中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། དྲིན་གཟོའི་སེམས་ཀྱིས་དཔྱིད་དཔལ་དྲོན་མོ་བསུ། - དགེ་རྒན་དབྱང་ཕྱག་རྡོར་གྱི་སློབ་གསོའི་འགྲུལ་བཞུད་ཟུར་བཀོད།
དུས་ཚོད།2020-04-17 10:08:39     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཅོ་ནེ་རྫོང་མཁར་ནས་སྤྱི་ལེ་ལྔ་བཅུའི་མཚམས་སུ་རྫོང་ཡོངས་ཀྱི་ཤང་གྲོང་ཆེས་མཐའ་འཁོབ་ཀྱི་ཡ་གྱལ་ཁྱ་དགེ་ཤང་ཡོད་ལ། ཤང་སྲིད་གཞུང་བཅའ་སྡོད་བྱས་ཡུལ་གྱི་སྡེ་བའི་གཞུང་ལམ་བརྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ་བཞི་ཙམ་སོང་མཐར། ཁྱ་དགེ་སློབ་ཁུལ་གྱི་ཁོངས་གཏོགས་སློབ་ཆུང་ས་དཀར་ཐོད་ལ་ཐོན་ཐུབ། སློབ་གྲྭ་འདིས་ཞབས་ཞུའི་ཁྱབ་ཁོངས་ལ་བསྡོམས་པས་སྡེ་བ་ལྔ་ཡོད་ཅིང་། དེ་དག་སོ་སོ་ནི་ཆ་ལ་སྡེ་བ་དང་ས་དཀར་ཐོད་སྡེ་བ། མགར་ལ་སྡེ་བ། མཚེར་མོ་ཆེ་སྡེ་བ། སྤོས་ལུང་མདོ་སྡེ་བ་བཅས་ཡིན་ལ། བསྡོམས་པས་ཁྱིམ་ཚང་གོ་བརྒྱད་ཡོད། དུས་རབས་གསར་བ་སླེབས་པས་སློབ་གསོ་བསྒྱུར་བཅོས་དང་སློབ་གྲྭའི་བཀོད་པ་སྙོམས་སྒྲིག་བྱས་པ་དང་བསྟུན། སློབ་གྲྭ་འདི་ནི་ལྟེ་བའི་སློབ་ཆུང་གི་སློབ་ཁྲིད་ལྟེ་བ་ཞིག་ཏུ་གྱུར་ཡོད།
   སློབ་གྲྭའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་སློབ་ར་གཡུ་མདོག་གིས་ཁེངས། དཔེ་ཀློག་གི་དབྱངས་རྟ་ལྷང་ལྷང་དུ་གྱེར་ཞིང་སློབ་རའི་མཚར་སྡུག་ལ་དགེ་སློབ་ཀྱི་ལང་ཚོའི་མཛེས་པ་ལྷག་པར་ངོམ། སློབ་གྲྭ་འདིའི་ནང་ལས་ཀ་བྱེད་ཀྱིན་པ་ནི་ང་ཚོས་མཐོང་འཕྲལ་དུ་གུས་པའི་ཕྱག་ཟུང་དམ་པོ་དབང་མེད་དུ་སྦྱར་འགྲོ་བའི་དགེ་རྒན་དམ་པ་དབྱང་ཕྱག་རྡོར་རེད། དབྱང་ཕྱག་རྡོར་ནི་ཁྱ་དགེ་སློབ་ཁུལ་གྱི་ཟླ་ཕོགས་སྒོར་བརྒྱ་དང་ཉི་ཤུ་ལས་མེད་པའི་ཤང་སྡེའི་ཟུར་ཁྲིད་དགེ་རྒན་དཀྱུས་མ་ཞིག་ཡིན་ལ། རྨས་སྐྱོན་གྱི་དབང་གིས་ཀླད་པར་གཤག་བཅོས་བྱས་ཏེ་བགྲང་བྱ༢༦གི་རིང་ལ་སྔར་བཞིན་སློབ་གསོའི་ལས་གནས་གཡོ་མེད་དུ་སྲུང་ཞིང་། སློབ་གསོ་ལ་དུང་བའི་བརྩེ་བ་དྲོན་མོས་ཚེ་སྲོག་གི་མཚར་སྡུག་གསར་གྲས་ཤིག་བཞེངས་སྐྲུན་བྱེད་ཀྱིན་མཆིས།
   ད་ལོ་ལོ་བཞི་ཅུར་སོན་པའི་དགེ་རྒན་དབྱང་ལགས་ནི། ༡༩༩༢ལོར་ཁྱ་དགེ་སློབ་གྲྭ་ནས་སློབ་འབྲིང་མཐར་ཕྱིན་ཞིང་། ལོ་དེའི་ཟླ་དགུ་བར་ཟུར་ཁྲིད་དགེ་རྒན་གྱི་ལས་གནས་སུ་ཞུགས། ཆེས་ཐོག་མར་ཁོས་ཟླ་རེར་གླ་ཕོགས་སྒོར་དྲུག་བཅུ་ལས་ལེན་གྱིན་མེད་ལ། རྒྱུན་པར་ཟས་ཆད་ལྟོགས་སྐོམ་གྱི་དཀའ་ཁག་མྱོང་གིན་ཡོད། ལོ་གཉིས་ཀྱི་རྗེས་སུ་རྫོང་ཐོག་གིས་ཁོ་ལ་ཟླ་རེར་སྒོར་བརྒྱའི་ཟླ་ཕོགས་ཁ་སྣོན་བྱས་ཡོད་མོད་ཀྱང་། རྒན་དབྱང་ལགས་ཀྱི་ཟས་ཆད་ལྟོགས་སྐོམ་གྱི་ཐེངས་གྲངས་ཅུང་ཙམ་ཇེ་ཉུང་སོང་བ་ལས་འཚོ་བར་སྔར་བཞིན་དཀའ་ཁག་ཆེན་པོ་ཡོད་ཅིང་། མཐའ་འཁོར་གྱི་མང་ཚོགས་ཀྱིས་ལྟ་བས་མ་བཟོད་པས་ནམ་རྒྱུན་ཁོ་རང་གི་འཚོ་བའི་ཁ་སྣོན་དུ་རྩམ་པ་དང་ཤ་སོགས་ཉུང་ཙམ་རེ་སྟེར་གྱིན་ཡོད། ཁོས་རྒྱུན་ལྡན་དུ་གྱོན་ཡོད་པའི་ལྭ་བ་དེ་བཀྲུས་ཏེ་སྐྱ་བོར་གྱུར་ཡོད་མོད། འོན་ཀྱང་ཁོ་རང་ལ་ལྭ་བ་སོ་མ་ཉོ་བྱེད་ཀྱི་སྒོར་མོ་མེད་སྟབས་ལོ་སྔོན་མའི་ནང་ད་དུང་ཡང་ལྭ་དེ་བཀྲུས་ཏེ་གྱོན་འདུག
   ལོ་ངོ་༢༦གི་རིང་ལ་ཁོའི་སློབ་གྲྭ་དེ་ནི་སྔོན་མ་བཞིན“སློབ་གཙོ་གཅིག་དང་དགེ་རྒན་གཅིག  འཛིན་བདག་གཅིག”གི“གསུམ་པོ་གཅིག་བྱེད”ཀྱི་སློབ་གྲྭ་ཞིག་ཡོན་ལ། ཁོས་དམིགས་བསལ་གྱི་ལས་གནས་འདི་ནས་ཁ་རོག་གེར་འབད་འབུངས་ཀྱིས་བདག་མེད་དུ་རང་ཉིད་ཀྱི་ཚེ་སྲོག་འབུལ་གྱིན་ཡོད། རྒན་དབྱང་ལགས་ཀྱིས་སློབ་གྲྭ་དེ་ཡོངས་ཀྱི་ལས་ཀ་འགན་འཁུར་ཡོད་པར་མ་ཟད། རང་ཉིད་ཀྱི་དུང་བ་ཡོད་ཚད་ཀྱང་བོད་རིགས་སློབ་མ་ཚོའི་ཆེད་དུ་འབུལ་གྱིན་མཆིས།
