中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།།མི་རིགས་སློབ་གསོ་བ་རྒྱ་ནག་པ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་ལགས་ཀྱི་གནས་ཚུལ་རགས་བཀོད།
དུས་ཚོད།2016-08-12 11:46:33     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ལྷ་མོ་ངག་དབང་སྦྱིན་པ།     ཆུང་། | འབྲིང་། | ཆེ།
    རྒྱ་ནག་པ་སྐུ་ཕྲེང་བཞི་བ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་ཚང་ནི། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་བཞག་སྡོམ་དུ་སྤྱི་ལོ1947ལོར་སྐུ་བལྟམས། དགུང་གྲངས་བཞིའི་སྟེང་གདན་ས་ནས་ཁ་དར་འཐེན་ཏེ་ངོས་འཛིན་མཛད། དགུང་གྲངས་དྲུག་གི་སྟེང་ལ་དགའ་ལྡན་བཤད་སྒྲུབ་པད་མ་དཀར་བོའི་གླིང་དུ་གདན་དྲངས་ཏེ་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་མི་འཇིགས་སེང་གེའི་ཁྲི་ལ་བཀོད་དེ་ཁྲི་སྟོན་རྒྱ་ཆེར་བྱས། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཚང་དང་ཡོངས་འཛིན་ཡོན་ཏན་རབ་རྒྱས་ཚང་སོགས་ཡོངས་འཛིན་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། ཡི་གེ་ཕྲད་སྦྱོར་ནས་བཟུང་སློབ་པ་ཙམ་གྱིས་མཁྱེན་རྩལ་ཡངས་པས་རིག་པའི་གནས་ལ་དཀའ་ཚེགས་མེད་པར་མཁྱེན་པའི་ཚུལ་བསྟན་པས་བླ་སློབ་ཐམས་ཅད་ཀྱི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར།
     ཁོང་ཉིད་དགུང་ལོ་བཅུ་གཉིས་སྟེང་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གི་སྟོབས་ཀྱིས་དུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་སྐབས་རེ་ཞིག་འཁྲུངས་ཡུལ་སོགས་ནས་ཡོངས་འཛིན་ཚང་དང་ལྷན་དུ་བཞུགས་ཏེ་སྔར་གྱི་ཐོས་བསམ་གྱི་འཕྲོ་གསང་རྒྱའི་ངང་དུ་སྦྱོང་དགོས་བྱུང་། དེ་ནས་ཀན་ལྷོ་ཁུལ་ཆབ་སྲིད་སྦྱོང་བརྡར་འཛིན་གྲྭར་ཞུགས་ཏེ་རྒྱ་ཡིག་དང་། རྒྱ་སྐད། ཆབ་སྲིད་སྐོར་སོགས་ལ་བསླབ། ཕྱིས་སུ་འཁྲུངས་ཡུལ་དུ་ཕེབས་ཏེ་ཕྱུགས་ཟོག་གི་སྨན་པ་མཛད་དེ་སྨན་གཞུང་སྐོར་ལ་གཟིགས་རྟོག་གནང་། རུ་ཆེན་གྱི་ཆབ་སྲིད་མཚན་མོའི་སློབ་གྲྭའི་དགེ་རྒན་དང་། སྐར་དམར་ཀུང་ཧྲེའི་ཕྱུགས་ཟོག་སྨན་པའི་དགེ་རྒན་བྱས། ཞར་ལ་མཁས་པའི་དབང་བོ་ཨ་ཁུ་ཉི་མ་ཚང་ལས་རིག་གནས་སྐོར་གསན་སྦྱོང་ཞིབ་ཏུ་གནང་། བཻ་སྔོན་སོགས་སྨན་གཞུང་སྐོར་མང་བོ་ཕྱག་བྲིས་གནང་སྟེ་སྣུམ་དཔར་ལ་བཏབ། ཡུལ་ཚོའི་ཕྱུགས་བཅོས་སྨན་ཁང་ནས་ལྔ་བདུན་སློབ་གྲྭའི་དགེ་རྒན་བྱས་ཏེ་སུམ་རྟགས་དག་གསུམ་དང་། སྨན་གཞུང་སྐོར་མཛུབ་ཁྲིད་གནང་སྟེ་སློབ་མ་བརྒྱ་ཕྲག་ཁ་ཤས་སྐྱེད་སྲིང་བྱས། ཕྱུགས་བཅོས་སྨན་ཁང་གི་ཚོད་ལྟ་ཚོགས་ཆུང་གི་འགན་བཞེས་ཏེ་དུས་ཚིགས་སོ་སོར་ཕྱུགས་རིགས་འཚོ་སྐྱོང་བྱེད་ཚུལ། རང་བྱུང་གི་གནོད་འཚེ་འགོག་ཐབས། རྩྭ་ཆུ་ལས་བྱུང་བའི་ཕྱི་ནང་གི་འབུ་རིགས་ཀྱི་ནད་བྱུང་ཚུལ་དང་འགོག་བཅོས་བྱེད་ཐབས་སོགས་ལ་མཛོད་དགེ་རྫོང་སྨན་པའི་རིག་གཞུང་སློབ་ཚོགས་ཀྱི་བྱ་དགའ་སོགས་ཐེངས་མང་ཐོབ་སྟེ། སྔོན་ཐོན་ཚན་རིག་ཚོད་ལྟའི་ཚོགས་གཙོ་ལ་བདམས་ཐོན་བྱུང་། སྐབས་ཤིག་ཀན་སུའུ་དང་། ཡུན་ནན། ཤིན་ཅང་། མཚོ་སྔོན། ལྷ་ས་སོགས་ཞིང་ཆེན་མང་བོ་ནས་རང་སར་ལྟ་སྐོར་དུ་ཕེབས་པ་དང་འབྲེལ་ཕྱུགས་ནད་སྨན་བཅོས་སློབ་སྦྱོང་ཐད་ཁོང་ཉིད་ཀྱིས་ཀྱང་སྦ་གསང་མེད་པར་མྱོང་ཁྲིད་མཛད་པས་དེ་རྣམས་ཀྱིས་ཁོང་གི་མཁྱེན་རྩལ་ལ་བསྔགས་བརྗོད་རྒྱ་ཆེར་བྱས།《ཕྱུགས་ནད་བརྟག་བཅོས་མྱོང་གྲུབ་རིན་པོ་ཆེའི་དོ་ཤལ》ཞེས་པ་དང་།《ཕྱུགས་སྨན་གསལ་སྟོན་ཀུན་ཕན་བདུད་རྩིའི་འབྱུང་གནས》《སྨན་སྦྱོར་གནས་པའི་མེ་ལོང》ཞེས་པ་སོགས་གསར་རྩོམ་མཛད་པ་མ་ཟད། རྔ་བ་ཁུལ་འཕྲོད་བསྟེན་སློབ་གྲྭ་བོད་སྨན་སློབ་སྦྱོང་འཛིན་གྲྭའི་སློབ་དེབ་དུ་མ་རྩོམ་སྒྲིག་གནང་། མཛོད་དགེ་རྫོང་ལྔ་བདུན་སློབ་གྲྭའི་དགེ་རྒན་མཛད་དེ་རིག་གཞུང་སྐོར་མང་བོ་སློབ་ཁྲིད་བྱས་ཏེ་སློབ་མ་སུམ་བརྒྱ་ལྷག་ལ་ཕན་འབྲས་ཆེན་པོ་བྱུང་། ཡང་དེའི་ཞོར་དུ་རྣམ་ཐར་དང་ལོ་རྒྱུས་བརྩམས་སྒྲུང་སྐོར་ལ་ཞིབ་འཇུག་དངོས་སུ་གནང་སྟེ།《ཧོར་གླིང་གཡུལ་འགྱེད》དང《སྟག་གཟིག་ནོར་རྫོང》《བདུད་གླིང་གཡུལ་འགྱེད》《ཇོ་རུའི་རྟ་རྒྱུག》《ཐོན་མིས་ཡི་གེ་བཟོས་ཚུལ》《སྲོང་བཙན་སྒམ་པོའི་རྣམ་ཐར》《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》《སྣང་ས་འོད་འབུམ་གྱི་རྣམ་ཐར》སོགས་འཁྲབ་ཁྲིད་མཛད། ས་གནས་སོ་སོར་གཟིགས་འབུལ་གནང་ནས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་བྱ་དགའ་མང་བོ་ཐོབ། ལྷག་པར་སི་ཁྲོན་འབའ་ཐང་ནས་རྫོང་ཁག་བཅོ་བརྒྱད་ཀྱིས་ཟློས་གར་འགྲན་བསྡུར་བྱེད་སྐབས《སྣང་ས་འོད་འབུམ》འཁྲབ་རྩེད་བྱས་པར་བྱ་དགའ་ཨང་དང་བོ་ཐོབ་པ་སོགས་བོད་ཀྱི་ཟློས་གར་སྐོར་ལའང་བྱས་རྗེས་ཆེན་པོ་བཞག
