中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་དངུལ་རྭའི་བཟོད་པ་མཚམས་སྦྱོར་མདོར་བསྡུས།
དུས་ཚོད།2019-04-03 11:39:11     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། ས་དམར་ཚེ་རིང་དོན་གྲུབ་ཀྱིས།     ཆུང་། | འབྲིང་། | ཆེ།
     བདག་སློབ་གྲྭའི་ར་སྐོར་དུ་འཛུལ་བ་ན། དཔེ་ཀློག་གི་དབྱངས་རྟ་སྙན་མོ་ཞིག་དྲི་བཞོན་གྱི་རྒྱུ་བ་དང་འགྲོགས་ཏེ་རྣ་བའི་བུ་གར་འཕོས་ཡོང་། ཉེ་བའི་ལོ་འདི་དག་གི་རིང་སློབ་གྲྭ་འདིའི་སློབ་སྦྱོང་གི་མཁའ་དབུགས་དང་། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་སོགས་ལ་སྔོན་དང་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་དང་། དེའང་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན་ཏེ། རྐང་འཛིན་དགེ་རྒན་དངུལ་རྭའི་བཟོད་པ་ལགས་གཙོ་བྱས་པའི་དགེ་རྒན་དག་གི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ཅེས་མི་མང་གིས་འུར་གྱིན་འདུག བདག་གིས་གནས་ཚུལ་འདི་དག་ཐོས་རྗེས་རྒན་ཁོང་ལ་རྒྱུས་ལོན་བྱེད་འདོད་ཅིག་སྐྱེས་ནས་ཁོང་འཚོལ་དུ་སོང་།  ཐེངས་འདིར་རྒན་ལགས་དང་གླེང་མོལ་ཐེངས་གཅིག་བྱས་རྗེས་རྒན་ཁོང་གི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་བྱ་བར་འདོད།  
    རྒན་དངུལ་རྭའི་བཟོད་པའམ་རྒན་སྐལ་བཟང་བཟོད་པ་ལགས་ནི། ༡༩༦༧ ལོའི་ཧོར་ཟླ༩བའི་ཚེས༡༥ཉིན་རྨ་ཆུ་རྫོང་དངུལ་རྭ་ལྷ་སྡེའི་འབྲོག་ཁྱིམ་རྔ་བ་ཚང་ཞེས་པ་ཞིག་ཏུ་ལང་ཚོའི་མྱུ་གུ་ཐོག་མར་འབུས། ཆུང་དུས་ལོ་བདུན་ནས་བཟུང་ཁྱིམ་གྱི་ཕ་དམ་པའི་མདུན་ནས་བོད་ཡིག་གི་འབྲི་ཀློག་བསླབ། ལོ་བརྒྱད་ཀྱི་སྟེང་ནས་བཟུང་གེ་སར་སྒྲུང་དཔེ་སོགས་ཤར་ཤར་ཀློག་ཐུབ། ཁོ་རང་སྐྱེ་སའི་ཁྱིམ་ཚང་འདི་དངུལ་རྭའི་ཁྱིམ་རྙིང་ཞིག་ཡིན་ལ། རུས་རྒྱུད་འདིར་མདོ་སྨད་བསྟན་པའི་སྲོག་ཤིང་རྒྱ་ཞབས་དྲུང་རིན་པོ་ཆེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་སྔ་ཕྱིར་ཐེངས་གཉིས་བཞུགས་པ་སོགས་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་ཆེན་དམ་པ་འགའ་རེའང་འཁྲུངས་མྱོང་། ཁྱིམ་གྱི་རིག་གནས་ཀྱིས་ཤུགས་རྐྱེན་ནམ་བག་ཆགས་ཀྱི་དབང་གིས་ཆུང་དུས་ནས་གེ་སར་སྒྲུང་ཀློག་རྒྱུར་དགའ་བོ་ཡོད་ལ། རྒྱ་ཚ་དང་འདན