   ཉིན་རྒྱུན་གྱི་སྔ་དྲོ་དང་ཕྱི་དྲོའི་སློབ་གྲྭ་གྲོལ་སྐབས། ཁོས་སློབ་གྲྭ་དང་ཐག་ཉེ་བའི་ཤིང་ཟམ་རྐྱ་གཅིག་ཅན་དེའི་སར་སློབ་མ་ཚོ་ཕར་བསྐྱེལ་ཚུར་ལེན་བྱེད་གྱིན་ཡོད་ལ། སློབ་མ་ཚོ་གྲལ་སྒྲིག་སྟེ་བསྐྱེལ་གྱིན་པའི་སྐབས་སུ། རྒན་དབྱང་ལགས་ཀྱིས་ནམ་རྒྱུན་དུ་སློབ་མ་ཚོར་རྒྱ་ལམ་དུ་འགྲོ་སྐབས་སུ་འགྲིམ་འགྲུལ་དོ་དམ་གྱི་སྒྲིག་ལམ་སྐོར་བཤད་གྱིན་ཡོད། མཐའ་འཁོབ་ཀྱི་རི་གྲོང་གི་བྱིས་པ་འདི་དག་ལ་འགྲིམ་འགྲུལ་སྐོར་གྱི་ཤེས་བྱ་ཁྲིད་པ་ནི་བལྟས་ཚོད་ཀྱིས་དགོས་མཁོ་གང་ཡང་མེད་པ་ཙམ་དུ་འདོད་ཀྱང་།  རྒན་དབྱང་ལགས་ཀྱིས་དེ་ལྟར་བསམ་གྱིན་མེད་ལ། རྗེས་ཕྱོགས་བྱིས་པ་ཚོ་ལོ་རིམ་འཕར་ན་ཆེས་ཐོག་མར་དགོས་མཁོ་ཆེ་བ་ནི་འགྲིམ་འགྲུལ་དོ་དམ་གྱི་སྒྲིག་ལམ་སྐོར་ཡིན་པ་ཤེས་ཡོད། གནམ་གཤིས་ངན་པ་དང་འཕྲད་སྐབས་ཤིང་ཟམ་རྐྱ་གཅིག་ཅན་དེའི་སྟེང་ནས་འདྲེད་སླ་བས། རྒན་དབྱང་ལགས་ཀྱིས་སློབ་མ་ཕར་བསྐྱེལ་ཚུར་ལེན་བྱེད་སྐབས་སློབ་མ་ཚོ་རེ་རེ་བཞིན་རྒྱབ་ལ་ཁུར་ཏེ་ཤིང་ཟམ་དེར་བརྒལ་གྱིན་ཡོད། རྒན་དབྱང་ལགས་གཅིག་པུས་སློབ་གྲྭའི་ནང་ཐེངས་རེ་རེའི་སློབ་ཁྲིད་ལེགས་པར་བྱེད་ཅིང་། སློབ་མ་རེ་རེར་སློབ་གསོའི་དོ་དམ་བཟང་བོ་བྱེད་པའི་མི་སྣ་མང་པོ་ཞིག་འཁྲབ་གྱིན་ཡོད། ནམ་རྒྱུན་སློབ་ཁྲིད་བྱེད་སྐབས་རྒན་དབྱང་ལགས་ནི་ངར་བསྐྱེད་བྱེད་ཀྱི་སྨན་ཁབ་བརྒྱབ་པ་བཞིན་རྣམ་རིག་ལྷག་པར་རྒྱས་ཡོད། རྒྱུ་མཚན་ཁྲིད་སྟེགས་ཀྱི་སྟེང་དུ་འབུད་པ་ནི་ཁོའི་ཕུགས་བསམ་གྱི་གར་སྟེགས་དངོས་མ་དེ་གཅིག་པུ་ཡིན་པས་རེད། འདི་ནས་ད་གཟོད་ཁོ་རང་ལ་ཡིད་སེམས་མགུ་བ་དང་བློ་བདེ་བག་ཕེབས་ཀྱི་སྣང་བ་དེ་སྟེར་ཐུབ་ཀྱིན་ཡོད། བོད་ཡིག་དང་རྒྱ་ཡིག  