     ཁོང་ཉིད་དགུང་གྲངས་སོ་བཞིའི་སྟེང་ཆོས་སྒོ་གསར་དུ་འབྱེད་པའི་སྐལ་བ་བྱུང་སྐབས། ཁོང་གིས་སེར་སྐྱ་བརྒྱ་ཕྲག་གཅིག་ལ་ཉེ་བ་སྐུ་རྗེས་སུ་ཁྲིད་དེ་ལྷ་སའི་སེ་འབྲས་དགེ་གསུམ་དང་གཙང་བཀྲ་ཤིས་ལྷུན་པོ། ས་སྐྱ། རྒྱལ་རྩེ། སྐུ་འབུམ་དང་བླ་བྲང་སོགས་ལ་མཇལ་སྐོར་དུ་ཕེབས་ཏེ་བསྟན་འགྲོའི་དོན་ལ་ཐུགས་དམིགས་རྒྱ་ཆེར་མཛད་དེ་འབྲེལ་འཇོག་སོགས་མཛད། སྤྱི་ལོ1981ལོར་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ལ་བདམས་པ་ནས་བཟུང་། སྔར་ལས་ལྷག་པར་རྫོང་ཁག་སོ་སོའི་སློབ་མ་ལྔ་བརྒྱ་ཡས་མས་ལ། སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག རྩིས་ས་རིས། མངོན་བརྗོད། ཟློས་གར། སྨན་གཞུང་། སློབ་དེབ་སྐོར་སོགས་ཞིབ་ཁྲིད་གནང་། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གིས1982ལོར་པེ་ཅིན་དང་ཁྲའོ་ཤན་ཡན་པེན་སོགས་སུ་གཟིགས་སྐོར་ལ་ཁྲིད།《བོད་གངས་ཅན་གྱི་བྱུང་བ་བརྗོད་པ་རིན་པོ་ཆེའི་དོ་ཤལ》དང་།《སུམ་ཅུ་བའི་སྙིང་བོ་བློ་གསལ་བདེ་ལམ》《དག་ཡིག་ཉེར་མཁོ་རིག་པའི་སྒོ་འབྱེད》སོགས་གསུང་རྩོམ་པོད་གསུམ་ལྷག་བརྩམས།
     སྤྱི་ལོ1987ལོར་ཀན་སུའུ་ཀླུ་ཆུ་རྫོང་གི་ཏང་སྲིད་འགོ་ཁྲིད་པ་དང་རྫོང་སློབ་གསོ་སྡེ་ཁག་གི་འགན་ཁུར་བ་རྣམས་གྲོས་མཐུན་གྱིས་རིག་གནས་སློབ་གསོ་ཡར་རྒྱས་ཡོང་དགོས་ན་དགེ་རྒན་མཁས་ཆེན་རེ་དགོས་ཚུལ་གླེང་སྟེ་ཁོང་ཉིད་གདན་འདྲེན་བྱས་ཤིང་གོང་རིམ་ལ་གནང་ཞུས་མཐར། ཀླུ་ཆུར་ཕེབས་ཏེ་བོད་རིགས་སློབ་འབྲིང་གི་སློབ་དཔོན་གཞོན་པའི་འགན་ཁུར། སློབ་གྲྭའི་ཚོགས་འདུ་འཚོགས་ནས་ཕྱིན་ཆད་ཀྱི་ལས་དོན་སློབ་ཁྲིད་སྐོར་ལ་གྲོས་བསྡུར་ཞིབ་ཏུ་གནང་ཞིང་། དེ་ནས་ཆབ་སྲིད་དང་རྒྱ་ཡིག  རྩིས་རིག  བོད་ཡིག  དངོས་ལུགས་དང་རྫས་འགྱུར་སོགས་ཀྱི་དུས་ཚོད་དམ་འཛིན་གྱི་སློབ་ཁྲིད་གནང་། སློབ་མའི་ཆུ་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་ངེས་ཅན་དུ་ཐོན་དགོས་ཚུལ་སོགས་ཀྱི་བསླབ་བྱ་དགེ་སློབ་ཡོངས་ལ་བསྩལ། ཨ་ལགས་རབ་བརྟན་རྒྱ་མཚོ་ཚང་སོགས་སློབ་གྲྭར་གདན་དྲངས་ཏེ་བསླབ་བྱ་མང་བོ་གནང་དུ་བཅུག་པ་སོགས་ཐབས་མཁས་ལ་བརྟེན་ནས་ལོ་འཁོར་རེ་གཉིས་ནང་དུ་སློབ་གྲྭའི་ཕྱོགས་སོ་སོའི་བྱ་བ་སྔར་ལས་བརྒྱ་འགྱུར་གྱིས་གོང་འཕེལ་བྱུང་། དེ་ནས་དགེ་རྒན་གྱི་རིག་གནས་བྱང་ཚད་ཇེ་མཐོར་གཏོང་དགོས་པར་གཞིགས་ནས། དུས་ཚོད་དམ་འཛིན་ལྟར་དགེ་སློབ་ཡོངས་ལ་སློབ་ཁྲིད་གང་མཁོ་ཉིན་མཚན་བར་མེད་དུ་གནང་བས་ཀུན་གྱི་ཡིད་དབང་རབ་ཏུ་ཚིམས་པར་མཛད། ལྷ་མོ་དགོན་དུ་ཆེད་དུ་ཕེབས་ཏེ་བླ་གྲྭ་བདུན་ཅུ་ལྷག་ལ་སུམ་རྟགས་དག་གསུམ་དང་ལཉྩ། ཝརྟུ། རྩིས་ས་རིས། ཡི་གེ་དཀར་ནག་སོགས་ཞིབ་ཁྲིད་མཛད། སློབ་གྲྭ་ནས་འཛམ་གླིང་གི་དུ་བ་གཅོད་པའི་ཉིན་མོ་དང་བསྟུན་ནས་དགེ་སློབ་ཡོངས་ཀྱིས་ཁོང་གི་བཀའ་གནང་བ་ལྟར་མདུན་དུ་ཆང་དང་དུ་བ་བཅད་པས་ཐུགས་ཤིན་ཏུ་མཉེས། ད་དུང་གླིང་བ་སྨད་མའི་ལབ་རྩེ། བཞག་སྡོམ་ཧུ་རའི་ལབ་རྩེ། རྫས་ཚའི་ལབ་རྩེ་སོགས་སྔ་ཕྱིར་མང་དུ་བསྟད་ཅིང་། དེ་དག་གི་བསང་ཡིག་ཀྱང་འཕྲལ་དུ་གསར་རྩོམ་མཛད། 1988 ལོར་ཁོང་གིས་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་རེབ་དང་བོའི་མཐོ་འབྲིང་སློབ་མ་ཉེར་བདུན་བསྡུས་ཤིང་། 1990ལོར་སློབ་མ་བཅུ་དགུས་ཕུལ་བྱུང་རྒྱུགས་འབྲས་བླངས་ནས་སློབ་གྲྭ་ཆེན་མོར་འགྲོ་ཐུབ་པ་བྱུང་། ཁོང་ཉིད་ཀྱི་མཚན་སྙན་དཔྱིད་ཀྱི་དཔལ་མོ་ཕྱོགས་ཀུན་ཏུ་གྲགས་པས། ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། གཙོས་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་སོགས་ནས་གདན་འདྲེན་ཡང་ཡང་ཞུས་ཀྱང་ཀླུ་ཆུ་ས་ཆའི་མི་རིགས་སློབ་གསོར་ཁོང་ཉིད་གལ་ཆེ་བར་དགོངས་ཏེ་མ་ཕེབས། ཞར་ལ་གཟིམ་ཤག་ཏུ་དགོན་སྡེ་ཁ་ཤས་ཀྱི་དོན་གཉེར་ཅན་དུ་མར་གང་མཁོའི་དཔེ་ཁྲིད་བསྩལ། 1989ལོར་ཡང་སློབ་གྲྭ་ཆེ་ཆུང་གི་སློབ་ཁྲིད་དང་། སློབ་གསོ། རྒན་བཀུར། ཡ་རབས་སྤྱོད་བཟང་། མྱུར་འགྲུབ་སློབ་གཞི་སོགས་དམ་འཛིན་དང་བཀོད་སྒྲིག་ཐུགས་འགན་བཞེས་ཏེ་གསུང་བཀོད་གནང་བས་ཡར་རྒྱས་མངོན་གསལ་བྱུང་། ལོ་དེར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་སྔོན་ཐོན་སྡེ་ཁག་ཏུ་བདམས་ནས་བྱ་དགའ་ཐོབ།《བོད་གངས་ཅན་གྱི་བྱུང་བ་བརྗོད་པ》སོགས་ཀྱི་དཔྱད་རྩོམ་ཁ་ཤས་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཁས་དབང་མང་བོའི་བསྔགས་བརྗོད་ཐོབ་ཅིང་ཀྲུང་གོའི་མཐོ་རིམ་དགེ་རྒན་ཆེན་མོའི་མིང་རྟགས་ཀྱང་ཐོབ། ལོ་འདིར་མཐོ་རིམ་