་མ་སོགས་གླིང་གི་དཔའ་རྟུལ་དེ་དག་གི་སྣང་བརྙན་རྟོག་བཏགས་བྱས་ཏེ། སྐབས་རེར་སྒྲུང་དཔེ་དེ་དག་འཚོ་བ་དངོས་ཡིན་པའི་འཕྲུལ་སྣང་ཡང་གང་མང་སྐྱེ་མྱོང་ཟེར། རང་ལོ་དགུའི་སྟེང་རྒྱ་ཡིག་མ་གཏོགས་སྦྱོང་ཚན་གཞན་མེད་པའི་སྡེ་བའི་སློབ་གྲྭར་སོང་ནས་ཐོག་མའི་གདེང་འཇོག་སྐར་མ་ལ་དགེ་རྒན་གྱིས་སྐར༡༠༠བྱིན་ཡོད་པ་ད་དུང་ཡང་དྲན་ཡུལ་དུ་འདུག་སྐད། ལོ་གསུམ་ཙམ་ལ་སློབ་གྲྭ་དེར་སློབ་གཉེར་བྱས་ཤིང་། སྐབས་དེར་སློབ་གྲྭའི་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡིན། སློབ་ཁང་ནི་དབྱར་དུས་རས་གུར་ཡིན་ལ། མདུན་ཅོག་དང་རྐུབ་སྟེགས་གཅིག་ཀྱང་མེད་པ་མ་ཟད། ལོ་རིམ་རྣམས་བསྲེས་ནས་སྡེབ་ཚོགས་བྱེད་པའང་གང་མང་ཡོད་ལ། སྐབས་རེར་དགེ་རྒན་ཚོས་ལུག་དང་ཟོག་ཁྱུ་འཚོས་པ་ལྟར་སྐོར་དང་སྐོར་བྱས་ནས་རྩྭ་ཐང་དུ་བཀྲམ་ཏེ་སློབ་ཚན་སྐྱོར་དུ་འཇུག་པ་དང་ཁོ་ཚོས་མིག་གིས་འཚོས་ནས་འདུག དེ་རྗེས་སྡེ་བའི་ནང་ཡོད་པའི་སློབ་གྲྭ་དེར་རྒྱབ་སྐྱོར་བྱེད་མཁན་མེད་པས་རང་ཤུགས་ཀྱིས་འཐོར་ནས་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་། ལོ་གཅིག་གི་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭའི་གྲ་སྒྲིག་འཛིན་གྲྭ་དང་རྨ་ཆུ་རྫོང་མི་རིགས་སློབ་འབྲིང་སོགས་སུ་འགྲོ་བའི་སྐལ་བ་ཤར་ཡང་ཆུང་དུས་ནས་བཟུང་ཁོ་རང་སྙིང་གི་དུམ་བུ་རུ་འཛིན་པའི་ཨ་ཕྱི་དྲིན་མོ་ཆེ་དེས་བློས་མ་ཐོངས་པར་གཏོང་དུ་མ་འདོད་པས་ཕྱིར་བཤོལ་མི་བྱ་ཀ་མེད་བྱུང་ཟེར། ༡༩༨༡ལོར་ཨ་ཕྱི་དྲིན་ཅན་དེ་གློ་བུར་དུ་དུས་ཆོས་སུ་གྱུར་བས་ངེས་འབྱུང་དག་ཙམ་ཞིག་སྐྱེས་ནས་དངུལ་རྭའི་གཉན་ཐོག་དགོན་དུ་རབ་ཏུ་བྱུང་། ལོ་གཉིས་ཀྱི་རིང་ལ་དགོན་པའི་ཆོ་ག་ཆོས་སྤྱོད་སོགས་རྫོགས་པར་སྦྱངས། དེ་དུས་ཚང་མས་རིག་ཡག་ཅིག་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེངས་ས་ཞིག་ཀྱང་ཡིན་འདུག ༡༩༨༦ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གྲྭ་དེར་གནས་ལྔ་རིག་པའི་པཎྚི་ཏ་ཆེན་པོ༧རྗེ་འཇམ་དབྱངས་རྒྱ་མཚོ་ཚང་དང་། དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་རྔ་བ་གྲགས་པ་ཚང་། དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་འཇིགས་མེད་དཔལ་ལྡན་ཚང་། ཨ་ལགས་ཙ་ཡུས་ཚང་སོགས་བཤེས་གཉེན་དུ་མ་བསྟེན་ཏེ། གཞུང་བཀའ་པོད་ལྔ་གཙོར་བྱས་པའི་རིག་པའི་གནས་ལྔ་ལ་བག་ཆགས་ཅུང་ཟད་བཞག བླ་བྲང་དགོན་པའི་དགེ་བཤེས་རྗེ་འཇམ་དབྱངས་ཉི་མ་ཚང་། ཨ་ཁུ་སྨད་སོག་བཛྲ་ཚང་སོགས་དམ་པ་དུ་མའི་མདུན་ནས་སུམ་རྟགས་དག་གསུམ་དང་། དབྱངས་ཅན་སྒྲ་ཊཱིཀ རྩིས་དཀར་ནག སྙན་ངག་མེ་ལོང་སོགས་ལའང་སྦྱངས་པ་མི་དམན་པ་བྱས།
    ༡༩༨༦ལོར་སློབ་མཐར་ཕྱིན་རྗེས་ཕྱིར་དགོན་པར་མ་སོང་བར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་གདན་ཞུས་དགེ་རྒན་བྱས། དུས་དེར་སློབ་མ་དག་ལ་བརྡ་སྤྲོད་དང་དག་ཡིག སྙན་ངག་སྐོར་གྱི་ཤེས་བྱ་སོགས་ཁྲིད། སྔར་སྦྱང་ཟིན་པ་དག་ལ་བསྐྱར་དུ་བལྟ་དགོས་བྱུང་བས། དེས་ཁོ་ལ་ཤིན་ཏུ་ཕན་པ་བྱུང་ལ། དགེ་གྲོགས་དང་སློབ་མ་ཚོས་ཀྱང་ཁོང་གི་སློབ་ཁྲིད་ལ་དགའ་བསུ་ཆེན་པོ་ཐོབ་འདུག ༡༩༩༤ལོའི་སྟོན་ཀར། ༢༠༠༢ལོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ལོ་ངོ་གསུམ་ལ་བོད་ཀྱི་རྩོམ་རིག་དང་སྐད་ཡིག་ཕྱོགས་ལ་བསླབ་སྟེ་དངོས་གཞི་སློབ་རམས་པའི་མིང་བཏགས་བླངས། འདི་ལས་ཞོར་ཡིན་ལ་རྒྱུགས་སྤྲོད་སྐབས་མ་གཏོགས་སློབ་གྲྭར་འགྲོ་མི་དགོས། ༢༠༠༤ལོར་མི་དོན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་སྐབས་སུ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ལ་རྒྱུགས་བླངས་ཏེ་ཨང་དང་པོའི་དཔང་ཡིག་ཐོབ་སྟེ་ལོ་གཅིག་ཙམ་ལ་སླར་ཡང་དགེ་རྒན་བྱས། ༢༠༠༥ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས་ཧྲོ་ཧྲི་རབ་འབྱམས་སློབ་མའི་ཐོབ་ཐང་བླངས། ཞིབ་འཇུག་སློབ་མའི་དཔྱད་རྩོམ་བོད་ཀྱི་བརྡ་སྤྲོད་རིག་པའི་དཀའ་གནད་འགར་དཔྱད་པ་ཞེས་པར༢༠༠༨ལོའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་དུ་ཞིབ་འཇུག་སློབ་མའི་ཕུལ་བྱུང་དཔྱད་རྩོམ་གྱི་དཔང་ཡིག་ཐོབ། ལོ་དེ་དག་གི་རིང་ལ་མི་རིགས་དཔེ་སྐྲུན་ཁང་གིས་གདན་ཞུས་ལྟར། དེང་གི《མཁས་དབང་མཁན་སྤྲུལ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ》དཔར་དུ་འདེབས་སྐབས་འགན་ཆེན་པོ་ཁུར་ཡོད་ལ། མཁས་དབང་ཐུབ་བསྟན་ཕུན་ཚོགས་སོགས་དང་མཉམ་དུ《བོད་ཀྱི་ཚིག་མཛོད་ཐ་སྙད་རྒྱ་མཚོ》ཞེས་པ་རྩོམ་སྒྲིག་གི་བྱ་བར་ཞུགས་མྱོང་བར་མ་ཟད་རང་ཡུལ་ཕྱོགས་ཀྱི་ཐ་སྙད་དུ་མས་ཁ་གསབ་ཀྱང་བྱས་མྱོང་ཡོད་འདུག