རྩིས་རིག  གླུ་དབྱངས། ལུས་རྩལ། རི་མོ་སོགས་བསླབ་ཚན་སོ་སོ་ཁོ་གཅིག་པུས་སློབ་ཁྲིད་བྱེད་པའི་འགན་འཁུར་ཡོད། ལོ་ངོ་ཉི་ཤུ་ལྷག་གི་སྔ་གཞུག་ཏུ་བསྡོམས་པས་སློབ་མ་བདུན་བརྒྱ་ལྷག་གསོ་སྐྱོང་བྱས་ཡོད་ལ། སློབ་མ་བཅུ་ཕྲག་ལྷག་གིས་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད། གཡུར་དུ་ཟ་བའི་འབྲས་བུ་འདི་དག་ནི་རྒན་དབྱང་ལགས་ཀྱི་འབད་འབུངས་ཀྱིས་སློབ་ཁྲིད་བྱས་པའི་འབྲས་བུ་ཡིན་ལ། ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱིས་འདི་ལྟ་བུའི་སློབ་ཁྲིད་ཅི་ཙམ་བྱས་སོང་ནི་མི་ཤེས། ལོ་ངོ་ཉི་ཤུའི་ནང་དུ་ཁོས་གྲགས་མེད་འགུལ་མེད་ཀྱི་སློབ་ཁྲིད་རེ་རེས་མཐའ་འཁོབ་ཀྱི་རི་གྲོང་འདིར་ཆེས་མཛེས་སྡུག་གིས་ཕྱུག་པའི་མདུན་ལམ་ལེགས་པོ་ཞིག་བསྐྲུན་བཞིན་ཡོད་ལ། ས་འདི་གའི་བྱིས་པ་ཚོར་གྲོང་ཁྱེར་དུ་སོང་སྟེ་སློབ་གྲྭར་འགྲོ་བ་དང་རེ་སྨོན་བཙལ་བའི་ཤེས་བྱ་སློབ་གཉེར་གྱི་ལམ་བུ་ཞིག་རྙེད་ཐུབ་པར་བྱེད་གྱིན་ཡོད། རྒན་དབྱང་ལགས་ཁོང་ནི་བྱིས་པ་འདི་ཚོའི་ཕུགས་བསམ་འཚོལ་སྙེགས་ཀྱི་ལམ་བུ་ཁྲོད་དུ་མཁོ་བའི་ཟམ་པ་ཞིག་ཏུ་སྒོམ་གྱིན་ཡོད་ལ། རང་ཉིད་ལ་ཅི་ཞིག་ཐོབ་འགྲོ་བའི་རེ་སྨོན་གང་ཡང་བྱེད་ཀྱིན་མེད་མོད། འོན་ཀྱང་ཁོང་གིས་དེ་ལྟར་བསམ་གིན་མེད་ལ། ཁོའི་བསམ་པར་རང་ཉིད་ཀྱི་ཕུགས་འདུན་ནི་ས་འདི་ནས་མེ་ཏོག་མཐོར་ཞིང་འབྲས་བུ་སྨིན་པར་འདོད་ཀྱིན་ཡོད་ཅིང་། ཁོས་ད་གཟོད་ས་འདིའི་འཇིག་རྟེན་ལ་འོད་སྣང་བསྩལ་ཡོད་འདུག  རྒན་དབྱང་ལགས་ཀྱི་ལོ་མང་པོའི་རིང་འབད་འབུངས་ཀྱིས་ཐོབ་པའི་འབྲས་བུས་ཁོ་རང་ལ་འཚོ་བའི་དཀའ་ངལ་དང་ཁོར་ཡུག་གི་དཀའ་སྡུག་བརྗེད་པར་བྱེད་འགྲོ་གྱིན་ཡོད།