རྒྱུགས་སྤྲོད་དུ་རྒྱུགས་སྤྲོད་མཁན་ཡོངས་ཀྱིས་སློབ་ཆེན་དུ་རྒྱུགས་འབྲས་བརྒྱ་ཆའི་དགུ་བཅུ་ཡན་ཟིན་པ་ཤ་སྟག་བྱུང་བས་ཁུལ་ཡོངས་ཀྱི་ཨང་དང་བོར་གྱུར། ཁོང་ཉིད་དགུང་གྲངས་ཞེ་བཞི་བ་སྟེ་སྤྱི་ལོ1990ལོར་སློབ་གྲྭའི་བྱ་བ་གཙོ་བོའི་ཐུགས་འགན་བཞེས་ཚེ། ཀླུ་ཆུའི་བོད་རིགས་སློབ་འབྲིང་གི་མཚན་སྙན་ཞིང་ཆེན་མང་བོར་ཁྱབ་པས། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་ཁ་ཤས་དང་། དར་མདོ་དགེ་འོས་སློབ་གྲྭ་དང་། འབའ་ཐང་དགེ་འོས་སློབ་གྲྭ་བཅས་ཀྱིས་ཆེད་དུ་གདན་དྲངས་ནས་སློབ་ཁྲིད་མྱོང་ཚོར་སྐོར་ཀྱང་སྦ་གསང་མེད་པར་གསལ་བར་གསུངས་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྐབས་དེར་དངོས་གནས་སློབ་མ་ཚོར་གོ་རྟོགས་ཡར་རྒྱས་མངོན་གསལ་བྱུང་སྟེ། དགེ་རྒན་ལ་གུས་བཀུར་ཆེ་བ་དང་སློབ་སྦྱོང་ལ་བརྩོན་འགྲུས་ལྡན་པ། རང་རྟོགས་ཀྱིས་སྒྲིག་ལམ་བརྩི་བ། གཙང་སྦྲ་གོམས་གཤིས་ཅན་དུ་གྱུར་པ། ཀུན་སྤྱོད་གཙང་བ། གྲོགས་ཕན་ཚུན་བར་ལ་སྙིང་ཉེ་ཞིང་མཐུན་སྒྲིལ་བཟང་བ། ཐུན་མོང་གི་རྒྱུ་རྫས་ལ་གཅེས་སྤྲས་བྱེད་པའི་གོམས་གཤིས་ཆགས་པ་སོགས་ཡ་རབས་སྤྱོད་བཟང་ཀུན་གྱི་རྒྱུད་ལ་ཆགས། ཁོང་ཉིད་ཀྱིས་སློབ་གསོ་དང་སློབ་ཁྲིད་ལ་ཐུགས་ངལ་གལ་ཆེན་གནང་བ་དང་རང་གི་བསྙུང་གཞི་གལ་ཆུང་དུ་བྱས་ཏེ་བཞག་པས་གློ་བུར་དུ་ནད་གཞི་ཚབས་ཆེན་དུ་སོང་སྟེ་རྫོང་སྨན་ཁང་དུ་བཞུགས་དགོས་བྱུང་། ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་ཁོང་ལ་མཐོང་ཆེན་བྱས་ནས་ཞིང་ཆེན་དང་ཁུལ་གྱི་སྨན་པ་གྲགས་ཅན་དུ་མ་གདན་དྲངས་ཏེ་ཞིབ་བརྟག་བྱེད་དུ་བཅུག  ཡིན་ཡང་སྤྱི་ལོ1991ལོའི་ཟླ6ཚེས29ཉིན་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་སོ། ཁོང་ཉིད་འཚོ་བཞུགས་ཀྱི་དུས་སུ་ཀྲུང་གོའི་མཐོ་རིམ་དགེ་རྒན་ཆེན་མོ་དང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཕུལ་བྱུང་ཅན་གྱི་སློབ་འབྲིང་དགེ་རྒན། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་དཔོན་གཞོན་པ། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཀླུ་ཆུ་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་ཐུགས་འགན་བཞེས།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།