་མིང་རྟགས་བསྩལ་ཞིང་། ཅོ་ནེ་རྫོང་ཨུས་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་མིར་བདམས། ༢༠༡༥ལོར་ཞིང་ཆེན་སློབ་གསོ་ཐེང་གིས་སློབ་གསོའི་རྐང་འཛིན་པའི་མཚན་བསྩལ་ཞིང་། བྲག་ཁུང་ལུང་གྲོང་རྡལ་གྱི་ཏང་ཨུས་ཁོ་རང་ཕུལ་དུ་བྱུང་བའི་ཏང་གི་ལས་དོན་པའི་མཚན་སྙན་བསྩལ། ༢༠༡༧ལོར་སློབ་གྲྭར་ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་དམིགས་དཔེའི་ཐུན་མོང་སྔོན་ཐོན་པ་དང་ཁོ་རང་ལ་མི་རིགས་མཐུན་སྒྲིལ་གྱི་དམིགས་དཔེའི་མི་སྒེར་གྱི་མཚན་བསྩལ། ༢༠༡༨ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ལས་དོན་པར་བདམས་ཤིང་། དུས་མཚུངས་སུ་ཁོ་རང་ཅོ་ནེ་རྫོང་སྐབས་བཅོ་བརྒྱད་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟིགས་མཐུན་ཚོགས་ཀྱི་ལས་འཛིན་པ། བྲག་ཁུང་ལུང་གྲོང་རྡལ་གྱི་སྒྲིག་ཨུའི་ཨུ་ཡོན་སོགས་སུ་བདམས་ཡོད།
ཁོས་ད་དུང་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་རང་ནུས་ཅི་ལྕོག་གིས་འབད་བ་བྱས་ཏེ་ལག་ལེན་དངོས་ཀྱི་སྟེང་ནས་མེས་རྒྱལ་གྱི་སློབ་གསོའི་ལས་དོན་ལ་བྱས་རྗེས་ཅུང་ཙམ་རེ་འཇོག་ཨེ་ཐུབ་ཀྱི་རེ་འདུན་དམ་པོར་བཅིང་སྟེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་ཁ་ནས་འོད་དུ་འཚེར་བའི་ལག་རྗེས་དྲོན་མོ་ཞིག་འཇོག་ཐུབ་པར་འབད་པ་ལྷུར་ལེན་བྱེད་ཀྱིན་ཡོད་དོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།