   རྒན་དབྱང་ལགས་ཀྱི་རྐང་བ་དེ་འདྲའི་སྟབས་བདེ་མིན་མོད་ཀྱང་། སློབ་གྲྭས་བཀོད་སྒྲིག་བྱས་པའི་ལུས་རྩལ་སློབ་ཁྲིད་ཁོས་ཆག་པར་འཇུག་གྱིན་མེད། ཁོས་འཛེམ་དོག་གང་ཡང་མེད་པར་ལུས་རྩལ་གྱི་སློབ་ཁྲིད་བྱེད་ཀྱིན་པར་མ་ཟད། ཁོས་རང་ཉིད་ལས་བརྒལ་བར་བྱས་ཏེ་སློབ་མ་ཚོ་དང་མཉམ་དུ་ལུས་རྩལ་བྱ་འགུལ་ལ་ཞུགས་ཀྱིན་ཡོད། སློབ་མ་ཚོ་བདེ་ཐང་གིས་འཚར་ལོངས་འབྱུང་རྒྱུ་དང་ཁོ་ཚོས་ཆེས་རྨང་གཞིའི་ལུས་རྩལ་གྱི་ཤེས་བྱ་བསླབ་ཐུབ་རྒྱུ་ནི་རྒན་དབྱང་ལགས་ཀྱི་ཆེས་རྣམ་དག་གི་རེ་བ་ཡིན། ཁོས་རང་གི་སློབ་མ་ཚོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ཆེད་དུ་རང་ཉིད་ཀྱི་འགྲོ་འདུག་སྟབས་བདེ་མིན་ནའང་། སློང་གསེང་གི་དུས་ཚོད་བེད་སྤྱད་དེ་སློབ་མ་ཚོ་དང་མཉམ་དུ་བྲོ་འཁྲབ་པ་སོགས་ཀྱི་ལུས་རྩལ་བྱ་འགུལ་དངོས་སུ་ཞུགས་ཏེ། སློབ་མ་ཚོའི་སློབ་གསེང་གི་བྱ་འགུལ་ལ་སྤྲོ་སྣང་གིས་ཕྱུག་པར་བྱེད་གྱིན་ཡོད་ཅིང་། སློབ་རའི་ནང་ཡང་གསོན་ཤུགས་དང་ལྡན་པར་བྱེད་དེ་སློབ་མ་ཚོར་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཅི་ཐུབ་བྱེད་ཀྱིན་ཡོད། དེ་ནི་རྒན་དབྱང་ལགས་རང་ཉིད་ཀྱིས་གསུངས་པ་ནང་བཞིན“འབད་པས་མི་ཚེ་དོན་སྙིང་དང་ལྡན་པར་བྱེད་པ་ནི་གཟི་བརྗིད་དང་ལྡན་པ་ཞིག་ཡིན་ལ། ངས་རང་ཉིད་ཀྱི་ཚེ་སྲོག་སློབ་གསོའི་ལས་དོན་གྱི་ཁྲོད་དུ་འབུལ་ཐུབ”ཅེས་བཤད་ཀྱིན་ཡོད།
   ལོ་ངོ་ཉི་ཤུའི་རིང་ལ་རྒན་དབྱང་ལགས་ཀྱིས་ལོ་གསུམ་གྱི་བསླབ་ཚན་ཡོད་ཚད་སློབ་ཁྲིད་བྱེད་པའི་འགན་འཁུར་ཡོད་པར་མ་ཟད། ད་དུང་སེམས་རྣལ་མས་སློབ་ཁྲིད་ལ་གྲ་སྒྲིག་བྱ་དགོས་ཤིང་། ཁོས་ལོ་ཐོག་ལོ་བརྩེགས་ཀྱིས་བསླབ་ཚན་གཅིག་པ་དེ་སློབ་ཁྲིད་བྱེད་དགོས་མོད། འོན་ཀྱང་ཁོས་རང་ཉིད་ཀྱི་སློབ་ཁྲིད་བྱ་ཐབས་ཉིན་རྒྱུན་དུ་གསར་བསྒྱུར་བྱེད་ཀྱིན་ཡོད་ཅིང་། ཁྲིད་ཡིག་ཀྱང་གསར་བ་གསར་རྐྱང་འབྲི་བཞིན་ཡོད། ལས་བྱར་རྟགས་རྒྱག་པ་ནི་དེ་བས་ཀྱང་གཟབ་ནན་བྱེད་ཀྱིན་ཡོད་ལ། ང་ཚོས་ནམ་རྒྱུན་ཅི་ཙམ་དུ་སོང་སྟེ་རྒན་དབྱང་ལགས་ཀྱི་ལས་བྱར་རྟགས་བརྒྱབ་པར་བལྟས་ནའང་། དེའི་ཁྲོད་དུ་སློབ་མ་ཚོའི་སློབ་སྦྱོང་གི་རྣམ་འགྱུར་ཧ་ཅང་ནན་ཏན་ཡིན་པ་དང་ཡིག་གཟུགས་ལེགས་པོ་ཡིན་ལ། སྨྱུ་གུ་དམར་པོས་དག་བཅོས་བྱས་ཡོད་པའི་ཚིག་རྟགས་རེ་རེ་དང་གདེང་འཇོག་བྱས་པ་གནད་ལ་འཁེལ་བར་མ་ཟད། ད་དུང་གསར་གཏོད་ཀྱི་ཆ་ཡང་ཡོད། འདིར་ང་ཚོས་ཕུལ་བྱུང་གི་དགེ་རྒན་ཞིག་ཅི་ལྟར་གསོ་སྐྱོང་བྱེད་པ་ཤེས་འོང་ལ། རྗེས་ཕྱོགས་རྒན་དབྱང་ལགས་ཀྱིས་དེ་ལས་བཟང་བའི་རླབས་ཆེན་གྱི་བྱས་རྗེས་བཞག་ཡོང་བར་ང་ཚོར་ཡིད་ཆེས་ཡོད། ཁོས་རི་གྲོང་གི་བྱིས་པ་ཚོར་གཤོག་རྩལ་རྒྱས་པར་བྱས་ཏེ་ཕུགས་བསམ་གྱི་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པའི་ནུས་པ་སྩོལ་གྱིན་མཆིས།
   སྔ་དྲོར། བྱིས་པ་ཚོ་ཕ་ཡུལ་དང་རྒྱང་ཐག་རིང་ཞིང་འགྲོ་ལམ་ཡང་མི་བཟང་བས། སློབ་མ་མང་ཆེ་བ་ནི་སྔ་མོ་ནས་ཡར་ལངས་ཏེ་མི་འོངས་ག་མེད་ཡིན་ལ། རང་ཁྱིམ་ནས་ནངས་ཇ་འཐུང་བའི་ཁོམ་ལོངས་ཡང་གཞི་ནས་མེད། དུས་དེར་རྒན་དབྱང་ལགས་ཀྱིས་ཨ་མ་ཞིག་གི་འོས་འགན་ཁུར་དུ་བླངས་ཏེ་སློབ་མ་ཚོར་ཞོགས་ཇ་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ཁོས་སློབ་མ་རེ་རེར་བདག་སྐྱོང་གིས་ཞོགས་ཇ་བླུད་རྗེས་ཁོའི་གདོང་ལ་སྤྲོ་ལྷང་ལྷང་གི་འཛུམ་མདངས་ཤིག་མངོན་ཏེ་འོང་། རྒན་དབྱང་ལགས་འདུག་སའི་གནས་དེར་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མིན་ལ། ཁོང་རང་ལ་འགྲིམ་འགྲུལ་ཡོ་བྱད་ཡང་མེད་པར་མ་ཟད། ཁོའི་ཡོང་འབབ་ཀྱང་ཧ་ཅང་ཉུང་བ་སོགས་ཀྱི་རྐྱེན་གྱིས་ཁོའི་ལོ་རེའི་ནང་ཟ་གྱིན་པའི་སྔོ་ཚལ་ཡང་རང་ཉིད་ཀྱིས་འདེབ་གྱིན་ཡོད། རང་གི་མེ་ཁ་གསོ་བྱེད་ཀྱི་འབུད་རྒྱུ་ཡང་སློབ་མ་ཚོ་དང་མཉམ་དུ་རི་མགོར་སོང་སྟེ་ལྕི་བ་འཐུས་ཏེ་འོངས་པ་ཡིན་ལ། ཁོས་ད་དུང་འབུད་རྒྱུ་དེ་དག་རི་མགོ་ནས་མར་ཁུར་ཏེ་འོངས་དགོས།
   ས་དཀར་ཐོད་སློབ་གྲྭར་དཔེ་ཁང་བཙུགས་པ་ནས་བཟུང་། རྒན་དབྱང་ལགས་ཀྱིས་དཔེ་ཁང་གི་སྒོ་ཕྱེ་སྟེ་སློབ་མ་ཚོའི་མཐོང་རྒྱ་བསྐྱེད་ཅི་ཐུབ་བྱེད་ཀྱིན་ཡོད། འདི་ལྟ་བུའི་སློབ་གྲྭ་ཞིག་ནས་དཔེ་ཁང་ཞིག་ཕྱེ་བ་ནི་བལྟས་ཚོད་ཀྱིས་ལས་སླ་མོ་ཞིག་ཡིན་པར་འདོད་མོད་ཀྱང་། དོན་དུ་ལས་ཧ་ཅང་དཀའ་ཁག་ཡོད་པ་ཞིག་རེད། བསམ་མི་ཤེས་པའི་བྱིས་པ་འདི་དག་གིས་ད་དུང་ཅི་ལྟར་དཔེ་ཀློག་བྱ་དགོས་པ་ཤེས་ཀྱི་མེད། རྐྱེན་དབང་གིས་རྒན་དབྱང་ལགས་ཀྱིས་ཁོ་ཚོར་གཅིག་གཅིག་གཉིས་གཉིས་ཀྱིས་མཛུབ་སྟོན་བྱེད་དགོས་པར་མ་ཟད། བྱིས་པ་ཚོས་ཆེས་ཐོག་མར་སློབ་ཕྱིའི་དཔེ་ཆའི་ངོས་ཀྱི་ཤེས་བྱ་སྣ་ཚོགས་མཐོང་འཕྲལ། སེམས་ཀྱི་ཡ་མཚར་བའི་སྣང་བ་དེ་འགོག་ཐབས་མེད་པས་དགེ་རྒན་ལ་དྲི་བ་སྣ་ཚོགས་འདྲི་བཞིན་ཡོད་མོད་ཀྱང་། རྒན་དབྱང་ལགས་ཀྱིས་དེ་དག་ལ་སུན་སྣང་གང་ཡང་མེད་པར་ཡང་དང་བསྐྱར་དུ་དེ་དག་ལ་ལན་སློག་གི་མཆིས། དེ་ལྟར་བྱས་པས་སློབ་མ་ཚོས་ཀྱང་དཔེ་ཁང་ནང་གི་དཔེ་ཆ་དེ་དག་གི་ཁྲོད་དུ་ཅི་ཞིག་བཤད་ཀྱིན་ཡོད་པ་ཤེས་འོང་གིན་ཡོད་ལ། ཁོ་རང་གི་ཆེས་ཐོག་མའི་དམིགས་ཡུལ་ཡང་འགྲུབ་ཐུབ་ཀྱིན་ཡོད། རྒན་དབྱང་ལགས་ཀྱིས་གཡར་སོང་བའི་དཔེ་དེབ་ཕྱིར་བསྡུ་སྐབས་ཁོས་དཔེ་དེབ་ཨང་རིམ་བཞིན་དུ་ཕྱིར་སྒྲིག་ཅིང་། གཡར་བའི་དཔེ་དེབ་ཟིན་ཐོར་འགོད་ཀྱིན་ཡོད་ལ། དེ་ལྟར་ཁོའི་ཉིན་གཅིག་གི་དཔེ་དེབ་དོ་དམ་གྱི་ལས་མཇུག་རྫོགས་སྐབས་སེམས་སུ་དགའ་སྣང་ཆེ་ཞིག་སྐྱེས་འོང་གིན་ཡོད།
   སློབ་མའི་ཁྱིམ་བདག་ཅིག་གིས“རྒན་དབྱང་ལགས་ཀྱིས་ང་ཚོའི་སྡེ་བའི་ནང་སློབ་གྲྭའི་ནང་སློབ་ཁྲིད་བྱེད་པ་ནི་ཧ་ཅང་དཀའ་ངལ་དང་ལྡན་པ་ཞིག་ཡིན་ལ། དེའི་ཐོག་ད་དུང་ཁོ་རང་འགྲོ་འདུག་མི་བདེ་ནའང་མི་གཅིག་པུས་སློབ་གྲྭའི་བྱ་བ་ཡོངས་ལས་དགོས་པར་མ་ཟད། ཁྱིམ་དུ་ལོག་ན་ད་དུང་ཡང་ལས་ཀ་བྱས་དགོས་པས་དངོས་གནས་དཀའ་ངལ་ཆེན་པོ་རེག་གིན་ཡོད། འོན་ཀྱང་ཁོས་དཀའ་ངལ་རེ་རེ་བཞིན་ཁྱད་གསོད་བྱས་པར་མ་ཟད། ང་ཚོའི་སྡེ་བའི་བྱིས་པ་ཚོར་ཡོན་ཏན་འབྱོར་དུ་འཇུག་གིན་ཡོད་པས་ཁོ་ནི་དངོས་གནས་ང་ཚོའི་དྲིན་ཆེན་ཡིན།”ཅེས་བཤད་ཀྱིན་ཡོད།
   ལོ་ངོ་ཉེར་དྲུག་རིང་གི་དཀའ་སྤྱད་འབད་བརྩོན་གྱིས་ཁོ་རང་གི་བྱ་བཞག་ལ་གྲུབ་འབྲས་མི་དམན་པ་ཐོན་ཡོད་ཅིང་། ལོ་ངོ་ཉི་ཤུའི་ནང་གི་ལོ་ངོ་བཅུ་གསུམ་གྱི་རིང་དུ་ཁོ་ལ་སློབ་ཁུལ་ཡོངས་ཀྱི“ཕུལ་བྱུང་དགེ་རྒན”གྱི་གཟེངས་རྟགས་ཐོབ་ཡོད་པར་མ་ཟད། ཁོ་རང་ཡོད་སའི་སློབ་གྲྭ་དེར་ལོ་རེའི་ནང་ཐུན་མོང་གི་གཟེངས་རྟགས་གཉིས་ནས་གསུམ་ཐོབ་ཀྱིན་ཡོད། ༢༠༡༣ལོའི་ཟླ༨པའི་ནང་ཁོ་རང་ལ་ཀན་སུའུ་ཞིང་ཆེན་གྱི་ཆེས་ལེགས་པའི་ཞིང་གྲོང་དགེ་རྒན་གྱི་མཚན་སྙན་ཐོབ་ཅིང་།  ༢༠༡༤ལོར་ཁོ་རང་ལ་ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཀན་ལྷོ་ཁུལ་ཤེས་དཔལ་གཞུང་དོན་ཁང་གིས་བསྩལ་བའི“ཀྲུང་གོའི་ཕུགས་བསམ། ཆེས་ལེགས་པའི་ཀན་ལྷོའི་མི་སྣའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། ༢༠༡༧ལོའི་ཟླ༡༢པར“ཡང་ཆེས་ལེགས་པའི་ཅོ་ནེ་བ”ཞེས་པའི་མཚན་སྙན་སོགས་གཟེངས་རྟགས་མང་པོ་ཐོབ་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།