སློབ་གྲྭ་དེར་ན་གཞོན་ཆེད་མཁས་སྒྲོལ་དཀར་ཚེ་རིང་དང་མཉམ་འབྲེལ་གྱིས་རྒྱའི་ལོ་རྒྱུས་ཧན་རྗེས་མའི་དེབ་ཐེར་དང་རྒྱའི་དེབ་ཐེར་སྲིད་སྐྱོང་མེ་ལོང་དུ་གསལ་བའི་བོད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་སྐོར་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཚར་ཡོད་ལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་ཆེད་དེབ《ང་རོ》དང་། 《སྐར་མ་འོད་ཆེན།》 《མདོ་སྨད་ཞིབ་འཇུག》 《རྩེར་སྙེག》 《ཟླ་ཟེར།》 《ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》 《བོད་ཀྱི་དེང་རབས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་ཕྱོགས་སྒྲིག》སོགས་སུ་བོད་ཀྱི་བརྡ་སྤྲོད་དང་ལོ་རྒྱུས་སོགས་དང་འབྲེལ་བའི་དཔྱད་རྩོམ་གང་མང་སྤེལ། དེ་མིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ལོ་རྒྱུས་ཀྱི་བརྗོད་གཞི་དང་འབྲེལ་བའི་འཆད་ཁྲིད་ཐེངས་གཉིས་བྱས་པ་དང་། དགེ་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱི་ཚབ་བྱས་ཏེ་ཞིབ་འཇུག་སློབ་མ་དག་ལ《གྲུབ་མཐའ་རིན་ཆེན་ཕྲེང་བའི》དཔེ་ཁྲིད་ཀྱང་གནང་ཡོད་འདུག སྐབས་འདི་ཞིག་ནས་ད་ལྟའི་བར་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་ས་གནས་སོ་སོ་ནས་རྐང་གཟས་ཏེ་ཁོང་གི་མདུན་དུ་འོང་བའི་སློབ་ཆེན་སློབ་མ་དག་ལ་སྒྲ《མཚམས་སྦྱོར་ལྔ་བ》དང《སྔགས་བཀླག་ཐབས།》 རྒྱུགས་གཞི་ལ་དབྱེ་ཞིབ་བྱ་ཐབས་སོགས་ཀྱི་སྐོར་ནས་སློབ་ཁྲིད་གནང་ཡོད་འདུག
    ༢༠༠༨ལོར་སློབ་མཐར་ཕྱིན་རྗེས་ཕྱིར་སློབ་གྲྭར་ལོག་སྟེ་དགེ་རྒན་གྱི་བྱ་བ་གཉེར་བ་མ་ཟད་བོད་སྐད་ཡིག་སློབ་ཁྲིད་ཀྱི་འགན་འཁུར་ཞོར་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ཞིབ་ཀྱི་བགྱི་བ་དང་དུ་བླངས། སྔ་ཕྱིར་ཁུལ་རིམ་པའི་བོད་ཡིག་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་པ་དང་། རྨ་ཆུ་རྫོང་གི་སློབ་ཁྲིད་གྲུབ་འབྲས་འབུར་ཐོན་གྱི་གཟེངས་རྟགས་ཐོབ་པ་དང་མཉམ་པོར“པཎ་ཆེན་སློབ་གསོའི་མ་དངུལ་གྱི་བྱ་དགའ”ཐོབ་ནས། ཉི་ཧོང་དང་ལྷོ་ཀོ་རེ་ཡ་སོགས་སུ་རིག་གནས་འགྲུལ་བཞུད་ཀྱི་གོམ་པ་ཐོག་མར་སྤོས། ༢༠༠༩ལོའི་ཟླ༨པ་ནས་བཟུང་སློབ་གཙོ་གཞོན་པའི་འགན་ཁུར་བ་དང་། ལོ་དེར་ཀན་ལྷོ་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་གཙོ་དག་གི་སློབ་ཁྲིད་དངོས་ཡུལ་ནས་བརྙན་བླངས་པའི་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། དེང་གི་སློབ་ཁྲིད་བྱ་ཐབས་ཀྱི་གཞུང་ལུགས་དཔེ་དེབ་དུ་མར་བལྟ་ཀློག་དང་། རྩིས་འཁོར་གྱི་ལམ་ནས་ཁྲིད་ཆས་བཟོ་བ་སོགས་ལ་སྦྱངས་པ་བྱས་ཏེ། ༢༠༡༣ལོར་ཞིང་ཆེན་ཡོངས་ཀྱི་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྨྱན་གཟུགས་འགྲན་བསྡུར་ཁྲོད་ཁོང་གིས་བཟོས་པའི་ཁྲིད་ཆས《དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིངས་པ》ཞེས་པར་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད་དཔྱད་འདེམ་པ་ཚོས་གདེང་འཇོག་ཧ་ཅང་མཐོན་པོ་གནང་། ༢༠༡༧ལོར་ཁུལ་སློབ་གསོ་ཅུས་ཀྱི་ཀན་ལྷོ་ཁུལ་གྱི་མིང་གྲགས་ཅན་གྱི་དགེ་རྒན་ཞེས་པའི་མཚན་སྙན་གནང་། དེ་མིན་ལོ་ངོ་འདི་དག་གི་རིང་ལ་ཁོང་རང་ཉིད་ཨ་མདོའི་བརྙན་འཕྲིན་ཁང་དུ་སློབ་གསོའི་སྐོར་བརྗོད་གཞི་བྱས་པའི་གླེང་སྟེགས་ལེ་ཚན་དུ་ཐེངས་གཉིས་ཞུགས་ཏེ་སློབ་ཁྲིད་སློབ་གསོའི་སྐོར་ནས་གསུང་བཤད་གལ་ཆེན་གནང་བ་དང་། སི་ཁྲོན་ཞིང་ཆེན་བོད་སྐད་རྒྱང་སྒྲོག་ཁང་གིས་སྔ་ཕྱིར་སྐུད་ལམ་ནས་བཅར་འདྲི་དང་ལེན་བྱས་ཏེ། གཞི་རིམ་སློབ་གསོའི་གནས་བབས་ངོ་སྤྲོད་གང་ལེགས་བྱས། མཚོ་སྔོན་དང་ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱས་ཏེ། གཞི་རིམ་སྐད་གཉིས་སློབ་གསོའི་སྲིད་ཇུས་དང་སློབ་ཁྲིད་སློབ་གསོའི་ལག་ལེན་སྐོར་ནས། དངོས་ཡོད་གནས་ཚུལ་དང་འཚམ་པའི་གསུང་བཤད་གལ་ཆེན་གནང་། ལྷོ་ནུབ་མི་རིགས་སློབ་ཆེན་དུ་གཞི་རིམ་མི་རིགས་སློབ་གསོའི་གནས་བབས་དང་དེའི་དབྱེ་ཞིབ་ཅེས་པའི་བརྗོད་གཞིའི་སྟེང་ནས་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་དག་ལ་འཆད་ཁྲིད་གལ་ཆེན་གནང་། ༢༠༡༦ལོ་ནས༢༠༡༩ལོའི་བར་ཞིང་ལྗོངས་ལྔའི་མཐོ་འབྲིང་གི་ཚོད་ལྟའི་བསླབ་དེབ་བོད་སྐད་ཡིག་རྩོམ་སྒྲིག་ཞིབ་བཤེར་ཆེད་མཁས་པར་གདན་ཞུས་ཀྱིས་ལོ་རེ་བཞིན་བོད་སྐད་ཡིག་གི་དངོས་སྦྱོང་དང་འདེམ་སྦྱོང་གི་བསླབ་གཞི་རྩོམ་སྒྲིག་ཞིབ་བཤེར་གྱི་འགན་ཁུར་ཏེ། རིན་ཐང་བྲལ་བའི་དགོངས་འཆར་མང་པོ་བཏོན་པ་དང་། འཕྲི་སྣོན་དང་ཞུ་དག་གང་མང་བཏང་སྟེ་བསླབ་གཞི་ཚད་ལྡན་དུ་གཏོང་བར་བྱས་རྗེས་གསུབ་ཐབས་བྲལ་བ་བཞག ༢༠༡༨ལོར་རྨ་ཆུ་རྫོང་དྲིལ་བསྒྲགས་པུའུ་དང་དཔལ་ཡོན་གཞུང་ལས་ཁང་གཉིས་ཀྱིས་དབུ་བཟུང་སྟེ་བསྒྲུབ་པའི༢༠༡༨ལོའི“ཀྲུང་གོའི་ཕུགས་འདུན་སྟེ། རྨ་ཁུག་གི་ཆེས་ཕུལ་དུ་བྱུང་བའི་མི”ཞེས་པར་བདམས་ཐོན་བྱུང་བ་ནི། ཁོང་གིས་མི་ཚེ་སློབ་གསོར་གཟད་པའི་ཕུལ་བྱུང་གི་ལས་དོན་དེར་སྤྱི་ཚོགས་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཚད་མཐོ་བའི་གདེང་འཇོག་ཆེན་པོ་ཐོབ་པ་ཞིག་ཅི་ལ་མིན། གཞན་ཁོང་གིས་ལས་ཞོར་དུ་བྲིས་པའི་རིན་ཐང་ཅན་གྱི་དཔྱད་རྩོམ་ལ། ༢༠༠༧ལོར། ཏུན་ཧོང་ཡིག་རྙིང་ལས་ཕྲད་འགའ་དམིགས་སུ་བཀར་ནས་གླེང་བཞེས་པ་ཨ་མདོ་ཞིབ་འཇུག་དུས་དེབ་ཏུ་བཀོད་ཡོད། ཡང༢༠༠༧ ལོའི་ཟླ་བཞི་བརབཙན་པོ་གུང་སྲོང་གུང་བཙན་གྱི་འཁྲུང་འདས་ལོ་ཚིགས་ལ་དཔྱད་པདེ་དེང་རབས་བོད་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་ཕྱོགས་བསྡུས་སུ་བཀོད་ཡོད། ༢༠༡༢ལོརགླིང་གེ་སར་རྒྱལ་བོའི་སྒྲུང་སྟག་གཟིག་ནོར་རྫོང་གི་སྐད་ཆའི་ཁྱད་ཆོས་ལ་དཔྱད་པཞེས་པ་རྒྱལ་སྤྱིའི་སྐབས་དྲུག་པའི་གེ་སར་དཔྱད་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་སྒྲིག་ཏུ་བཀོད་ཡོད། ༢༠༡༤ལོར དུས་གསུམ་གྱི་དབྱེ་བསྡུ་དང་དེའི་སྐོར་གྱི་ལྟ་ཚུལདེ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭའི་རིག་གཞུང་དུས་དེབ་ཏུ་བཀོད་ཡོད། ༢༠༡༦ལོརབོད་ཀྱི་བྲག་བརྐོས་རི་མོའི་ཁྲོད་ཀྱི་ཁྱུང་གི་དད་མོས་གླེང་བདེ་ལྷ་ས་གྲོང་ཁྱེར་སྐབས་གཉིས་པའི་ཞང་ཞུང་རིག་གནས་བགྲོ་གླེང་ཚོགས་འདུའི་སྟེང་སྒྲོག་སྦྱངས་བྱས། 
    དགེ་རྒན་དངུལ་རྭའི་བཟོད་པ་ལགས་ཀྱི་སློབ་ཁྲིད་ཐབས་ལམ་ལ་དགེ་སློབ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་འདུག རྒྱུ་མཚན་ནི་དགེ་རྒན་ཁོང་ལ་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་པའི་དབང་གིས་བོད་སྐད་ཡིག་གི་རྨང་གཞིར་གྱུར་བའི་ཤེས་བྱ་གང་ཞིག་ཁྲིད་ཀྱང་གནའ་དེང་ཟུང་འབྲེལ་དང་། སྟབས་བདེ་གོ་སླའི་སྒོ་ནས་འགྲེལ་བཤད་གནང་བ་དང་། དཀའ་བའི་གནད་འཆད་པའི་ཚེ་ན་མི་ཤེས་པའི་མདུད་པ་ལྷུག་པོར་བཀྲོལ་ཏེ་ལག་མཐིལ་གྱི་རྫས་བཞིན་དུ་ཤེས་པར་བྱ་བའི་གནས་དེ་ཉིད་ཕ་རོལ་བོའི་བློ་ངོར་གསལ་ལྷང་ངེར་འཇོག་ཐུབ་པ་དང་། རྣམ་དཔྱོད་ཀྱི་འཆར་སྒོ་མྱུར་ལ། སྨྲ་བརྗོད་ཀྱི་ཁ་ལྕེ་དག་པའི་དབང་གིས་ཚིག་གང་ཞིག་ངག་ལ་བླངས་ནའང་ཚིག་གིས་དག་ཆས་དོན་གྱི་གོ་བ་ངང་ངམ་ཤུགས་ཀྱིས་སྟེར་ཐུབ་པའི་ཁྱད་ཆོས་ལྡན་པ། སློབ་ཁྲིད་བྱེད་པའི་ཚེ་ན་རྒྱུད་མ་སྨིན་པའི་སློབ་མ་དབང་རྟུལ་གང་འདྲ་ཞིག་ལ་འཕྲད་ཀྱང་སྐྱོ་ངལ་ཕྲ་མོ་ཙམ་ཡང་མེད་པར་བརྩེ་བ་དང་སྙིང་རྗེའི་ཀུན་ནས་ཕྱུག་པའི་འཁྲིད་ཐབས་གང་དེས་ཕ་རོལ་པོ་ལ་བློ་ཁ་དང་འཚམ་པའི་འབྲས་བུ་ངང་གིས་སྟེར་ཐུབ། དཀའ་བའི་གནས་གང་ཞིག་ལ་དཔྱད་པ་གཏོང་བའི་ཚེ་ན་འོལ་ཚོད་དང་སྙིང་ཁམས་ཆེན་པོས་ཡོད་ཚད་ཐག་བཅད་ནས་བཤད་པ་ཙམ་མིན་པར། ལུང་རིགས་གཉིས་ཀྱིས་ཞུན་ཐར་བཅད་དེ་དོན་གྱི་སྤུ་རིས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་སོ་སོར་འབྱེད་ཐུབ། རིག་གནས་གང་ཞིག་འཆད་ནའང་རིག་གནས་རེ་རེའི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བར་དང་དོད་ཆེན་པོ་གནང་སྟེ་དེའི་ཁྱད་ཆོས་རྩལ་བཏོན་ནས་འཆད་ཅིང་། རིག་པ་ཧ་ཅང་ཞིབ་པའི་དབང་གིས་འཆད་བྱའི་ནང་དོན་གང་ཞིག་འཆད་ནའང་ཚིག་ལ་ཟློས་སྐྱོན་ལོག་བཤད་སོགས་ཀྱིས་ཀུན་ནས་དབེན་པས་ཕ་རོལ་བོའི་ཡིད་དབང་འགུག་པའི་ནུས་པ་ཆེས་ཆེར་ལྡན། འཁྲིད་བྱའི་གནས་གང་ཡིན་དེར་ནང་བྱན་ཆུད་ཡོད་པ་དང་འདྲ་ལ། ཆགས་ཐོགས་གང་ཡང་མེད་པར་ཕ་རོལ་བོར་གོ་བའི་བོགས་ཐོན་པ་དང་། ཁྲིད་ལ་ཇི་ཙམ་ཉན་ཡང་སུན་སྣང་དང་སྐྱོ་ངལ་མེད་པར་རིག་པ་སངས་ཀྲོག་གེར་གཏོང་ཐུབ་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་ཞིག་གོ། རྩོམ་པའི་ཡོན་ཏན་གྱི་ཕྱོགས་ནས་གླེང་ན། ཚིག་ལྷག་དང་བསྐྱར་ཟློས་མེད་ལ། རང་གི་ཐུན་མོང་མ་ཡིན་པའི་ལྟ་བ་གང་ཡིན་དེ་ཨ་རུ་སྡེར་འདོན་གྱི་དཔེ་ལྟར་ཀུན་གྱི་གཟིགས་མོར་བཀྲམས་ཏེ། རྒྱབ་རྟེན་གྱི་ལུང་ཁུངས་བཙུན་ཞིང་། སྒྲུབ་བྱེད་རིག་པའི་དབལ་རྣོ་ལ། ཚིག་གི་སྡེབ་ལེགས་ཤིང་། དོན་གྱི་འགངས་ཟབ་པ་སོགས་དེ་འབྲེལ་གྱི་ཤེས་བྱའི་གནད་ཚང་མ་འུབས་ཀྱིས་འདུ་ཐུབ་པའི་ཁྱད་ཆོས་མངོན་པ་ཞིག་གོ།
    ད་སྐབས་རྨ་ཆུ་རྫོང་མཐོ་རིམ་སློབ་འབྲིང་དུ་སློབ་གསོའི་ལས་དོན་ལ་སྐབས་བབས་ཀྱི་བགྱི་བ་དོན་དུ་གཉེར་བཞིན་པའི་སྐབས་སོ།།
    རིག་པའི་ཚལ་ལ་མེ་ཏོག་ལྷུར་བཞད་པར།། དཔྱིད་དཔལ་སྒེག་མོའི་ཆར་གྱི་ཚུལ་འཛིན་མཛད།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།